གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༩ཉིན།

རོང་བྲག་རྫོང་གི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་མེ་ལུང་འཁྱིལ་མཚོའི་སྟོད་རྒྱུད་ཀྱི་ཆུ་གནས་མུ་མཐུད་མར་ཆག་པ།

     གསར་འགོད་པས་དཀར་མཛེས་ཁུལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་17ཉིན་གྱི་ཆུ་ཚོད་16བར། སི་ཁྲོན་དཀར་མཛེས་རོང་བྲག་རྫོང་ཁོངས་ཀྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཁྱོན་གནས་10རུ་ཡོད་པ་དང་། འགྲོ་ལམ་སྟོང་སྨི་22.46ཙམ་ལ་གཏོར་སྐྱོན་ཕོག་པ་དང་། ཆུ་རགས་སྤྱི་ལེ་32ཙམ་ལ་གཏོར་སྐྱོན་ཕོག་པ། ཆུ་ལམ་དུ་བྱེ་འདམ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་500བསགས་པ། རྨོ་ཞིང་མུའུ་718.1ཙམ་ལ་གནོད་སྐྱོན་ཕོག་པ་བཅས་རེད། ད་ལྟ་མེ་ལུང་ཤུར་གྱི་འཁྱིལ་མཚོའི་འཁྱིལ་གཟུགས་གཏོར་ཟིན་ལ། འཁྱིལ་མཚོའི་སྟོད་རྒྱུད་ཀྱི་ཆུ་གནས་མུ་མཐུད་ཆག་པ་རེད། རོང་བྲག་རྫོང་ཆུ་བེད་ཅུས་ཀྱིས་གཞི་གྲངས་ལྡོག་འདྲེན་བྱས་པ་ལ་གཞིགས་ན། ཆུ་ཚོད་16དང་སྐར་མ་35བར་ཆུ་གནས་ནི་སྨི་2300.15ཡིན། སྨི་0.02འགན་ལེན་ཚད་བརྒལ་བྱུང་བ་དང་། སྨི་0.35ཉེན་རྟོག་ཚད་ལས་བརྒལ་ཡོད། ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་452བཅས་ཟིན་ཡོད། སྒོ་ཕྱེད་གྲོང་རྡལ་ཨ་ཉང་ལུང་གྲོང་ཚོ་དང་། ཀན་ཀྲི་གྲོང་ཚོའི་སྡོད་ཁང་གཞི་རྩའི་ཆ་ནས་ཆུས་གཏོར་ཟིན་ལ། རིམ་རྩིས་བྱས་ན་མི་ཁྲི་2ལྷག་ཙམ་ཁ་བཀྲམས་པ་རྫོང་མཁར་དུ་གཅིག་སྡུད་བཀོད་སྒྲིག་དང་། གཉེན་ཉེ་དང་གྲོགས་པོར་བརྟེན་པ། གུར་ཕུབ་པ་སོགས་བརྒྱུད་གནོད་འཚེ་ཕོག་པའི་མང་ཚོགས་6000ལྷག་ཙམ་དང་དགེ་སློབ་1100ལྷག་ཙམ་བཀོད་སྒྲིག་བྱས་ཟིན་པ་རེད།

     མདུན་ཕྱོགས་ཀྱི་གེགས་སེལ་མི་སྣས་ཡུལ་དངོས་ནས་ཞུས་པའི་གནས་ཚུལ་ལྟར་ན། གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་2(ཧོང་ཡུང་ཁང་། ཕོ། ལོ་50ཡིན། བོད་རིགས། གནས་ཆེན་རྒྱལ་མོ་དམུ་རྡོ་གྲོང་རྡལ་ལ་སྟེང་གྲོང་ཚོའི་མི་ཡིན། ཙེང་ཁྲའོ་ལིན། ཕོ། ལོ་75ཡིན། སྒོ་ཕྱེད་སློབ་འབྲིང་གི་ལས་འཁྱུར་དགེ་རྒན་ཡིན)ནི་གནས་སྤོ་བའི་ལམ་བར་དུ་གར་སོང་ཆ་མེད་དུ་སོང་བ་ཡིན་འདུག 


