༄༅།།བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་པའི་སློབ་ཚན་གྱི་སློབ་ཁྲིད་གྲ་སྒྲིག

རེབ་གོང་བ་རྡོ་རྗེ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 06-24



 རེབ་གོང་བ་རྡོ་རྗེ་རྒྱལ།
          བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་པའི་གཞུང་འདི་རྗེ་རིན་པོ་ཆེའི་གསུང་པོད་ཁ་དུམ་པའི་ནང་དུ་བཞུགས། རྗེ་ཐམས་ཅད་མཁྱེན་པའི་གསུང་རྣམས་ནི་དགོངས་པ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་དང་། ཡིག་འབྲུ་རེ་རེས་ཀྱང་དོན་རྒྱ་ཆེན་པོ་སྟོན་ནུས་པ་དང་། ཁུངས་ཁྱད་པར་ཅན་རེ་མེད་མི་སྲིད་པ་ཡིན་པས་སུས་ཀྱང་འདི་དང་འདི་ལྟ་བུའོ་ཞེས་ཁ་ཚོན་གཅོད་པ་དཀའ་ན་ཡང་། ལྗོངས་ཞིང་ལྔས་མཉམ་སྒྲིག་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞི་ཚོད་ལྟའི་སློབ་དེབ་དང་པོར་བཀོད་པའི་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་པའི་སློབ་ཚན་ནི། ས་གནས་ཁག་གི་དགེ་སློབ་མི་ཉུང་བ་ཞིག་ལ་མཚོན་ན་དོན་ཇི་བཞིན་རྟོགས་པ་དཀའ་དཀའ་ལྟར་སྣང་བས་འདིའི་ངལ་བ་ཁྱད་དུ་གསོད་ཐུབ་པ་ཙམ་བྱུང་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་ཚིག་གི་འབྲུ་ནོན་པར་འགྲེལ་བ་ཁ་གསལ་ཉུང་བསྡུས་ཤིག་དང་། ཚན་པ་བགར་བ་ཐར་ཆགས་སུ་བཀོད་དེ་བྲི་རྒྱུ་ཡིན་ལ། རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་དང་། མིང་འགྲེལ། རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་འདིར་བྲིས་ན་མང་བར་དོགས་ནས་བསྐྱུངས་ཡོད།
          ས་བཅད་དང་པོ། ཐོག་མར་དགེ་བ་ཀླད་ཀྱི་དོན་ལ།
          རྩ་བར།
          ཨོཾ་བདེ་ལེགས་སུ་གྱུར་ཅིག
          ཅེས་པའི་ཨོཾ་ནི་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་པ། །དམ་བཅའ་བ་དང་བཀྲ་ཤིས་དོན།།ནོར་བུ་འཛིན་པའི་སྔགས་སུ་བཤད། །ཅེས་གསུངས་པ་ལྟར། ཨོཾ་ནི་བསོད་ནམས་ལེན་པ་ཞེས་པའི་དོན་ཡིན་པ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས་གསུངས། དེ་ལྟ་བུའི་ཨོཾ་གྱི་འཇུག་ཡུལ་མཆོག་ནི་དངོས་གྲུབ། ནོར་ནི་ལོངས་སྤྱོད། གཏེར་ནི་ལོངས་སྤྱོད་ཀྱི་རྒྱུ་བསོད་ནམས། དཔལ་ནི་དབང་ཕྱུག