གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

ཀརྨ་རྒྱལ་མཚན་གྱིས་བསྡུས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༢༢ཉིན།

༄༅།།འབའ་ལུང་གླ་ཕི་དམ་པའི་གནས་མཆོག


ཀརྨ་རྒྱལ་མཚན་གྱིས་བསྡུས།

        མངྒ་ལཾ་སྭ་སྟི་བྷ་ཝནྟུ། མཚུངས་མེད་བླ་མ་མཆོག་ལ་གུས་བཏུད་ནས། །གླ་ཕི་དམ་པ་གནས་ཞེས་གྲགས་པ་འདིའི། །བྱུང་བ་མདོ་བསྡུས་གུས་ལྡན་སྤྲོ་བསྐྱེད་ཕྱིར། །ཅུང་ཟད་བརྗོད་ལ་ཤེས་ལྡན་རྣ་བར་བློགས། །དེ་ཡང་འཛམ་བུས་མཚན་པའི་གླིང་མཆོག་འདིར། །གནས་ཆེན་ཉེར་བཞི་ཡུལ་ཆེན་སོ་གཉིས་ཞེས། །བདེ་མཆོག་འཁོར་ལོའི་སྤྲུལ་པའི་དཀྱིལ་འཁོར་དུ། །ལྷུན་གྱིས་གྲུབ་ཅིང་རྣལ་འབྱོར་ལྡན་རྣམས་ཀྱིས། །སྤྱོད་པ་སྐྱོང་བའི་གནས་ཀྱི་ཁྱབ་པས་ན། །འདི་ནི་ཉེ་བའི་མཐུན་སྤྱོད་ཙ་རི་ཏྲའི། །གནས་དང་ཉེ་འབྲེལ་ཁ་བ་དཀར་པོ་ཡི། །ཡན་ལག་ཉིད་དུ་དོན་གྱིས་ཐོབ་པའི་ཕྱིར། །བདེ་མཆོག་དང་ནི་ཕག་མོ་ཞལ་གཉིས་མའི། །རང་བྱོན་ཡོད་ཅེས་སྔོན་ནས་ཡུལ་འདིར་གྲགས། །གནའ་བོའི་གྲུབ་ཆེན་དམ་པ་སངས་རྒྱས་ཀྱང་། །གནས་འདིར་བྱོན་ཞིང་བྱིན་གྱིས་བརླབས་པ་ཡིན། །ལོ་རྒྱུས་འགའ་ཞིག་རྒན་པོ་རྣམས་ལས་ཐོས། །གཏམ་དེར་ངེས་པའི་མཚན་མ་ཅི་འདྲ་ཡང་། །ཏ་མོ་ཙུ་གསི་ཞེས་གྲགས་འཕགས་ཡུལ་གྱི། །གྲུབ་ཆེན་ཙཱི་ནའི་ཡུལ་དུ་བྱོན་པ་དེ། །འདིར་བྱོན་ཚེ་ན་ཏའི་ལིའི་མི་དཔོན་ཞིག །དད་པ་ཐོབ་ནས་རྗེས་སུ་ལྷགས་པའི་ཚེ། །གྲུབ་ཆེན་རྒྱ་གར་ཡུལ་དུ་རྫུ་འཕྲུལ་གྱིས། །བཞུད་ཟིན་ཕྱག་མཁར་ན་བཟའ་བཞག་མཐོང་ནས། །མཆོད་རྟེན་བཞེངས་པ་ད་ལྟའི་འདི་ཡིན་ཞེས། །དེ་ཡི་སློབ་མ་ཞིག་ཀྱང་ཡུལ་འདི་རུ། །བསོད་སྙོམས་སྤྱོད་ཅིང་རྫུ་འཕྲུལ་མང་བསྟན་ནས། །རིང་ཞིག་བཞུགས་ཏེ་མྱ་ངན་འདས་པ་ཡི། །མཆོད་རྟེན་གཡོན་ཕྱོགས་ཡོད་པ་འདི་ཡིན་ཞེས། །གཏམ་དུ་གྲགས་པ་བདེན་དུ་རུང་སྙམ་ཞེས། །དམ་པ་ཏ་མོ་གང་ཟག་གཅིག་གྱུར་ན། །དམ་པའི་གནས་སུ་གྲགས་པའང་དོན་དང་ལྡན། །དེ་ལྟ་ཉིད་ན་དམ་པ་སངས་རྒྱས་དང། །ཀརྨ་པ་གཉིས་ཐུགས་རྒྱུད་གཅིག་པའི་ཕྱིར། །གནས་འདི་ཀརྨ་པ་ཡིས་བྱིན་བརླབས་པས། །འབྲི་གུང་ཕག་མོ་ཞབས་དྲུག་གཟིགས་སྣང་དུ། །བྲག་ངོས་ཞྭ་ནག་དང་བཅས་ཀརྨ་པའི། །རང་བྱོན་གསལ་ཅེས་གསུང་བའང་ཤིན་ཏུ་འཐད། །སྤྱིར་ནི་རི་རྩེ་མཐོ་ཞིང་ཕྱོགས་ཡངས་པས། །

        ལྷག་མཐོང་སྒོམ་པའི་གནས་སུ་བཟང་བ་དང་། །ནགས་ཚལ་སྟུག་ཅིང་བསིལ་དྲོད་སྙོམས་པ་ཡིས། །ཞི་གནས་སྒོམ་པའི་གནས་སུ་བཟང་བ་དང་། །མཐུན་རྐྱེན་རྙེད་སླ་འགལ་རྐྱེན་ཉུང་བ་ཡིས། །མ་ལུས་དམ་ཆོས་བསྒྲུབ་ཏུ་བཏུབ་པ་དང་། །རྩ་བ་རྒྱས་པའི་རི་རྒྱུད་རིང་ལྡན་ཕྱིར། །ཆོས་བརྒྱུད་རིང་དུ་གནས་ཤིང་བརྟན་པ་དང་། །མདུན་དུ་ཆུ་བོ་ཆེན་པོ་གཉིས་འདུས་ཕྱིར། །དབྱེན་སྦྱོར་མི་ནུས་ཐབས་ཤེས་འབྲེལ་བ་དང་། །ཕྱོགས་ཀྱི་རི་རྣམས་ཁེངས་ཚུལ་མི་ལྡན་པས། །ཆེན་པོ་རྣམས་ཀྱིས་རྟག་ཏུ་འདུད་པ་སོགས། །དཔྱད་ཀྱི་ལེགས་དགུ་མ་ལུས་རབ་ཏུ་ཚང། །གཞན་ཡང་དམ་པ་དང་ནི་ནག་ཆུང་གི །ཕྱག་ཞབས་རྗེས་དང་ཚེ་ཆུ་སྒྲུབ་ཆུ་སོགས། །ཤིན་ཏུ་མང་བར་གྲུབ་ཅིང་གྲགས་མོད་ཀྱི། །ཕག་མོ་ཞབས་དྲུང་གིས་མཛད་གནས་ཡིག་ཏུ། །གསལ་དང་སྐྱེ་བོ་རྣམས་ལའང་གྲགས་པའི་ཕྱིར། །ཤེས་འདོད་དེ་དག་རྣམས་ལས་རྟོགས་པར་གྱིས། །དེས་ན་གནས་འདིར་མཆོད་བསྟོད་ཕྱག་བསྐོར་དང་། །བསྙེན་སྒྲུབ་ལ་སོགས་བགྱིད་པའི་སྐྱེ་བོ་རྣམས། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་གྱུར་ཞིང་། །ཆོས་སྤྱོད་ལེགས་པའི་འབྲས་བུ་མྱུར་དུ་སྨིན། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་ཞི། །



● ཁྱད་མཚར་བའི་རྡོ་སྣ་ཚོགས།              ས་འོག་ནས་བཏོན་པའི་རིག་དངོས།
         ཚེ་བསོད་མངའ་ཐང་གོང་དུ་འཕེལ་གྱུར་ཞིང་། །བདེ་ནས་བདེ་བར་བགྲོད་པ་ངེས་པའི་ཕྱིར། །མི་རྣམས་རང་གཞན་དོན་བཟང་བསྒྲུབ་འདོད་ན། །གནས་འདིར་བསྙེན་བཀུར་སྲིད་ཞུའི་དཔུང་སྐྱེད་ཅིག །ཅེས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་གནས་བསྟོད་དུ་གསུངས་པ་ལྟར་གནས་འདི་དེང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཐ་ཁྲེན་ཡུལ་ཤོག་གི་ཁོངས་སུ་ཆགས་ཡོད། ཉེར་བསྐོར་དུ་ལི་སུའི་མི་རིགས་ཡོད་སའི་ས་ཆ་གནས་བསྟོད་ནང་གསུངས་པ་ལྟར། གནས་འདིར་ཕ་དམ་པ་སངས་རྒྱས་ཞབས་ཀྱིས་བཅགས་ཏེ་བྱིན་རླབས་བསྒྲུབས་པ་དང་། ཞབས་ཕྱག་རྗེས་འཇོག་པ། མཆོད་རྟེན་བཞེངས་པ་སོགས་གྲགས་པའི་རྐྱེན་གྱིས་རྒྱ་སྐད་དུ་ཟེར། དེའང་གནས་འདི་ཡོད་སའི་ས་ཆ་ནི་འབྲི་ཆུ་དང་། ཟླ་ཆུའམ་རྫ་ཆུ། ཚ་བ་རྒྱལ་མོ་རྔུལ་ཆུ་གསུམ་མཉམ་འབབ་དང་། འབྲི་ཆུའི་ཁུག་ཀྱོག་དང་པོ། ལི་སུའུ་སོགས་མི་རིགས་མང་པོ་ཡོད་ས། འཇང་ས་དམ་རྒྱལ་པོ་སོགས་མི་ཆེན་བླ་ཆེན་མང་པོ་འདུས་སའི་ས་གནད་ཁྱད་པར་ཅན་ཞིག་ལ་སྔོན་བོད་ཀྱི་གཏེར་ཆེན་གྲུབ་བརྙེས་མང་པོ་ཞབས་ཀྱིས་བཅགས་དང་གསུང་གིས་བཅད་པ། བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་ཏེ། དེང་སང་ཡང་མ་ཎྀ་སོགས་རྡོ་བརྐོས་དང་སྐུ་དང་ཡི་གེ་རང་བྱོན། སྒྲུབ་ཕུག་མང་པོ་མཇལ་རྒྱུ་ཡོད་པར་བརྟེན་ཡུན་ནན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རིག་ཤུལ་གཙོ་གནས་སྲུང་སྐྱོབ་བྱ་བའི་གྲས་སུ་བཞག་འདུག་པའོ། །  


 གླ་ཕི་དམ་པའི་གནས་ཀྱི་རྡོ་རིང་། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1