ཕེང་ཆིང་ཧྭ་ཡིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས་བཀའ་བཀོད་འདི་ལྟར་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-23


    སྤྱི་ཟླ6པའི་ཚེས15ནས་ཚེས19ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དཀར་མཛེས་ཁུལ་སེར་ཤུལ་རྫོང་དང་སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། དཀར་མཛེས་རྫོང་། གསེར་ཐར་རྫོང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།  ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཡག་པོ་བྱ་དགོས། ལོ་ཧྲིལ་པོའི་དམིགས་ཡུལ་ལས་འགན་ལ་གཞིགས་ནས་བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་དབུལ་ཐར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་ཆབས་ཅིག   ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་དང་སྟོབས་ལྡན་བྱ་གཏང་དགོས།  མེ་སྐྱོན་དང་ཆུ་ལོག་གི་གནོད་འཚེ། ས་གཤིས་ཀྱི་གནོད་འཚེ་སོགས་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་མེད་པ་བཟོས་དགོས། མི་རིགས་ཆོས་ལུགས་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་བོད་ཁུལ་གྱི་མང་ཚོགས་བདེ་སྐྱིད་བག་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས། 
    ཕེང་ཆིང་ཧྭ་དང་བཅས་པས་ལ་བརྒྱབ་ལུང་བརྒལ་བྱས་ཏེ་ལམ་ཐག་རིང་ཚད་བསྡོམས་འབོར་སྤྱི་ལེ1500ཙམ་བརྒྱུད་ནས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཡུག་སྦྲེལ་ས་ཁུལ་དུ་ཕེབས་ཏེ། མང་ཚོགས་དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་ཚུལ་དང་ལྷག་པར་དུ་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། སེར་ཤུལ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་རྫོང་ཞིག་ཡིན་ཞིང་། ཕེང་ཆིང་ཧྭ་རྐང་ཐང་དུ་ཕེབས་ནས་མར་གྲོང་སྡེ་རྣམ་པའི་བཟོ་བཀོད་ཐད་རྟོག་ཞིབ་གནང་ཞོར་དུ་དབུལ་ཕོངས་ལས་ཐར་བའི་མང་ཚོགས་ཆོས་ལྡན་ཚང་ལ་འཚམས་འདྲི་གནང་བར་ཕེབས་ཏེ་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་ནས་ཁ་བརྡ་ལབ་ནས་གནས་ཚུལ་ཆ་རྒྱུས་ལོན་མཛད་པ་རེད། དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེ་དང་དང་གསེར་ཐར་རྫོང་གསེར་ཁོག་གྲོང་ཁམས་བདེ་འདུས་སྡེ་ཁུལ་དུ་འཚམས་འདྲི་ཕེབས་སྐབས་གཞིས་མི་སྐལ་བཟང་རྡོ་རྗེ་དང་དཔའ་ལྡན། ཕྱུག་སྐྱིད་སོགས་ཀྱིས་ཕེང་ཆིང་ཧྭ་ལ་ཡུལ་མི་གནས་སྤོ་དབུལ་སྐྱོར་དང་བོད་ཁུལ་གྱི་ཁྱིམ་གཞིས་གསར་པའི་འཛུགས་སྐྲུན་བྱས་ནས་ཁོ་ཚོ་བང་ཁང་ཐབས་ཆགས་ནས་ཡངས་ཤིང་གསལ་བའི་སྡོད་ཁང་གསར་བའི་ནང་སྤོས་ཐུབ་ཡོད།  ད་ལྟ་བུ་རྒྱུད་སློབ་གྲྭ་འགྲོ་ས་དང་རྒན་རྒོན་ཚོ་སྨན་བསྟེན་ས་སྟབས་བདེ་མོ་རེད།  ཁོ་ཚོ་ཁ་ཤས་ཀྱིས་ད་དུང་ཁྱིམ་གཞིས་བཀོད་སྒྲིག་བྱེད་སའི་མཐའ་སྐོར་དུ་གླ་རྒྱག་བཞིན་ཡོད།  