གཡང་ནི་ལུས་སེམས་བདེ་བ་མྱོང་བ། སྐལ་བཟང་ནི་སྐལ་བ་དྲུག་དང་ལྡན་པ། དམ་བཅའ་བ་ནི་མི་འགྱུར་བ། བཀྲ་ཤིས་ནི་ཤིས་པ་བརྗོད་པ། དེ་ལྟ་བུའི་ཨོཾ་གྱི་སྟོབས་ཀྱིས་སྔགས་འབྲུ་གཞན་རྣམས་ཀྱི་ནུས་པ་དགེ་ཞིང་བཀྲ་ཤིས་པར་སྦྱོར་བར་བྱེད་པས་ན་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་པ་ཡིན། བདེ་ལེགས་སུ་གྱུར་ཅིག་ཅེས་པ་ནི་གཞི་བསྡུ་བ་ལས། བདེ་འགྲོར་པའོ། །ཞེས་པ་ལྟར་རམ། ཡང་ན་གནས་སྐབས་ཀྱི་བདེ་བ་མངོན་མཐོ་ལྷ་མིའི་གོ་འཕང་དང་། མཐར་ཐུག་གི་ལེགས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཡིན་ནོ།།
          རྩ་བར།
          བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་བྱ་བ།
          ཞེས་པ་སྟེ། ལེགས་བཤད་སྙིང་པོ་ལས། ཤུགས་དྲག་རྒྱུན་མི་ཆད་པའི་དད་པ་ཡིས། །སྙིང་གི་པདྨའི་ལྟེ་བར་གུས་བསྟེན་པས། །གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཞེས་གསུངས་པ་དང་མཐུན་པར་འདིའི་བརྗོད་བྱ་ནི་རྒྱ་ཆེ་ཞིང་གྲངས་མང་བའི་ཤེས་བྱའི་ཆོས་མཐའ་དག་གམ་འཇིག་རྟེན་གྱི་ཁམས་འདིར་བདོག་པའི་དངོས་པོ་ཇི་སྙེད་པ་མཐའ་དག་གི་བླ་ནའམ་སྟེང་ངམ་གོང་ན་མེད་པ་ནི་རིན་པོ་ཆེ་ཡིན་ལ། དེའི་བྱེད་ལས་ལྡན་པའི་གང་ཟག་ཤེས་རབ་ཅན་དང་། གཞུང་ལུགས་གདམས་པར་ཤར་བ། སྙན་ངག་ཤེས་པ་སྟེ་གསུམ་གྱི་སྒོ་ནས་ཆོས་ཀྱི་རྒྱལ་པོ་རྗེ་བདག་ཉིད་ཆེན་པོས་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་སྦྱོར་བ་བྱེད་འདོད་པ་ནི་བསྟན་བཅོས་འདིའི་མཚན་བྱང་ཡིན་ལ་བསྟན་དོན་ཀྱང་ཡིན་པས་ན་གང་གི་སྒོ་ནས་མཚན་གསོལ་བའང་ཞར་ལ་ཤེས་ཐུབ་བོ། །
          རྩ་བར།
          རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་སྐྱབས་སུ་མཆིའོ། །
          ཞེས་པ་སྟེ། དེ་ཡང་རྗེ་བཙུན་ཞེས་པ་ནི་རང་ཉིད་ལ་དད་པའི་གདུལ་བྱ་རྣམས་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་ནམ། རྗེ་བོའམ། གཙོ་བོ་ཡིན་པས་ན་རྗེ། ཡང་ན་འགྲོ་བ་ལྷ་དང་བཅས་པའི་གཙུག་གི་ནོར་བུར་གྱུར་པས་ན་རྗེ། སྒོ་གསུམ་ཉེས་སྤྱོད་མཐའ་དག་ལས་སྡོམ་པས་ན་བཙུན་ཞེས་བརྗོད་ལ། དེ་ཡང་བླ་མ་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་དགེ་བའི་བཤེས་གཉེན་མཛད་ནས་དུས་གསུམ་གྱི་རྒྱལ་བའི་ཐུགས་ཀྱི་བཅུད་བསྡུས་པའི་ཟབ་རྒྱས་ཀྱི་གདམས་པ་རྒྱུན་མི་ཆད་པར་འདོམས་པ་ཡིན་པས་དེ་ལྟ་བུའི་བསྟོད་ཕྱག་གི་ཡུལ་དུ་གྱུར་བའི་བླ་མའི་གཙོ་བོ་འཇམ་པའི་དབྱངས་ཀྱིས་སྐྱིད་ཤོད་དགའ་བ་གདོང་དུ་ཞལ་མངོན་སུམ་དུ་གཟིགས་པ་ནས་