༄༅།།གང་འདོད་དུ་གཉིད་མི་རུང་དུས་སྐབས་ལྔ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བདེ་ཆེན་བོད་ཡིག་སྨྱན་བྱད། སྤེལ་དུས། 06-19



        མི་ཞིག་གི་མི་ཚེ་གང་བོའི་ནང་དུ་གཉིད་པའི་དུས་ཚོད་ཀྱིས་གསུམ་ཆའི་གཅིག་བཟུང་ཡོད་ཅིང་གཉིད་མ་ཁུག་ན་ང་ཚོའི་འཚོ་བ་དང་བྱ་བར་ཤུགས་རྐྱེན་བཟོ་བ་ལས་གཞན།ལུས་ཀྱི་རིམས་འགོག་ནུས་པ་ཇེ་ཞན་དུ་བཏང་ནས་ང་ཚོའི་ལུས་ཕུང་གི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།   

དང་པོ།    དགོང་མོ་གཉིད་དགོས་པ་དང་ཞོགས་པར་གཉིད་མི་རུང་། 
        དེང་སང་གི་མི་རྣམས་ཀྱི་དགོང་མོའི་འཚོ་བ་སྣ་མང་ཕུན་སུམ་ཚོགས་པ་ཡོད་པས་མི་མང་པོ་ཞིག་དགོང་མོ་ཉལ་མི་འདོད་པ་དང་ཞོགས་པ་མས་ལས་ལངས་མི་འདོད་པ་དེ་རེད།  
        དགོང་མོ་གཉིད་མ་ཁུག་ན་མཆིན་པ་དང་མཁལ་མར་ངལ་གསོའི་དུས་ཚོད་ཀྱིས་མ་འདང་བས་སླར་གསོ་བྱེད་དཀའ་བ་དང་ནུས་པ་ཇེ་ཞན་དུ་སོང་ན།ལུས་པོའི་ནང་གི་ཟགས་ཐོན་དོ་མཉམ་མིན་པ་དང་། རིམས་འགོག་ནུས་ཤུགས་ཇེ་ཞན་དུ་སོང་ནས། ནད་རིགས་སྣ་ཚོགས་འབྱུང་ཉེན་ཡོད།  ཡུན་རིང་བོར་མཚན་འགྱངས་བྱས་ན་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་སྲིད། 
         ཉིན་མོའི་དུས་སུ་དུས་ལྟར་ཡང་ལངས་མི་ཐུབ་པས་ནངས་ཇ་དང་དྲོས་ཇ་མཉམ་དུ་འཐུང་བའི་གོམས་གཤིས་ཤིག་ཀྱང་ཆགས་པར་འཚོ་བའི་གོ་རིམ་ནོར་ན་ལུས་ཕུང་ལ་གནོད་པ་ཧ་ཅང་ཆེ། 

  གཉིས་པ།   ཁོང་ཁྲོ་ལངས་བཞིན་གཉིད་མི་རུང་།
        ང་ཚོ་ཚང་མས་ཤེས་གསལ་ལྟར་ཁོང་ཁྲོ་ཆེ་ན་ལུས་ལ་གནོད་པ་དང་།གནད་དོན་མང་པོ་ཞིག་ནི་ཁོང་ཁྲོ་ལངས་པའི་རྐྱེན་གྱིས་བྱུང་བ་རེད། ཁོང་ཁྲོ་ལངས་བཞིན་གཉིད་ན་གཉིད་མི་ཁུགས་པ་མ་ཟད་གཉིད་ཀྱང་སད་སླ་བ་རེད།  གཉིད་ཀྱིས་མ་འདང་ན་རྣམ་ཤེས་མི་གསལ་ལ་རྒས་འཁོགས་སུ་འགྱུར་ཚད་ཇེ་མགྱོགས་ལ་འགྲོ་བ་རེད། 

