གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

མཐའ་བ་བཀྲ་ཤིས་དོན་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༢༣ཉིན།

༄༅།།ཐང་གི་ཡིག་ཚང་ཐུན་ཏེན་ལས་བོད་ཀྱི་ས་བཅད་ཀྱི་ལོ་རྒྱུས་རིན་ཐང་སྐོར་གླེང་བ།


མཐའ་བ་བཀྲ་ཤིས་དོན་འགྲུབ།
          སྤྱིར་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚང་ཐུན་ཏེན་ཞེས་བྱ་བ་ནི་རྒྱའི་གནའ་རབས་ཀྱི་སྒྲིག་སྲོལ་སྣ་ཚོགས་བཅོས་བསྒྱུར་གཏན་འབེབ་ཀྱི་བརྒྱུད་རིམ་ཞིབ་པར་བཀོད་པའི་ལོ་རྒྱུས་ཀྱི་བསྟན་བཅོས་གྲགས་ཅན་ཞིག་ཡིན་ལ། དེར་བམ་པོ་ཉིས་བརྒྱ་ཡོད་པ་ལས་མཐའ་སྲུང་སྐོར་ལ་བམ་པོ་བཅུ་དྲུག་མཆིས། བོད་ཀྱི་ས་བཅད་ནི་བམ་པོ་བརྒྱ་དང་དགུ་བཅུ་བ། མཐའ་སྲུང་སྐབས་དྲུག་པ། ནུབ་ཕྱོགས་མི་རིགས་སྐབས་གཉིས་པར་བཀོད་ཡོད། ས་བཅད་དེ་ལ་རྒྱ་ཡིག་ཡིག་འབྲུ་སུམ་སྟོང་ལྷག་ལས་མེད་ཀྱང་བོད་ཀྱི་དམངས་སྲོལ་དང་བོད་ཐང་གི་འབྲེལ་བ་སོགས་གནད་བསྡུས་སུ་བཀོད་ཡོད་པ་དང་། ཁྱད་པར་དུ་ཡིག་ཚང་གཞན་དུ་མཐོང་དཀའ་བའི་ལི་ཡུལ་དང་གྲུ་གུར་འབྲེལ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ཁ་ཤས་ཅུང་ཞིབ་མོར་བྲིས་ཡོད། དེ་ནི་ཐང་རྒྱལ་རབས་ཀྱི་བློན་པོ་ཏུའུ་ཡུག་ཅེས་བྱ་བས་བརྩམས་ཤིང་བསྒྲིགས་ནས་སྤྱི་ལོ༨༠༡ལོར་ཡོངས་སུ་གྲུབ་པ་ཡིན། ཏུའུ་ཡུག་ནི་སྤྱི་ལོ༧༣༥ལོར་འཁྲུངས་ཤིང་༨༡༢ལོར་གཤེགས་པའི་ལུགས་གཉིས་ལ་མཁས་པའི་བློན་པོ་སྐད་གྲགས་ཅན་ཞིག་ཡིན་ལ། ཁོང་གིས་ཐང་གི་གོང་མ་ཏེད་ཙུང་དང། ཏའེ་ཙུང་། ཧྲུན་ཙུང་། ཞན་ཙུང་བཅས་གདུང་རབས་བཞིའི་བློན་པོ་མཛད་མྱོང་། གོང་མ་ཏའེ་ཙུང་གི་ཀྲིན་ཡོན་ཁྲི་ལོ་བཅུ་དགུ་བར ༨༠༣ལོརསྲིད་བློན་ཆེན་པོའི་འགན་བཞེས་པ་དང་། གོང་མ་ཞན་ཙུང་གི་ཡོན་ཧི༨༠༦ནས༨༢༠ཁྲི་ལོའི་དུས་མགོར་ཆི་གོ་གུང་བྱ་བའི་ཆོ་ལོ་ཐོབ། ཡིག་ཚང་ཐུན་ཏེན་ལས་གཞན་ཁོང་གིས་ད་དུང་སྲིད་འབྱོར་རིག་གསུམ་གྱི་བརྩམས་ཆོས་པོད་བཅུ་ལྷག་མཛད་ཡོད། དེ་བས་ལོ་རྒྱུས་ཀྱི་བསྟན་བཅོས་འདི་བརྩམས་ནས་གྲུབ་པའི་ལོ་ཚིགས་ཐད་ནས་བལྟས་ནའང་། ད་ལྟ་དངོས་སུ་ཡོད་པའི་རྒྱ་ནག་གནའ་རབས་ཡིག་ཚང་ལས་བོད་ཀྱི་སྲིད་ལུགས་སྐོར་ལོགས་སུ་བཀོད་པ་ཆེས་སྔ་བ་ཡིན་ཏེ། ཐང་ཡིག་རྙིང་མ་ནི་སྤྱི་ལོ༩༤༥ལོར་གྲུབ་པ་དང་། ཐང་ཡིག་གསར་མ་ནི་སྤྱི་ལོ༡༠༦༠ལོར་གྲུབ་པ། ཐང་གི་སྲིད་དོན་གནད་བསྡུས་ནི་ཝང་ཕུ༩༢༢ནས༩༨༢བྱ་བས་བརྩམས་ཤིང་བསྒྲིགས་པ་ཡིན་པས་སོ།། དེ་བས་ཐུན་ཏེན་ལས་བོད་ཀྱི་ས་བཅད་ལ་ལོ་རྒྱུས་ཀྱི་རིན་ཐང་ཆེས་ཆེར་ལྡན་པར་མཐོང་ནས་དེ་ཡི་ནང་དོན་མདོར་ཙམ་ངོ་སྤྲོད་དང་བཅས་རིན་ཐང་སྐོར་བརྗོད་འདོད་པ་ཡིན་ཏེ།
          དང་པོ། ཐུན་ཏེན་ལས་བོད་ཀྱི་ས་བཅད་ཀྱི་ནང་དོན་ངོ་སྤྲོད་མདོར་བསྡུས།
          བོད་ཀྱི་ས་བཅད་འདི་ལ་ཡིག་ཚེགས་མང་པོ་མེད་དེ་ཤིན་ཏུ་མདོར་བསྡུས་སུ་བཀོད་པ་ཡིན་ཡང་། བོད་བཙན་པོའི་གདུང་ཁུངས་ནས་ཁྲི་སྲོང་ལྡེ་བཙན་ཁྲི་ལ་གསོལ་བའི་བར་ཀྱི་དོན་ཆེན་སྐྱ་ཐིག་ཏུ་བཏབ་ནས་མཚོན་པར་མ་ཟད། ཁྱད་པར་དུ་ས་བཅད་ཧྲིལ་བོ་ལས་གཉིས་ཆའི་གཅིག་ཙམ་གྱིས་གྲུ་གུ་ཚོ་བཅུ་དང་ལི་ཡུལ་སྡེ་བཞི་བོད་ཐང་གཉིས་ནས་འཕྲོག་རྩོད་བྱས་པའི་དམིགས་ཡུལ་དང་ཐབས་ཇུས། དེའི་དོན་སྙིང་། འཕྲོག་རྩོད་བྱེད་ཚུལ་སོགས་ཅུང་ཞིབ་པར་གསལ་བཤད་བྱས་ཡོད་དེ། བོད་ཀྱི་བློན་ཆེན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་ཐང་གི་ཕོ་ཉ་ཀོ་ཡོན་ཀྲིན་གཉིས་ཀྱི་གཏམ་བརྗོད་དང་ཀོ་ཡོན་ཀྲིན་ནས་ཐང་གོང་མ་ལ་བཏོན་པའི་བྱེད་ཐབས་བཅས་ཐད་ཀར་བཀོད་ཡོད། མདོར་ན། གཤམ་གསལ་ཕྱོགས་བཅུ་གསུམ་གྱི་ནང་དོན་འདུས་ཏེ། ༡.