བཟུང་སྟེ་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་མི་དང་མི་ལབ་པ་ལྟར་འདོམས་པར་མཛད་ཅིང་། ཐ་ན་འཁོར་བསྟེན་པ་དང་། འབྱོན་བཞུགས་ལ་སོགས་པའི་འཕྲལ་གྱི་སྤྱོད་ལམ་ཡང་ཕལ་ཆེར་མགོན་པོ་འཇམ་པའི་དབྱངས་ཉིད་ལ་ཞུས་ནས་ཇི་སྐད་ལུང་བསྟན་པ་བཞིན་མཛད་པས་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་དམའ་ཤོས་ཞབས་མེ་ཏོག་པདྨོའི་གཟུགས་སུ་བྱས་ནས་དེ་ལ་ལུས་ངག་གཉིས་ཀྱིས་འདུད་པའམ་ཕྱག་འཚལ་ཞིང་ཡིད་ཀྱི་རྒྱུ་བ་དད་གུས་ཆེན་པོས་སྐྱབས་སུ་མཆིའོ། །ཞེས་པ་ཡིན་ལ། དགོས་པ་ནི་རྗེ་བཙུན་ཙོང་ཁ་པ་ཆེན་པོས་བསྟན་བཅོས་འདི་ཉིད་རྩོམ་དུས་ཐོག་མར་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པར་ཕྱག་འཚལ་བ་ཡིན་ལ། རྩོམ་པ་མཐར་ཕྱིན་པ་སོགས་གནས་སྐབས་དང་མཐར་ཐུག་གི་བཞེད་དོན་བདེ་བླག་ཏུ་འགྲུབ་པའི་ཆེད་དུ་ཡང་ཡིན་ནོ། །
          རྩ་བར།
          རབ་བརྟན་དད་པས་རྒྱལ་བའི་རྗེས་འཇུག་ཅིང་། །
          མངོན་པར་སྦྱོར་བ་མི་དམན་རྣམ་དཔྱོད་ཀྱིས། །
          ཐུབ་པའི་གསུང་ལས་སྙིང་བོར་ལེན་འདོད་ལ། །
          རིན་ཆེན་གཏམ་གྱི་སྦྱོར་བ་སྒྲོག་འདོད་པས། །
          ཞེས་པ་སྟེ། ཤུགས་དྲག་ཅིང་རྒྱུན་རིང་ལ་རབ་ཏུ་བརྟན་པའི་དད་པ་སྟེ་ཡིད་ཆེས་ཀྱི་དད་པ་དང་ཕྱིར་མི་ལྡོག་པའི་དད་པས་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱལ་བ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་གི་བསྟན་པ་རིན་པོ་ཆེའི་རྗེས་སུ་འཇུག་པར་བྱེད་ཅིང་། རྟག་གུས་ཀྱི་ཆ་ལ་མངོན་པར་སྦྱོར་བ་མི་དམན་ཞིང་རྣམ་པར་དཔྱོད་པའི་རྩལ་ཡོངས་སུ་རྫོགས་ཏེ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལས་སྙིང་པོ་དང་ཡང་སྙིང་ལྟ་བུར་གྱུར་པ་ཡང་དག་པའི་ལྟ་བ་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དེ་རྟོགས་ན་ཕན་ཡོན་རྒྱ་ཆེན་པོ་ཡོད་དེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། བཤེས་སྤྲིངས་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་གསུངས་པའི་དགོངས་དོན་རང་རྒྱུད་ལ་ལེན་འདོད་པའི་གང་ཟག་དག་ལ་རིན་པོ་ཆེ་ལྟ་བུའི་གཏམ་གྱི་སྦྱོར་བ་ཞིག་རྗེ་བདག་ཉིད་ཆེན་པོས་སྒྲོག་པ་སྟེ་འཆད་འདོད་པ་ཡིན། པས་ནི་རྣམ་དབྱེ་གསུམ་པ་བྱེད་པ་རྒྱུ་མཚན་ལ་འཇུག་པའི་ཕྲད་ཡིན་ནོ། །
          རྩ་བར།