འཚོ་བ་ཉིན་རེ་ལས་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་པ་རེད་ཅེས་བཤད། ཕེང་ཆིང་ཧྭ་ཡིས་གསན་རྗེས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དེ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་འཆང་དགོས། མགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་ནས་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ལས་བརྩོན་ལ་བརྟེན་ནས་འབད་བརྩོན་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱོང་གང་ཐུབ་བྱ་དགོས།  གསེར་ཐར་རྫོང་གསེར་ཁོག་ཡུལ་ཤོག་ཁམས་བདེ་འདུས་སྡེ་ཁུལ་དུ་ཕེང་ཆིང་ཧྭ་ཡིས་རྫོང་དེས་གྲོང་ཉེ་འདབས་ཀྱི་ས་ཆ་ཆེས་ཡག་ཤོས་དེ་གྲོང་མིའི་སྡོད་ཁུལ་ཆུང་ཆུང་བསྐྲུན་ནས་ཡུལ་ཤོག་དང་གྲོང་རྡལ17གྱི་སྲིད་འཛིན་གྲོང་སྡེ134ཡི་མང་ཚོགས་དབུལ་པོ404གཅིག་སྡུད་བཀོད་སྒྲིག་བྱས་པ་དང་། དཀར་མཛེས་རྫོང་གིས་མཐའ་འཁོབ་འབྲོག་ཁུལ་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་སློབ་གྲྭར་རྫོང་དེས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ7གྱི་སློབ་མ1700ལྷག་ཙམ་རྫོང་གི་གྲོང་ཁུལ་དུ་གཅིག་སྡུད་ཀྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་བཅུག་ནས་མཐའ་འཁོབ་འབྲོག་ཁུལ་གྱི་སློབ་མར་སྤུས་ཀ་ལེགས་པའི་སློབ་གསོ་དང་ལེན་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པར་ཆ་རྒྱུན་ལོན་རྗེས། ཁོང་གིས་བྱེད་སྟངས་དེ་དག་ལ་ཁས་ལེན་གང་ལེགས་གནང་ཞིང་དབུལ་ཐར་འགག་སྒྲོལ་བྱེད་རིང་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་གཅིག་སྡུད་ཐོག་མཚོན་ཡོད་པར་བརྟེན།  རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ལ་བདེ་སྡོད་ཀྱི་ཕུགས་འདུན་དང་སློབ་སྦྱོང་གི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱ་དགོས་པར་མ་ཟད། ད་དུང་རོགས་སྐྱོར་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ཀྱི་འཇོན་ནུས་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་བྱས་ཏེ་མཐོ་སྒང་བོད་རིགས་ས་ཁུལ་གྱི་གྲོང་སྡེ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་མགོ་བཙུགས་ནས་བོད་རིགས་ས་ཁུལ་གྱི་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས་ཞེས་གསུངས་པ་རེད། 
    ཕེང་ཆིང་ཧྭ་སེར་ཤུལ་རྫོང་ལོ་ཆུང་ཡུལ་ཤོག་གདན་མ་ཡུལ་སྐོར་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་དང་། སྡེ་དགེ་རྫོང་མ་ཎི་གད་མགོ་ཡུལ་ཤོག་ལ་ལན་དབྱི་གནག་ཕྱུགས་འོ་བཟོ་ཐོན་རྫས་ལས་སྣོན་རྟེན་གཞི། དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་ལྷོ་པ་གྲོང་སྡེའི་མུའུ་སྟོང་ཅན་གྱི་ནས་སོན་བཟང་གསོ་སྤེལ་དཔེ་སྟོན་རྟེན་གཞིར་ཕེབས་ནས་བོད་རིགས་ས་ཁུལ་གྱིས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་བསྟན་དོན། མི་ཚོས་ལྗང་མདོག་སྐྱེ་ཁམས་ཀྱི་ཞིང་ཞོར་ཐོན་རྫས་དགོས་མཁོ་ཆེན་པོ་ཡོད་པས་མཐོ་སྒང་ཞིང་འབྲོག་ལས་ལ་མདུན་ལམ་ཆེན་པོ་ཡོད་པ་རེད། ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་ཁྱད་ཆོས་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་རྟེན་གཞི་དང་འདེབས་གསོའི་ལས་རིགས་གླིང་ཁུལ་འཛུགས་སྐྱོང་ཡག་པོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་གནས་མཆོག་དཀར་མཛེས་ཀྱི་ས་ཁོངས་སྤུས་རྟགས་སྟོབས་ཆེར་གཏང་དགོས།  