     གནོད་འཚེ་བྱུང་རྗེས། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་གློག་འཕྲིན་ཀུང་སི། མན་དབྱང་ཉིང་ལག་རུ་ཁག་གཉིས་པ་སོགས་ཞིང་ཆེན་དང་ཁུལ་གྱི་ལས་དོན་ཚོགས་ཆུང་16རོང་བྲག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་ཅིང་། ད་ཆ་དཔུང་ཁག་7ཡུལ་དངོས་སུ་འབྱོར་ཡོད་ཅིང་། གཞན་པའི་དཔུང་ཁག་9རོང་བྲག་ལ་འགྲོ་བའི་ལམ་བར་དུ་ཡོད། རོང་བྲག་རྫོང་གི་ཁ་གཏད་རོགས་སྐྱོར་ཚན་པ་ཁྲེང་ཏུའུ་ཁྲེང་ཧྭ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་100གྲབས་གསོག་བྱས་ནས་རོང་བྲག་རྫོང་གི་ཉེན་སེལ་གེགས་སེལ་ལས་དོན་ཐད་སྤྱད་པ་རེད། རྔ་པ་ཁུལ་བཙན་ལྷ་རྫོང་གིས་འཁྱིལ་མཚོའི་སྟོད་རྒྱུད་ཀྱི་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་བྱས་པ་རེད། 


     རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། དཀར་མཛེས་ཁུལ་གྱིས་འཕྲལ་མར་ཐབས་མང་མཉམ་སྤྱོད་ཀྱིས་ཉེན་སེལ་རོགས་སྐྱོབ་བྱས་ཤིང་། དཀར་མཛེས་ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་རིམ་པ་བཞི་པའི་འབྲུབ་འགོག་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད། རོང་བྲག་རྫོང་གིས་འཕྲལ་སྡོམ་རིམ་པ་གསུམ་པ་དང་ལེན་བྱེད་འགོ་ཚུགས་ཤིང་། རོང་བྲག་རྫོང་གི“6·17”ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུའུ་བཙུགས་པ་དང་། དེའི་འོག་ཏུ་ཆེད་དོན་ལས་དོན་ཚོགས་ཆུང་13བཙུགས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཐེབས་པའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། མིག་སྔར་ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་ལྡན་པ་དང་། གོ་རིམ་ལྡན་པ།  ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་བཞིན་ཡོད། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག གཞི་རིམ་གྱི་ཡུལ་དམག   མེ་ཟོན་རོགས་སྐྱོབ་དཔུང་ཁག ནགས་ཚལ་མེ་ཟོན་རོགས་སྐྱོབ་དཔུང་ཁག་བཅས་དང་དེ་བཞིན་འགྲིམ་འགྲུལ་དང་། གློག་ཤུགས། ཆུ་བེད། འཕྲིན་གཏོང་སོགས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཛ་དྲག་ངང་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་བསྐྱོད་ནས། གར་སོང་ཆ་མེད་གྱུར་བའི་མི་སྣ་འཚོལ་ཞིབ་དང་། ཉེན་གྱར་མང་ཚོགས་འཚོལ་སྐྱོབ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད། འཁྱིལ་མཚོའི་སྨད་རྒྱུད་ཀྱི་འཕྲིན་གཏོང་གཞི་རྩའི་ཆ་ནས་སླར་གསོ་བྱུང་བ་དང་སྟོད་རྒྱུད་དང་མཐའ་འཁོར་གྱི་འཕྲིན་གཏོང་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་བཞིན་ཡོད། རོང་བྲག་རྫོང་གིས་གེགས་སེལ་དངོས་ཟོག་ཁག་དང་པོ(གུར་120དང་། སྲིང་བལ་ཉལ་ཐུལ་300 འབྲས་རྒྱ་མ་1000 གྲོ་ཞིབ་རྒྱ་མ་300 ཚལ་སྣུམ་རྒྱ་མ་500 རྒྱ་ཐུག་རྒྱ་མ་500)བཀོད་སྒྲིག་བྱས་ཏེ་ལམ་ཐིག་དབྱེ་ནས་གནོད་འཚེ་ཕོག་པའི་ཞང(གྲོང་རྡལ)དང་གྲོང་ཚོ་དང་ཚོགས་ཆུང་ལ་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་རེད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1