བཙན་པོའི་གདུང་ཁུངས་བརྗོད་པ། ༢.བོད་ཡུལ་ངོས་བཟུང་པ་དང་ཁོར་ཡུག་ངོ་སྤྲོད། ༣.ཡུལ་སྲོལ་ངོ་སྤྲོད། ༤.དཔོན་པོ་རྒྱུད་འཛིན་བྱེད་ཐབས་དང་ཡིག་ཚང་གི་སྐོར། ༥.དཔུང་སྟོབས་དང་། དམག་ཆས། གཡུལ་འགྱེད་ཐབས་སོགས། ༦.སྲིད་སྐྱོང་ཚུལ་དང་མདུན་མ་བསྡུ་ཚུལ། ༧.བཙན་པོ་གནམ་རི་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་བར་བཙན་པོ་རྣམས་ཁྲིར་གསོལ་ཚུལ་དང་སྐུ་གཤེགས་ཚུལ། ༨.རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་བརྫངས་ཤིང་བསུ་བའི་ཚུལ། ༩.མགར་སྟོང་བཙན་ཡུལ་ཟུང་ཕ་བུ་དང་ཐང་བོད་ཀྱི་འབྲེལ་བའི་སྐོར། ༡༠.འ་ཞ་དངོས་སུ་བོད་བཙན་པོའི་མངའ་འོག་ཏུ་བསྡུས་ཚུལ། ༡༡.གྲུ་གུ་ཚོ་བཅུ་དང་ལི་ཡུལ་སྡེ་བཞི་འཕྲོག་རྩོད་བྱས་ཚུལ། ༡༢.མགར་ཚང་ཁྲིམས་ལ་སྦྱར་ཚུལ། ༡༣.རྒྱ་བཟང་ཅིན་ཁྲིན་ཀོང་ཇོ་བོད་ལ་བརྫངས་ཚུལ་བཅས་སོ། །
          གཉིས་པ། ཐུན་ཏེན་ལས་བོད་ཀྱི་ས་བཅད་ཀྱི་ལོ་རྒྱུས་རིན་ཐང་།
          གཅིག་ཏུ། དཔུང་སྟོབས་དང་། དམག་ཆས། གཡུལ་འགྱེད་ཐབས་སོགས་གནད་བསྡུས་ཀྱིས་བཀོད་པའི་རིན་ཐང་། དེ་ཡང་བཙན་པོ་ཁྲི་སྲོང་བཙན་གྱི་སྐུ་རིང་དུ་བོད་ཁམས་གཅིག་གྱུར་གྱིས་མངའ་ཐང་སྔར་བས་དར་བར་ཀུན་གྱིས་བཞེད་ཀྱང་། སྐབས་དེའི་དཔུང་སྟོབས་དངོས་སུ་ཇི་འདྲ་ཡིན་པ་དང་གཡུལ་དུ་འཐབ་ཚུལ་ཇི་ལྟར་ཡིན་པ་གསལ་བོར་བཀོད་པའི་ཡིག་ཚང་རྣལ་མ་མཐོང་ལམ་དུ་དཀོན་ཡང་། ཐུན་ཏེན་ཉིད་དུ“བཙན་པོ་ཁྲི་སྲོང་བཙན་ཞེས་བྱ་བས་ནུབ་ལྗོངས་བདག་ཏུ་བཟུང་། སོས་རྒྱལ་རབས་ཀྱི་ཁེ་དབངསྤྱི་ལོ༥༨༡ནས༦༠༠ཁྲི་ལོའི་དཀྱིལ་ཙམ་དུ། བཙན་པོ་སློན་བཙན་གྱིས་ཁྲི་སྲོང་བཙན་ཁྲིད་ནས་གཙང་བོའི་ནུབ་ཕྱོགས་ཡར་ཀླུངས་སུ་རྒྱལ་ས་བཙུགས་པ་ནས་མི་ལོ་ལྔ་བཅུ་ལྷག་འགོར་ཟིན་ཏེ། ལྷོ་ནུབ་དུ་རྒྱལ་མཚམས་རྒྱ་གར་ལ་ཐུག་ཡོད། དེ་ཡང་ཐང་ཆེན་པོའི་དུས་འགོར་དྲག་པོའི་དམག་དཔུང་འབུམ་ལྷག་མཆིས་པས་རྒྱལ་ཁབ་སྟོབས་ལྡན་དུ་གྲགས”ཞེས་དང་། “དམག་ཆས་ལ་མདའ་དང་། གྲི། ཕུབ། མདུང་། གོ་ཆ་བཅས་ལྡན་ལ། འཐབ་ཚུལ་ནི་དམག་རུ་སྔ་མ་ཤི་ཚར་རྗེས། ཕྱི་མ་རྗེས་སུ་མཆོངས། མི་རྟ་ཚང་མས་ལྕགས་ཁྲབ་གྱོན་ཡོད་ལ། ལྕགས་ཁྲབ་ཀྱི་བཟོ་རྩལ་ནི་ཤིན་ཏུ་ཞིབ་ཚགས་ཡིན་པས། མིག་ཟུང་མ་གཏོགས་ལུས་ཕུང་ཡོངས་སུ་ཁེབས། དེ་ནི་ཤུགས་ལྡན་གྱི་མདའ་དང་རྣོ་ངར་གྱི་གྲིས་གཅོད་ཐུབ་པ་ཞིག་གཏན་ནས་མིན། གཡུལ་དུ་ངེས་པར་དུ་རྟ་ལས་བབས་ནས་རུ་ཕྲེང་སྒྲིག་ཅིང་། ཕྱིར་བསྣུར་བའི་དཔེ་མི་སྲིད་ལ་ཤི་ན་བེམ་པོ་ཕྱིར་འཁྱེར། མདུང་ཕྲ་ལ་ཀྲུང་གོ་བ་ལས་རིང་བ་ཡིན།”ཞེས་གནད་ཕུགས་པར་བཀོད་པ་ལས། བོད་རང་ཉིད་ཀྱིས་མདའ་གྲི་མདུང་གསུམ་དང་ལྕགས་ཁྲབ་བཀོལ་སྤྱོད་ཀྱི་ཆུ་ཚད་ལ་གཞིགས་ན་སྐབས་དེར་ལྕགས་རིགས་ལས་སྣོན་གྱི་ལག་རྩལ་ཤིན་ཏུ་དར་རྒྱས་སུ་སོང་བ་ཤེས་ཐུབ་པས། དེང་སྐབས་ལ་ལས་བོད་ལྗོངས་ས་འོག་ནས་ཐོན་པའི་ལྕགས་རིགས་དུར་རྫས་སྤུས་ལེགས་ལ་ཞིབ་འཇུག་བྱས་ཁུལ་གྱིས་དེ་དག་ནི་ཏ་ཟིག་སོགས་ཕྱི་ནས་བཟོས་པར་འདོད་པ་རྣམས་ཀྱི་བློ་བཟོས་ཀྱི་ཁུངས་བརྟོལ་བ་ཡིན་པ་དང་། བོད་བཙན་པོའི་དུས་ཀྱི་དམག་ཆས་དང་གཡུལ་ཐབས་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེས་ཆེར་ལྡན།