དཀར་མཛེས་རྫོང་དུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུའི་དྲན་གསོ་ཁང་དུ་ཕེང་ཆིང་ཧྭ་ཡིས་དམར་དམག་རྒྱང་སྐྱོད་ཀྱི་ལམ་བར་དུ་དཀར་མཛེས་བརྒྱུད་པའི་ལོ་རྒྱུས་ཀྱི་དོན་དངོས་ངོ་སྤྲོད་བྱས་པར་གསན་འཇོག་ཞི་ཕྲ་མཛད་པ་རེད། ཁོང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ཕེང་ཆིང་ཧྭ་ཡིས་སེར་ཤུལ་རྫོང་དང་དཔལ་ཡུལ་རྫོང་གི་མེ་གསོད་དཔུང་སྡེ་ལ་ཆེད་དོན་འཚམས་འདྲི་གནང་བ་དང་ཁུལ་དང་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་བྱ་ཐབས་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་ཞུ་བར་གསན་པ་རེད། ད་རུང་དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་ལ་ཕེབས་ནས་པད་དགེ་འཁྱིལ་མཚོའི་གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་གནས་ཚུལ་ལ་རྒྱུས་ལོན་མཛད་པ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད་ལས་བཞི་ཆ་གཅིག་ལྷག་བཟུང་བ་དང་རང་བྱུང་རྩྭ་རའི་རྒྱ་ཁྱོན་ཀྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་ཕྱེད་ཀ་ཡན་ཆད་བཟུང་བ་བར་བརྟེན།   ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡིན་པ་རེད། ཚང་མས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཉེན་མེད་འགོག་ཟོན་ལས་ཀར་དམ་འཛིན་བྱས་ནས་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཞན་ཆ་དང་མི་འདང་སར་མགྱོགས་མྱུར་ཁ་གསབ་པ་བྱེད་པ་དང་། མེ་སྐྱོན་ཡོང་ཁུངས་རྩ་བའི་ཐོག་ནས་་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་མཚུངས། ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་ཟོན་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས།
    བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ཕེང་ཆིང་ཧྭ་ད་དུང་སྡེ་དགེ་པར་ཁང་དང་དཔལ་ཡུལ་རྫོང་ཡ་ཆེན་དགོན།  གསེར་མདའ་རྫོང་བླ་རོང་དགོན། ལྔ་རིག་ནང་བསྟན་སློབ་གླིང་བཅས་སུ་ཕེབས་ནས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱུན་འཛིན་དང་དགོན་སྡེར་ཁྲིམས་ལྟར་དོ་དམ། གྲྭ་བཙུན་དད་ལྡན་མང་ཚོགས་ཀྱི་སློབ་སྦྱོང་དང་འཚོ་བ་དང་རིམས་ནད་འགོག་བཅོས་ཚོད་འཛིན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཕེང་ཆིང་ཧྭ་ཡིས་མི་རིགས་ཆོས་ལུགས་ལས་དོན་དང་གཙོ་གནད་དགོན་སྡེར་བཅའ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱས་པར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་མཐུན་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྡོམ་ཁྲིམས་སྲུང་བ་། སྒོམ་སྒྲུབ་རྩེ་གྲ་སྦྱོང་བར་ཁྲིད་སྟོན་བྱས་ནས་བོད་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏང་རྒྱུར་ལེགས་སྐྱེས་འབུལ་དགོས། 
    ཞིང་ཆེན་མགོ་ཁྲིད་ཏེང་ཡུང་དང་ཝང་ཡུང་ཧུང་། དཀར་མཛེས་ཁུལ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1