གསུམ་པ། ཆང་གི་བཟི་རྗེས་གཉིད་མི་རུང་།
        ཆང་གིས་བཟི་རྗེས་གཉིད་ཀྱང་མི་རུང་བའི་རྒྱུ་མཚན་ནི་ལུས་ནང་གི་དབང་རྩ་ལ་ཆང་བཅུད་ཀྱི་ཕོག་ཐུག་ཐེབས་ཡོད་པས་སྦྲིད་པའི་གནས་ཚུལ་འབྱུང་སླ་བ་དང་།དབུགས་འབྱིན་རྔུབ་ལ་གནད་དོན་འབྱུང་སླ་བ་རེད། ཆང་གིས་བཟི་རྗེས་མི་མང་པོ་ཞིག་ལ་སྐྱུག་མེར་ལངས་པ་དང་སྐྱུག་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་ཅིང་མིད་པ་དང་དབུགས་འགག་པའི་ཉེན་ཁ་འབྱུང་ཉེན་ཡོད། 

བཞི་པ། ཟ་མ་ཟོས་མ་ཐག་ཏུ་གཉིད་མི་རུང་།
        རྒྱུ་མཚན་ནི་ཟ་མ་ཟོས་རྗེས། ལུས་པོའི་ནང་གི་ཁྲག་རྒྱུན་ནི་ཕོ་བ་དང་རྒྱུ་མའི་མཁོ་སྤྲོད་བྱེད་པར་བྲེལ་བཞིན་ཡོད་ཅིང་ཟས་འཇུ་བར་རོགས་རམ་བྱེད་ཀྱི་ཡོད་ལ།ཀླད་པར་དུས་ཡུན་ཐུང་ངུའི་ནང་ཁྲག་དང་དབྱང་དབུགས་མི་འདང་བའི་སྣང་ཚུལ་བྱུང་ནས་མགོ་ཡུར་ཅུང་ཙམ་འཁོར་བའི་རྣམ་པ་ཡང་བྱུང་དུས་ཡོད།  གལ་ཏེ་སྐབས་འདིར་ཀླད་པའི་དགོས་མཁོ་དང་བསྟུན་ནས་ཐད་ཀར་གཉིད་ན་ང་ཚོའི་ཕོ་རྒྱུའི་ཁུར་པོ་ལྗིད་དྲགས་པས།ཕོ་བ་དང་རྒྱུ་མའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།  

ལྔ་བ།   ཉིན་མཚན་གོ་ལྡོག་ནས་གཉིད་མི་རུང་།  
        གོ་ལྡོག་ཅེས་པ་ནི་ཉིན་མོ་དང་མཚན་མོའི་གོ་རིམ་གོ་ལྡོག་པ་དེ་རེད།  འདི་ལྟར་གཉིད་པ་ནི་འཚོ་སྡོད་ཀྱི་ཆོས་ཉིད་དང་མི་མཐུན་པ་ཞིག་ཡིན་པས།ང་ཚོའི་གསང་རྒྱུད་ཟགས་གཤེར་ལ་གནོད་པ་དང་། པགས་པའི་བདེ་ཐང་ལ་གནོད་པ། ལུས་པོའི་ནད་འགོག་ནུས་པ་ཇེ་དམའ་རུ་འགྲོ་བ་ཡིན།ལུས་ཕུང་འཚར་ལོངས་འབྱུང་བའི་དུས་རིམ་དུ་གནས་པའི་གཞོན་ནུ་དང་ལོ་ཆུང་ལ་ཡིན་ན་ཉིན་མཚན་གོ་ལྡོག་པའི་དུས་ཡུན་རིང་དུ་སོང་ཚེ་ད་དུང་འཚར་ལོངས་འབྱུང་བར་ཡང་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཀྱི་ཡོད་པས་གཉིད་ཀྱིས་འདང་མ་འདང་བ་ལས་ང་ཚོའི་བདེ་ཐང་ལ་མངོན་གསལ་གྱི་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཀྱི་ཡོད་པས་གཉིད་ཀྱི་ཕྱོགས་ལ་ངེས་པར་དོ་སྣང་བྱེད་རྒྱུ་གལ་ཆེ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1