          གཉིས་སུ། སྲོག་གཅིག་གྱུར་བ་དང་བློས་ཐུབ་པ་ཞེས་པའི་ལོ་རྒྱུས་རིན་ཐང་། དེ་ཡང་ཐུན་ཏེན་དུ“རྗེ་བློན་གྲོགས་སུ་འཛིན་པ་ལ་སྲོག་གཅིག་གྱུར་བ་ཞེས་འབོད་ལ། དེ་ལ་ཆེས་མང་ཡང་མི་ལྔ་ལས་མི་འདའ། རྗེ་བོ་གཤེགས་ཉིན་ནས་བཟུང་། སྲོག་གཅིག་གྱུར་བ་ཚོས་ཉིན་མཚན་མེད་པར་ཆང་བཏུང་། མདད་གཏོང་ཉིན། ཁོ་ཚོའི་རྐང་མཐུལ་ཁབ་ཀྱིས་བསྣུན་ནས། ཁྲག་ཟད་དེ་ཤི་ཕྱིན་དུར་དུ་འཇུག ཡང་བློས་ཐུབ་པ་ཞེས་བྱ་བ་ཁག་ཅིག་ཡོད་དེ། དེ་དག་གིས་རལ་གྲིས་རང་གི་ཀླད་པ་འགེམས་པའམ། ཡང་ན་ཁྲུ་བཞི་ཙམ་རིང་ལ་མཛུབ་མོ་ཙམ་སྦོམ་པའི་དབྱིག་པ་རང་ཉིད་ཀྱི་རྩིབ་མའི་གསེབ་ལ་བཏབ་ནས་ཤི་བའང་བཅུ་ལས་བཞི་ལྔ་ཙམ་མཆིས་ལ། དེ་ཡང་དུར་དུ་འཇུག”ཅེས་བཀོད་པ་ལས་སྲོག་གཅིག་གྱུར་བ་དང་བློས་ཐུབ་པ་ཞེས་པ་ནི་རང་གི་རྗེ་བོ་ལ་བློ་ཤིན་ཏུ་དཀར་ཏེ་འཆི་ན་མཉམ་འཆི་དང་གསོན་ན་མཉམ་གསོན་གྱི་བསམ་བློ་བཅངས་ནས་སྲི་ཞུ་སྒྲུབ་པའི་བློན་པོ་ཁག་ཅིག་ཡིན་ལ། དེ་དག་གི་གོ་གནས་དང་ལས་ཚན་ཅི་འདྲ་ཡིན་པར་ད་དུང་བརྟག་དགོས་མོད། འོན་ཀྱང་དེ་དག་ལས་རྗེ་འབངས་ཀྱི་འབྲེལ་བ་དང་རྗེ་བོས་ཆབ་སྲིད་སྐྱོང་བའི་ཐབས་ཤེས་ཁྱད་པར་ཅན་མངོན་པར་མཚོན་པ་ཡིན།
          གསུམ་དུ། ཡུལ་ཁམས་དང་སྣོད་བཅུད་བཀོད་པའི་རིན་ཐང་། ཐུན་ཏེན་དུ་བོད་ཀྱི་ཡུལ་ཁམས་ངོས་བཟུང་བ་དང་། དེའི་སྣོད་བཅུད་ཀྱི་ཆགས་ཚུལ་རགས་ཙམ་ལས་ཞིབ་དུ་བཀོད་མེད་ཀྱང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ནི“རྩྭ་རིགས་ཤིག་ལ་སི་ཀུ་མིང་ཟེར་ལ། དབྱིབས་རྩྭ་མཁན་པ་དང་འདྲ་ཡང་འདབ་མའི་རིང་ཚད་ལ་ཚུན་གཉིས་ཙམ་ཡོད།”ཅེས་རྩྭ་རིགས་ཁྱད་པར་པ་འདི་ངོ་སྤྲོད་བྱས་པ་དང་། “ཙུ་གུ་ཡོད་ལ་རྔ་མ་རྒྱུན་ལྡན་པ་ལས་རིང་ལ། རྒྱལ་ཁབ་ཀྱིས་ཙུག་གསོད་འགོག་པ་ཡིན་ཏེ། གལ་ཏེ་བསད་ན་ཁྲིམས་ཤིན་ཏུ་ལྕི།”ཞེས་ཙུ་གུ་གསོད་མི་ཆོག་པའི་རྒྱལ་ཁྲིམས་བཀོད་པ་ལས། འབྲོང་སོགས་ཤ་གོ་གཉིས་ཀ་ལོངས་སུ་སྤྱོད་རུང་བའི་རི་དྭགས་གསོད་རུང་བ་དང་། ཙུ་གུ་ལྟ་བུ་ཅི་ཡང་ལོངས་སྤྱོད་ཀྱི་དགོས་པ་མེད་པ་རྣམས་དོན་མེད་དུ་གསོད་མི་རུང་བར་གཏན་འཁེལ་བྱས་པ་ཡིན་ཤས་ཆེ་ཡང་། ད་དུང་དཔྱད་འོས། དེ་ལས་ནི་སྐབས་དེ་ནས་བཟུང་སྣོད་བཅུད་སྙོམས་དགོས་པ་ལས་འཁྲུགས་མི་ཉན་པའི་བསམ་བློ་མངོན་པར་མཚོན་ཡོད།
          བཞི། དམངས་སྲོལ་གྱི་རིན་ཐང་། དམངས་སྲོལ་ནི་མི་རིགས་རང་ག་བའི་འཚོ་བའི་ཁྱད་ཆོས་ཡིན་ལ་དེ་ནི་མི་རིགས་དེའི་མུ་མཐུད་དུ་དང་ལེན་དང་རྒྱུན་འཛིན་བྱེད་པ་ཡིན་ཏེ། བོད་རང་ལ་མཚོན་ནའང་གནའ་བོའི་དུས་ནས་ད་ལྟའི་བར་དུ་རྒྱུན་བཟུང་བའི་རང་ཉིད་ཀྱི་དམངས་སྲོལ་ཁྱད་ཆོས་ཤིན་ཏུ་མང་པོ་ཡོད་ལ། དེ་ཡང་ཁ་ཕྱིར་ཕྱོགས་ནས་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ལ་ཐུན་ཏེན་དུ་དཔེར་ན“རྒྱུན་པར་ནོར་ལུག་སྐྱོང་ལ་དེའི་འོ་མ་ཟས་སུ་སྤྱོད་ཅིང་བལ་རྩིད་གོས་སུ་བཀླུབས། རྟ་དང་བོང་བུའི་ཤ་མི་ཟ་ཞིང་གྲོ་འཐག་ནས་ཕྱེ་ལ་ཟ། མི་ཤི་དུས། ནོར་དང་རྟ་བསད་ནས་དུར་དུ་སྦས་པ་དང་། ནོར་དང་རྟའི་མགོ་བཅད་ནས་དུར་ཐོག་ཏུ་སྤུངས། དུར་དབྱིབས་གྲུ་བཞི་ཡིན་ལ་རྡོ་བརྩིགས་ལས་གྲུབ་པས་སྟེང་སྙོམས་རྡོ་ཁང་དང་མཚུངས”ཞེས་པ་དང་། “དར་མ་ལ་རྩིས་མཐོང་ཆེ་ཞིང་རྒན་རྒོན་དམན་སར་འགོད། མས་བུ་ལ་ཉན། གཡུལ་དུ་ཤི་བ་མཆོག་ཏུ་འཛིན་ཞིང་ནད་ཀྱིས་འཁྱེར་བ་དམན་པར་བགྲང་། མི་རབས་མང་བོ་གཡུལ་ལས་ཤི་བ་ནི་ཁྱིམ་ཡ་རབས་ལ་བརྩི། གཡུལ་ནས་བྲོས་བྱོལ་བར་ཝ་རྔ་མགོ་ལ་བཏགས་ནས་ཝ་མོ་ལྟ་བུའི་སྡར་སེམས་མཚོན”ཞེས་པ། “ཕོ་མོ་ཀུན་གྱིས་སྲོལ་ལ་རལ་བ་འཇོག་ཅིང་སློག་པ་དང་ཕྱིང་བ་གོས་སུ་བཀླུབས་པ་དང་། གདོང་ལ་སྨུག་མདངས་བྱུགས།” ཞེས་པ་སོགས་གནའ་རབས་ཀྱི་སྲོལ་ལུགས་ཕྱོགས་མང་པོ་ནས་གསལ་བཤད་བྱས་ཡོད་པས་བོད་མི་རིགས་ཀྱི་ལོ་རྒྱུས་སམ་སྤྱི་ཚོགས་འཕེལ་འགྲོས་དང་། བསམ་བློའི་འཁྱེར་སོ་བཅས་ལ་ཞིབ་འཇུག་གི་རིན་ཐང་ལྡན་པ་ཡིན།
          ལྔ་རུ། སྒྲིག་ཁྲིམས་ཀྱི་རིན་ཐང་། བོད་བཙན་པོའི་དུས་ཀྱི་ཁྲིམས་ཁ་ཤིན་ཏུ་བཙན་ཞེས་ཀུན་གྱིས་གླེང་བཞིན་ཡོད་མོད། འོན་ཀྱང་དེ་ནི་བྲན་གཡོག་བདག་པོས་རང་འདོད་ཀྱིས་བྲན་གཡོག་ལ་གཉའ་གནོན་དང་བཤུ་གཞོག་བྱས་པ་མིན་ལ། བཀོས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་རྣམ་པར་ཕྱོགས་ཡོངས་ནས་གྲུབ་པས། ཁྲིམས་འཛུགས་པའི་དམིགས་ཡུལ་འབངས་ལ་ཕན་པའི་དོན་བགྱི་ཕྱིར་ཡིན་ལ། འབངས་ཀྱིས་ཀྱང་དེ་དང་ལེན་བྱེད་པ་ཡིན། དེ་ཡང་ཐུན་ཏེན་དུ“བློན་དང་ལྷན་དུ་ལོ་རེར་མདུན་མ་ཆུང་ངུ་རེ་བསྡུ་བ་དང་། ལོ་གསུམ་རེར་མདུན་མ་ཆེན་པོ་རེ་བསྡུ་བ་ཡིན”ཞེས་དང་། “ཁྲིམས་ལ་གཡོ་མེད་ཅིང་ཁ་བཙུན། ལས་དོན་གྲོས་བྱེད་དུས་དམན་ས་ནས་འགོ་བཟུང་དེ་འབངས་ལ་ཕན་པའི་ལས་དོན་བགྱི། དེའི་རྒྱུ་མཚན་གྱིས་སྟོབས་ཤུགས་ལྡན་ཞིང་ཡུན་རིང་པོར་གནས་ཐུབ་པ་རེད།” ཞེས་བོད་བཙན་པོའི་སྲིད་དབང་ཡུན་རིང་པོར་གནས་ཐུབ་པའི་རྒྱུ་མཚན་སྒྲིག་ཁྲིམས་དམ་པོ་ཡོད་པར་གླེང་བ་བཞིན་ནོ། །
          དྲུག་ཏུ། བོད་ཐང་གཉིས་ཀྱིས་གྲུ་གུ་འཕྲོག་རྩོད་ཀྱི་གནས་ཚུལ་གསལ་བོར་བརྗོད་པའི་རིན་ཐང་། བོད་ཐང་གཉིས་ནས་གྲུ་གུ་ཚོ་བཅུ་དང་ཨན་ཞི་སྡེ་བཞི་འཕྲོག་རྩོད་ཀྱི་གནས་ཚུལ་བརྗོད་པ་ནི་ཐུན་ཏེན་ལས་བོད་ཀྱི་ས་བཅད་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས། དེ་ཅུང་ཞིབ་པར་བཀོད་ཡོད་ཕྱིར་ས་བཅད་སྤྱིའི་ཕྱེད་ཙམ་བཟུང་ཡོད། དེས་ན་གྲུ་གུའི་བྱུང་འཕེལ་དང་ལོ་རྒྱུས་ཀྱི་གནས་བབ་ག་འདྲ་ཞིག་ཡིན་ཞེ་ན། ཡིག་ཚང་གཞན་ལ་བརྟེན་ནས་མདོར་ཙམ་བརྗོད་ན། གྲུ་གུ་ནི་གནའ་རབས་བོད་ཀྱི་བྱང་རྒྱུད་དུ་འཚོ་སྡོད་ཀྱི་མི་རིགས་ཤིག་ཡིན་ལ་རིགས་རྒྱུད་སྤྱང་ནས་ཆད་པར་གྲགས། དེང་ཐོག་ཞོན་ནུའུ་ཞེས་བྱ་བའི་མངའ་འོག་ལ་གཏོགས་པའི་ཚོ་ཁག་ཅིག་ཡིན་པ་དང་། རོའུ་རན་བྱ་བས་ཞོན་ནུའུ་ཕམ་རྗེས་རོའུ་རན་གྱིས་ཁ་ལོ་བསྒྱུར། ཁོ་ཚོས་གཙོ་བོ་འབྲོག་ལས་གཉེར་ལ་ལྕགས་རིགས་ཀྱི་ལས་བཟོ་ལ་ཤིན་ཏུ་མཁས། དེ་ནས་རིམ་བཞིན་ཨར་ཐེ་ཧྲན་རི་བོའི་ཉིན་ངོགས་ནས་འཕེལ་རྒྱས་བྱུང་སྟེ། སྤྱི་ལོ༥༥༢ལོར་རོའུ་རན་སྲིད་དབང་ལ་ངོ་ལོག་ནས་རང་ཉིད་ཀྱི་སྲིད་དབང་དེ་གྲུ་གུ་རྒྱལ་བོའི་རྒྱལ་ཁབ་བཙུགས་པ་དང་། ཐུ་མུན་བྱ་བས་སྲིད་དབང་བཟུང་ཞིང་ཡུལ་ལི་ཧན་ཞེས་གྲགས། ཡུལ་ལི་ཧན་ཐུ་མུན་གཤེགས་རྗེས་དེའི་བུ་ཁུ་ལོ་སྲིད་ལ་བཀུར་ཞིང་ཡུ་ཤེ་ཅི་ཧན་དུ་འབོད་ཀྱང་ལོ་གཅིག་ཙམ་ནས་འདས། སྤྱི་ལོ༥༥༣ལོར་ཡུ་ཤེ་ཅི་ཧན་ཁུ་ལོའི་སྤུན་ཆུང་ཟི་ཅིན་གྱིས་སྲིད་བཟུང་པས་མུ་རྒན་ཧན་ཞེས་འབོད། སྤྱི་ལོ༥༧༢ལོར་མུ་རྒན་ཧན་ཟི་ཅིན་གཤེགས། ཁོའི་སྤུན་ཆུང་ཐ་པོ་བྱ་བས་སྲིད་བཟུང་ལ་ཐ་པོ་ཧན་དུ་འབོད། སྤྱི་ལོ༥༧༨ལོར་ཐ་པོ་ཧན་གཤེགས། ཁོའི་བུ་ཨན་ལོ་སྲིད་ལ་བཀུར་ཞིང་ཨན་ལོ་ཧན་ཟེར། དེ་ནས་བཟུང་ཕུ་ནུ་ནང་འཁྲུག་གི་འགོ་བརྩམས་ལ་གཙོ་བོ་ཨན་ལོ་ཧན་དང་། ཡུལ་ལི་ཧན་ཐུ་མུན་གྱི་བུ་ཧྲི་ཐོ། མུ་རྒན་ཧན་ཟི་ཅིན་གྱི་བུ་ཏ་ལོ་པེན་བཅས་སྲིད་ལ་མ་འཆམ་པའི་རྐྱེན་གྱིས་རེད། ལོ་དེར་ཨན་ལོ་ཧན་སྲིད་ལས་བབས་ནས་ཡུལ་ལི་ཧན་ཐུ་མུན་གྱི་བུ་ཧྲི་ཐོ་ལ་སྲིད་དབང་སྤྲད་དེ་ཧྲ་པོ་ལེ་ཧན་དུ་གྲགས། དེ་ནས་རིམ་གྱིས་ཧྲ་པོ་ལེ་ཧན་ཧྲི་ཐོ་དང་གྲུ་གུའི་ནུབ་ཕྱོགས་ཀྱི་དམག་དཔོན་ཧྲི་ཏེན་མུ༼ཡུལ་ལི་ཧན་ཐུ་མུན་གྱི་སྤུན༽ཡི་བུ་ཏ་ཐུ་ཧན་གྱི་འགལ་བ་ཇེ་ཆེར་སོང་བས་གྲུ་གུ་ཤར་མ་དང་བྱང་མ་ཞེས་སྲིད་དབང་གཉིས་སུ་གྱེས། སྤྱིར་གྲུ་གུ་རྒྱལ་པོའི་རྒྱལ་ཁབ་ནི་སྤྱི་ལོ་དུས་རབས་དྲུག་པར་འཕེལ་འགྲོས་མགྱོགས་པའི་བྱང་རྒྱུད་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་ལ། མངའ་ཐང་ཆེས་ཆེར་དར་དུས་ཤར་དུ་ལའོ་ཧུ་ཆུ་བོའི་བར་དང་། ནུབ་ཏུ་ཡ་གླིང་དཀྱིལ་མའི་ལའེ་ཧེ་མཚོ་ངོགས་ལ་ཐུག་གི་བར་དང་། ལྷོ་རུ་ཨ་མའུ་ཆུ་བོའི་ལྷོ་ངོགས་ཀྱི་བར། བྱང་དུ་པེ་ཅ་ཨར་མཚེའུ་ཡི་འགྲམ་ངོགས་བར་གྱི་ཡུལ་ཁམས་ཆེན་པོ་བདག་ཏུ་བཟུང་བ་ཡིན།
          གྲུ་གུ་ཤར་ནུབ་གཉིས་སུ་གྱེས་པ་ནས་གྲུ་གུ་ཤར་མའི་སྲིད་དབང་སྔར་བཞིན་ཧྲ་པོ་ལེ་ཧན་ཧྲི་ཐོ་ཡིས་བཟུང་བ་དང་། སྤྱི་ལོ༥༨༧ལོར་ཧྲ་པོ་ལེ་ཧན་གཤེགས། ཁོའི་སྤུན་ཆུང་ཡེ་ཧུ་ཁྲི་ལོ་ཧིག་གིས་སྲིད་བཟུང་ལ་ཡེ་ཧུ་ཧན་དུ་འབོད། སྤྱི་ལོ༥༨༨ལོར་གཡུལ་ནས་གཤེགས། དེ་ནས་ཧྲ་པོ་ལེ་ཧན་གྱི་བུ་དབྱང་ཡུ་ལེ་ཡིས་སྲིད་དབང་བཟུང་བ་དང་ཏའུ་ལན་ཧན་དུ་འབོད། སྤྱི་ལོ༥༩༩ལོར་བཀྲོངས་པ་དང་ཡེ་ཧུ་ཧན་གྱི་བུ་རན་ཀན་གྱིས་སྲིད་བཟུང་ཞིང་ཆའུ་མིན་ཧན་ཟེར། སྤྱི་ལོ༦༠༨ལོར་ཆའུ་མིན་ཧན་རན་ཀན་གཤེགས་པ་དང་ཁོའི་བུ་དོ་ཅི་ཧྲི་སྲིད་ལ་བཀུར་ཏེ་ཧྲི་པུ་ཧན་དུ་འབོད། སྤྱི་ལོ༦༡༩ལོར་ཧྲི་པུ་ཧན་དོ་ཅི་ཧྲི་གཤེགས། སྲིད་དབང་ཁོའི་ནུ་བོ་ཟི་ལི་ཧྥུ་ཧྲི་ལ་སྤྲད་དེ་ཁྲི་ལོ་ཧན་ཟེར། སྤྱི་ལོ༦༢༠ལོར་ཁྲི་ལོ་ཧན་ཟི་ལི་ཧྥུ་ཧྲི་གཤེགས། ཁོའི་ནུ་བོ་དོ་པུས་སྲིད་བཟུང་སྟེ་ཅེ་ལི་ཧན་དུ་འབོད། སྤྱི་ལོ༦༣༠ལོར་ཅེ་ལི་ཧན་དོ་པུ་ཐང་གིས་བཟུང་བ་དང་༦༣༤ལོར་ཁྲང་ཨན་ནས་གཤེགས། དེ་ནས་ལོ་དགུ་ལ་ཁྲི་ས་སྟོང་བ་དང་༦༣༩ལོར་ཨ་ཧྲི་ན་ཟི་མུ་བྱ་བས་སྲིད་དབང་བཟུང་ཀྱང་ཡུན་རིང་མ་འགོར་བར་ནང་འཁྲུག་གིས་ཕམ་པ་དང་གྲུ་གུ་ཤར་མ་སིལ་བུར་ཐོར་ནས་ཐང་ལ་མགོ་བཏེགས་སོ། །
          གྲུ་གུའི་ནུབ་ཕྱོགས་ཀྱི་དམག་དཔོན་ཧྲི་ཏེན་མུ༼ཡུལ་ལི་ཧན་ཐུ་མུན་གྱི་སྤུན༽ཡི་བུ་ཏ་ཐུ་ཧན་གྱིས་གྲུ་གུ་ནུབ་མའི་སྲིད་བཟུང་བ་ནས་གྲུ་གུ་ཤར་ནུབ་གཉིས་སུ་གྱེས་པ་དང་གྲུ་གུ་ནུབ་མ་སྟེ་རང་རྐྱ་ཐུབ་པའི་གྲུ་གུ་རྒྱལ་བོའི་རྒྱལ་ཁབ་གཞན་ཞིག་དངོས་སུ་བཙུགས། དེ་ནས་ཤར་མའི་ཆའུ་མིན་ཧན་དང་འཐབ་པར་ཕམ་པས་སྤྱི་ལོ༦༠༣ལོར་འ་ཞར་སྐྱབས་བཅོལ་བ་དང་དེ་ནས་གཤེགས། ཁོའི་བུ་ཏོ་ལུའུ་ཧན་ལ་སྲིད་གཏད་ཀྱང་མ་འགྱངས་པར་ནད་གྱིས་གཤེགས། དེའི་རང་གི་བུ་ཉི་ལི་ལ་སྲིད་གཏད། དེ་ཡང་མ་འགྱངས་པར་གཤེགས། དེ་བས་དེའི་བུ་ཉི་ཅེ་ཁྲི་ལོ་ཧན་གྱིས་སྲིད་བཟུང་། རྒྱལ་བོ་འདི་ནི་གཏུམ་དྲག་གཡུལ་གྱི་ལས་ལ་དགའ་བ་དང་རང་གི་འབངས་ལ་ལུགས་མེད་གཉའ་གནོན་དྲག་པོ་བྱས་པས་མངའ་འོག་གི་ཚོ་བ་ཁ་ཤས་ཀྱིས་བློ་ལོག་ནས་གཞན་ལ་སྐྱབས་འཚོལ་བ་དང་། ཏོ་ལུའུ་ཧན་གྱི་བུ། ཁོའི་ཁུ་བོ་ཧྲི་ཁེ་བྱ་བའང་བློ་ལོག་ནས༦༡༡ལོར་སྲིད་དབང་འཕྲོག དེ་ནས་གྲུ་གུ་ནུབ་མར་ནང་འཁྲུག་དང་སྲིད་དབང་འཕྲོག་རེས་ཀྱི་མཚམས་མ་ཆད་པར། སྤྱི་ལོ༦༥༡བར་དུ་རིམ་པ་ལྟར། ཐུང་ཡེ་ཧའུ་ཧན་དང་། མའོ་ཧུ་ཏོ་ཧིག་ཆའུ་ལི་ཟི་ཕི་ཧན། ཡེ་ཕི་པོ་ལོ་ཟི་ཡེ་ཧའུ་ཧན། ཏོ་ལུའུ་ཧན། ཧྲ་པོ་ལོ་ཞི་ལི་ཧྲི་ཧན། ཡེ་ཕི་ཏོ་ལུའུ་ཧན། ཡེ་ཕི་ཧྲ་པོ་ལོ་ཡེ་ཧའུ་ཧན། ཡེ་ཕི་ཧྲི་ཁེ་ཧན། ཧྲ་པོ་ལོ་ཧན་བཅས་རྒྱལ་རབས་བཅུ་སོང་བ་ལས་ཀྱང་ནང་འཁྲུག་སྲིད་འགྱུར་ཚབས་ཆེ་བ་གསལ་བོར་མཚོན་ཐུབ་པས་རྒྱལ་ཁབ་གྱི་ཟུངས་ཟད་དེ་སིལ་བུར་ཐོར་བས་མཚམས་རེར་བོད་ལ་གཏོགས་པ་དང་མཚམས་རེར་ཐང་ལ་གཏོགས་པའི་ལོ་རྒྱུས་ཀྱི་སྣང་ཚུལ་བྱུང་། དེ་ཡང་གྲུ་གུ་ནུབ་མའི་མངའ་ཁོངས་ནི་ཤིན་ཏུ་ཆེ་སྟེ། ཤར་དུ་ཨར་ཐེ་ཧྲན་རི་བོའི་བར་དང་། ལྷོ་རུ་ཁུ་ནུ་རི་བོའི་ལྷོ་རྒྱུད། ནུབ་དུ་ཡ་གླིང་དཀྱིལ་དབུས་ཀྱི་ཞན་ཧེ་རྒྱ་མཚོ་དེ་ཚྭ་མཚོའི་བར། བྱང་དུ་ཐེན་ཧྲན་རི་བོའི་བྱང་རྒྱུད་བཅས་ཀྱི་བར་གྱི་ས་ཁོངས་ཆེན་པོ་ཡིན།
          གཞན་ཡང་ཚོ་བཅུ་བྱུང་ཚུལ་ནི། ཧྲ་པོ་ལོ་ཞི་ལི་ཧྲི་ཧན་གྱིས་སྲིད་དབང་བཟུང་རྗེས་མངའ་འོག་གི་ཚོ་ཁག་ལ་ཁ་ལོ་བསྒྱུར་བདེ་བར་བྱེད་ཆེད། གྲུ་གུ་ནུབ་མ་ཚོ་ཁག་བཅུ་ལ་བགོས་པ་དང་། ཚོ་ཁག་རེ་རེ་ལ་མདའ་རེ་གནང་བས་མདའ་བཅུ་ཡང་ཟེར། ཚོ་བའི་འགོ་དཔོན་ནི་མདའི་བདག་པོ་ཡིན། ཚོ་བཅུ་དེ་ཡང་གཡས་གཡོན་ཤོག་པ་གཉིས་སུ་བགོས་ལ་གཡས་ཀྱི་ཤོག་པ་ལ་ཟི་ཅིན་ཚོ་ལྔ་དང་གཡོན་གྱི་ཤོག་པ་ལ་ཏོ་ལུའུ་ཚོ་ལྔ་ཟེར། དེ་ཡང་སོས་ཡེ་དཀྱིལ་དུ་བཞག་པ་ཡིན་ལ་ཟི་ཅིན་ཚོ་ལྔ་ནི་སོས་ཡེ་ཡི་ནུབ་ཕྱོགས་དང་ཏོ་ལུའུ་ཚོ་ལྔ་ནི་སོས་ཡེ་ཡི་ཤར་ཕྱོགས་སུ་མཆིས། དེ་བས་ཏོ་ལུའུ་ཚོ་ལྔ་སྐབས་དེའི་ཐང་རྒྱལ་ཁབ་དང་ཐག་ཉེ་ལ་ཟི་ཅིན་ཚོ་ལྔ་བོད་དང་ཉེ་བ་ཡིན། གཞན་ཡང་། སྡེ་བཞི་ཞེས་པ་ནི་ཨན་ཞི་སྡེ་བཞི་ཡིན་ལ། དེར་ཡང་དངོས་འཛིན་ཚུལ་མི་འདྲ་བ་སྣང་ཡང་། སྐབས་འདིར་བརྗོད་པ་ནི་ཆིག་ཚི་དང་། ལི་ཡུལ། སོས་ཡེ། ཧྲོའུ་ལི་བཅས་ཡིན་ལ། དེ་དག་ནི་སྐབས་དེའི་དར་གོས་ཚོང་ལམ་གྱི་འགག་སྒོ་ཡིན་པས་སྤྱི་ཚོགས་སམ་དཔལ་འབྱོར། ཡང་ན་འཐབ་ཇུས་སོགས་ཆ་གང་ནས་བལྟས་ཀྱང་ཐང་བོད་གཉིས་ནས་འགྲམ་ཆུ་ལྡང་བཞིན་པའི་གནད་ས་གཙོ་བོ་ཡིན། དེ་བས་ཁྱིམ་མཚེས་ཀྱི་སུའེ་རྒྱལ་རབས་སམ་དེའི་རྗེས་ཀྱི་ཐང་རྒྱལ་རབས་ཀྱིས་ཐེངས་མང་པོར་གྲུ་གུ་མངའ་འོག་ཏུ་ལེན་རྒྱུའི་ཇུས་བཀོད་འཐེན་པ་མ་ཟད། རྒྱལ་བློན་བར་དུ་དཀྲིགས་ཤིང་བཟོས་ནས་ནང་འཁྲུག་གིས་སྟོབས་ཤུགས་ཉམས་རྒུད་དུ་བཏང་། དཔེར་ན། སྤྱི་ལོ༦༠༡ལོར་ཤར་མའི་རྒྱལ་བོ་ཆའུ་མིན་ཧན་དང་ནུབ་མའི་རྒྱལ་བོ་ཏ་ཐུ་ཧན་གཉིས་ཀྱིས་ཤར་ནུབ་གཡུལ་འགྱེད་བྱེད་དུས་སུའེ་རྒྱལ་རབས་ཀྱིས་ཆའུ་མིན་ཧན་ལ་དཔུང་གྲོགས་བྱས་པ་དང་། སྤྱི་ལོ༦༥༧ལོར་ཐང་གི་དམག་དཔོན་སུའུ་ཏེན་ཧྥང་གིས་གྲུ་གུ་ནུབ་མར་དམག་དྲངས་ནས་རྒྱལ་བོ་ཧྲ་པོ་ལོ་ཧན་གྱི་སྲིད་དབང་བརླག་པ་ལྟ་བུའོ། །སྐབས་དེ་དག་ཏུ་བོད་དང་གྲུ་གུའི་འབྲེལ་བའང་ཤིན་ཏུ་ཟབ་མོ་ཡིན་སྟེ་ཏུན་ཧོང་ནས་བྱུང་བའི་ལོ་རྒྱུས་དོན་ཆེན་གནད་བསྡུས་སུ། ཕགི་ལོ་ལ་བབ་སྟེ༼སྤྱི་ལོ༦༧༥༽། ……བློན་བཙན་སྙས། ཞྀམས་གྱྀ་གུ་རན་དུ་ཞང་ཞུང་གྱྀ་མཁོས་བགྱྀསྟེ། དྲུ་གུ་ཡུལ་དུ་ལྟང་ཡོར་མཆིས། དགུན་བཙན་ཕོ་འོན་གྱྀ་སྣ་བོ་ན་བཞུགས་པར་ལོ་གཆྀག བྱི་བའི་ལོ་ལ་བབ་སྟེ༼སྤྱི་ལོ་༦༧༦༽། ……ཁྲྀ་མང་སློན་དགུང་དུ་གཤེགས། བཙན་ཕོ་སྲས་ཁྲྀ་འདུས་སྲོང་། སྒྲེགས་གྱྀ་ལྷ་ལུང་དུ་བལྟམ། བློན་བཙན་སྙས་དྲུ་གུ་ཡུལ་དུ་དྲངསྟེ། ལྡུམ་བུ་ཁྲྀ་བཤོས་ཁྲོམ་བཙལད་པར་ལོ་གཆིག ཁྱིའི་ལོ་ལ་བབ་སྟེ༼སྤྱི་ལོ་༦༨༦༽། ……བློན་ཁྲྀ་འབྲིང་གྱྀས། དྲུ་གུ་ཡུལ་དུ་དྲང་ཞེས་བགྱྀ་བ་ལས། ཕྱྀ་དལ་ཏེ། དབྱར་འདུན་ཤོང་སྣར་འདུས། ཕགི་ལོ་ལ་བབ་སྟེ༼སྤྱི་ལོ༦༨༧༽། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཁྲྀ་འབྲྀང་གྱིས། དྲུ་གུ་གུ་ཟན་ཡུལ་དུ་དྲངས། གླང་གི་ལོ་ལ་བབ་སྟེ༼སྤྱི་ལོ ༦༨༩༽། ……བློན་ཆེ་ཁྲྀ་འབྲྀང་དྲུ་གུ་ཡུལ་ནས་སླར་འཁོར་ཏེ། དགུན་འདུན་ཕུལ་པོ་ཉ་ཤ་ཚལ་དུ་འདུས་པར་ལོ་ཆིག[1]ཅེས་སོགས་བཀོད་ཡོད་པ་དང་། ཐང་ཡིག་གསར་མ་ལས་ཀྱང“ཞན་ཧིན་ཁྲི་ལོ༼༦༧༠ལོར༽དང་པོར། བྷོད་དམག་སླེབས་ཏེ་ཀྲིག་བཅོ་བརྒྱད་བཅོམ། བྷོད་པས་ལི་ཡུལ་པ་རྣམས་གྲོགས་སུ་བསྡེབས་ནས་ཆིག་ཚི་གྲོང་ཁྱེར་གྱི་པོ་ཧན་མཁར་ཡང་དབང་དུ་བསྡུས། དེ་ནས་ཨན་ཞི་སྡེ་བཞི་བྷོད་ལ་ཤོར”[2]ཞེས་པ་དང་། “ལོ་དེར་༼༦༩༠ལོར༽། ཝུའུ་ཧིག་ནས་ཡུག་ཡཱིན་དབྱང་ཝེ་དམག་དཔོན་ཝང་ཞའོ་ཅེ་བྱ་བ་ལ་ཝུའུ་ཝེ་ཏའོ་ཡི་གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་དུ་བཀའ་ཕབ། དེས་ཞོ་ཀྲིག་ཏུའུ་ཏུའུ་གྱི་ཐབས་ཡོད་པ་ཐང་ཞིག་ཅིན་དང་། ཙོ་ཝུ་ཝེ་དམག་དཔོན་ཆེན་མོ་ཨ་ཧྲི་ན་ཀྲུང་ཅེ་བྱ་བ་གྲོགས་སུ་ཁྲིད་ནས་བྷོད་དམག་ལ་འཐབ། བྷོད་དམག་མང་པོ་བསད། ཨན་ཞི་སྡེ་བཞི་སླར་ཡང་དབང་དུ་བསྡུས།”[3]ཞེས་སོགས་གསལ་བོར་བཀོད་ཡོད་པ་ལས་གྲུ་གུ་ནི་བོད་ཐང་གཉིས་ཀྱི་རྩོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྐབས་དེར་བོད་ཐང་གཉིས་ཀྱིས་གྲུ་གུའི་གནས་བབ་ལ་མཐོང་ཆེན་བྱས་པ་མངོན་པར་མཚོན་ཡོད། དེ་བས་ཐུན་ཏེན་དུ་བློན་ཆེན་པོ་མགར་ཁྲི་འབྲིང་གིས“དེ་ཡང་གྲུ་གུ་ཚོ་བཅུ་ལས་ཏོ་ལུའུ་ཚོ་ལྔ་ནི་ཨན་ཞི་དང་ཉེ་ལ་བོད་དང་རིང་ཡང་། ཟི་ཅིན་ཚོ་ཁག་ནི་བོད་ཁམས་དང་ཉེ་སྟེ། བར་དུ་བྱེ་ཐང་གཅིག་ཁོ་ན་ལས་ཆོད་མེད་པས། སྐྱ་དམག་གློ་བུར་དུ་བྱུང་ན། ཉིན་བཅུ་ཡང་མི་དགོས་པར་བོད་ཀྱི་རྒྱལ་སར་བསྙེགས་ཐུབ། དེ་བས། བོད་ལ་ཉེན་ཁ་ཆེན་པོར་གྱུར་པ་འདི་ཁོ་ན་ཡིན”ཞེས་དང་། “སྔ་དུས་སུ་གོང་མ་ཀའོ་ཙུང་གིས་ལིག་ཧྲིན་ལི་མངགས་ནས་མཚོ་སྔོན་པོ་ནས་འཐབ་པ་དང་། དེ་ནས་ཧོང་རིན་སུའུ་བྱ་བ་དང་ཅ་ཧྲུག་ཡུ་བྱ་བ་འདུམ་བྱེད་པའི་ཕོ་ཉར་བཏང་བས། ཁོ་བོའི་དཔོན་དམག་ཚང་མར་ཐེ་ཚོམ་སྤུ་ཙམ་མེད་པར་མཐའ་མཚམས་དམག་གི་ཟོན་ལྷོད། འདུམ་གྱི་མཇུག་མ་སྒྲིལ་གོང་བྱས་རྗེས་དང་མིང་ལ་ཆགས་ཞེན་ཆེ་བ་ཚོས་ཀྲི་པཱེན་བྱ་བས་ཟི་ཅིན་ཚོ་ལྔ་ནས་གླགས་བཙལ་ཏེ་དམག་དྲངས་ནས། ངེད་ཀྱི་འབངས་མང་པོར་གོད་ཆག་བཟོས་ཤིང་ནོར་ལུག་ཁྲི་ཕྲག་བཙན་གྱིས་འཕྲོག”ཅེས་གྲུ་གུ་འདོད་པའི་རྒྱུ་མཚན་དངོས་དོན་དང་སྦྱར་ནས་ལུགས་མཐུན་དུ་སྨྲས་པ་དང། ཀོ་ཡོན་ཀྲིན་གྱིས་གོང་མ་ལ“དེང་ཁྲི་འབྲིང་གི་འདོད་པ་དེ། གྲུ་གུ་ཚོ་བཅུ་བགོས་ཤིང་སྡེ་བཞི་ཡི་སྲུང་དམག་ཕྱིར་འཐེན་དུ་འཇུག་རྒྱུ་ནི་དམིགས་ཡུལ་ཡིན་ཏེ། རུང་ན་གསལ་ཐག་ལུང་གིས་གཅོད་འོས་ལ། མི་རུང་ན་བཀའ་ཡིས་བཀུར་ཏེ་གྲོགས་སུ་འགུག་རྒྱུ་ལས། ཐད་གར་བཟློག་པར་མི་རིགས་ཏེ། ཁྲི་འབྲིང་གི་རེ་ཐག་ཆད་ན་མཐའ་མཚམས་ཀྱི་འཁྲུག་པ་འཕེལ་བས་སོ། །”ཞེས་མགར་ཁྲི་འབྲིང་གི་འདོད་པ་ལྟར་གཅོད་མི་འོས་པའི་རྒྱུ་མཚན་དང་། “དེ་བས་ད་ལྟ་ཁྲི་འབྲིང་གི་ལན་དུ། རྒྱལ་ཁབ་ཀྱིས་སྡེ་བཞི་ལ་ཕངས་སེམས་སྐྱེས་པ་མིན་ལ། གནས་དེ་ནས་བོད་ཁམས་ཀྱི་མཇུག་མཚམས་བཀག་སྡོམ་གྱིས་བོད་ཀྱི་སྟོབས་ཤུགས་སིལ་བར་གཏོར་ཏེ། ཤར་ཕྱོགས་ལ་བཙན་འཛུལ་གྱི་ནུས་ཤུགས་སེལ་རྒྱུ་དེ་ཡིན་པ་དང་། གཞན་ཡང་། དེང་ཁྱོད་ཀྱི་འདོད་པ་བཞིན་དུ་སྡེ་བཞི་བཅད་ན། བོད་ཀྱི་སྟོབས་ཤུགས་ཇེ་ཆེར་འཕེལ་ནས་ཤར་ཕྱོགས་ལ་གནོད་པར་སྐྲག་པ་ཡིན། དངོས་ནས་ཤར་ཕྱོགས་འདོད་པ་མིན་ན། འ་ཞའི་ཚོ་ཁག་རྣམས་དང་མཚོ་སྔོན་པོའི་སྔར་གནས་རྣམས་ཕྱིར་ཐང་ལ་སྤྲོད་དང་། གྲུ་གུའི་ཟི་ཅིན་ཚོ་ཁག་བོད་ལ་དབང་ཆོག་ཅེས་བཤད་ན”འོས་ཞེས་ཐབས་ཀྱི་སྒོ་ནས་བཟློག་པར་བློ་བཏོན་པ་ལྟ་བུའི་གནས་ཚུལ་ཞིབ་མོ་འདི་དག་ནི་ཐབས་ཇུས་ཡིན་ལ་སྒྱུ་རྩལ་ཡང་ཡིན་པས་བོད་དང་། ཐང་། གྲུ་གུ་བཅས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤིན་ཏུ་མཁོ་བའི་ལོ་རྒྱུས་ཀྱི་ཡིག་ཚང་གལ་ཆེན་ཡིན་ནོ།།
          མདོར་ན། གོང་དུ་བརྗོད་པའི་ཕྱོགས་དྲུག་གི་རིན་ཐང་འདི་དག་ནི་ཡིག་ཚང་གཞན་ནས་མཐོང་བར་དཀོན་པའམ། ཡང་ན་ཡིག་ཚང་གཞན་པའི་ཁ་སྐོང་དུ་འགྲོ་བར་དམིགས་ནས་རང་བློས་སྤྱི་སྡོམ་ཙམ་བྱས་པ་ཡིན་ལ། ད་དུང་བཙན་པོའི་རབས་བརྗོད་པ་དང་བོད་ཐང་གི་འབྲེལ་བ་སོགས་ཕྱོགས་མང་པོ་ནས་ཡིག་ཚང་གི་རིན་ཐང་གལ་ཆེན་ལྡན་པས་བོད་གནའ་རབས་ཀྱི་ལོ་རྒྱུས་ལ་སྤྲོ་བ་ཡོད་པ་རྣམས་ཀྱིས་ཡིག་ཚང་དངོས་ཀློག་རྒྱུ་གལ་ཆེ། གཞན་ཡང་། བཙན་པོའི་གདུང་ཁུངས་བརྗོད་དུས“བོད་ཅེས་བྱ་བ་ནི་འ་ཞའི་ལྷོ་ནུབ་མཚམས་སུ་གནས་ལ་རྒྱལ་ཁབ་ཀྱི་ཆགས་ཚུལ་གསལ་བོར་མ་ངེས”ཞེས་པ་ནི་ཚད་མར་འཛིན་རྒྱུའི་བདེན་གཏམ་ཡིན་པ་ལས། “ལ་ལས་ཐུ་ཧྥ་ལི་ལོའི་ཀུ་ལ་ཧྥན་མྱི་ཞེས་བྱ་བའི་བུ་ཞིག་ཡོད་དེ། དེའི་རྗེ་བོ་ནའུ་ཐན་བྱ་བ་ཆེ་ཧྥོ་ཁྲི་འཕན་གྱིས་བསྣུབས་རྐྱེན། ཧྥན་མྱིས་དཔུང་གི་ལྷག་མ་རྣམས་ཁྲིད་ནས་ཅའུ་ཆི་མིན་ཞོན་ལ་མགོ་བཏེགས། དེ་ནས་ཝེ་རྒྱལ་རབས་ལྷོ་མའི་སྐབས་སུ་ཧྥན་མྱིའི་བུ་རྒྱུད་ལ་ལིན་ཟོང་ཅུན་གྱི་ཅུན་དཔོན་ཆུང་ངུའི་གོ་གནས་ཐོབ་པ་དང་། དཔོན་ཆེན་པོ་དང་བཅས་པ་ལ་འབངས་ཡོངས་ཀྱིས་བློ་སེམས་བཅོལ། ཝེ་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲུང་ཧྭ་ལ་ཟིང་འཁྲུགས་ལངས་སྐབས། ཁོང་ཚོས་ཆཱང་གི་ཚོ་ཁག་མང་པོ་བཀུག་ནས་སྟོབས་ཤུགས་ཉིན་རེ་བཞིན་ཇེ་ཆེར་སོང་བར་བརྟེན། རུས་བསྒྱུར་ནས་སྤུར་རྒྱལ་དུ་བཏགས།”ཞེས་པ་ནི་ཟེར་སྒྲོས་ཙམ་བཀོད་པ་ཡིན་པ་ཡིག་ཚང་ཉིད་ན་གསལ་བ་མ་ཟད། བོད་ཀྱི་ལོ་རྒྱུས་ཡིག་ཚང་བཀླགས་མྱོང་པ་ཀུན་གྱིས་གསལ་བོར་མཁྱེན་ཡང་། ཟེར་སྒྲོས་འདི་ཡིས་ཐང་ཡིག་གསར་རྙིང་སོགས་གནའ་རབས་རྒྱ་ཡིག་གི་ཡིག་ཚང་ཁ་ཤས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས་ཀློག་པ་པོ་ཀུན་གྱིས་མཐོང་ཚད་བདེན་པར་འཛིན་པའམ་མཐོང་ཚད་ལོག་པར་ལྟ་བའི་མཐའ་གཉིས་སྤང་ནས་སྙིགས་དོར་བཅུད་ལེན་བྱེད་རྒྱུ་གལ་ཆེའོ།།
          མཆན།
[1]གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཞེས་པའི་ཤོག་ངོས༦༤དང་། ༧༥དང་། ༧༦ན་གསལ། སྤྱི་ལོ༡༩༩༥ལོའི་ཟླ༨པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་ནས་བསྐྲུན།
[2][3]《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ཀྱི་ཤོག་ངོས༡༦དང་༢༥ན་གསལ། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། སྤྱི་ལོ༡༩༨༣ལོའི་ཟླ༦ པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ནས་བསྐྲུན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1