          གང་གི་ཐུགས་རྗེའི་གཟེགས་མའི་ཆ་ཤས་ཙམ། །
          ཡིད་ལ་ཞུགས་པ་ཡིས་ཀྱང་རྩོལ་མེད་པར། །
          ཚིག་གི་མཆོག་སྦྱིན་སྟེར་མཛད་འཇམ་པའི་དབྱངས། །
          དེ་ལ་འདུད་དོ་རེ་བ་འབྲས་ལྡན་མཛོད། །
          ཅེས་པ་སྟེ། རྗེ་བདག་ཉིད་ཆེན་པོས་ལྷག་པའི་ལྷའི་ཞལ་གཟིགས་ཚུལ་ནི། གསང་ཕུར་དབྱངས་ཅན་མའི་ཞལ་གཟིགས།ཆོས་ལུང་དགོན་པར་སངས་རྒྱས་སོ་ལྔ་དང་། སྨན་བླ། ཚེ་དཔག་མེད། བྱམས་པ་བཅས་ཀྱི་ཞལ་གཟིགས། ཙ་རིར་འཁོར་ལོ་བདེ་མཆོག་གིས་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། གཉལ་དུ་དཔལ་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་ཞལ་གཟིགས། རྭ་སྒྲེང་དུ་བསྟན་པའི་བདག་པོ་ནས་ལྷོ་བྲག་གྲུབ་ཆེན་བར་གྱི་ལམ་རིམ་བླ་མ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་གཟིགས། དགའ་ལྡན་དུ་སྟོན་པ་བཅོམ་ལྡན་འདས་གསེར་རི་ལྟ་བུས་ཞལ་གཟིགས་པ་ཡིན་ལ། ལྷག་པར་དུ་གང་གི་ཞེས་སྟོད་ལུང་དགའ་བ་གདོང་དང་རྒྱ་སོག་ཕུ་རུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས། གསུང་གིས་དབུགས་རབ་དབྱུང་བའི་ཐུགས་རྗེ་དེ་ཉིད་རྡོ་རྗེའི་གཟེགས་མ་སྟེ་དེའི་ཆ་ཤས་ཙམ་གྱི་གཟུགས་སུ་བྱས་ནས་དེ་ཉིད་རྗེ་ཐམས་ཅད་མཁྱེན་པའི་ཡིད་དམ་ཐུགས་རྒྱུད་ལ་ཞུགས་པ་ཙམ་གྱིས་ཀྱང་འབད་པ་དང་རྩོལ་བ་ལ་བརྟེན་པ་མེད་པར་རྗོད་བྱེད་ཚིག་གི་ཉམས་རྩོལ་མེད་དུ་འདོན་པ་ལ་མཆོག་གི་དངོས་གྲུབ་སྦྱིན་པའམ་སྟེར་བར་མཛད་པ་པོ་བླ་མ་འཇམ་པའི་དབྱངས་དེ་ཉིད་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་པ་ཡིན་ན་བདག་གིས་གང་འཆད་པར་འདོད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བར་རེ་བའི་འབྲས་བུ་ལ་དོན་ལྡན་པ་སྟེ་དོན་ཡོད་པར་མཛོད་ཅིག་ཅེས་སྐུལ་བའོ། །
          ས་བཅད་གཉིས་པ། བར་དུ་དགེ་བ་གཞུང་གི་དོན་ལ།
          དང་པོ། གཞུང་འདིའི་བསྟན་བྱ་གང་ཡིན་ངོ་སྤྲོད་པ་ལ།
          རྩ་བར།
          སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །
          ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ། །
          དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །
          བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན། །
          ཞེས་པ་སྟེ། སྲིད་པ་འཁོར་བའི་ཕུན་ཚོགས་ནི་འཇིག་རྟེན་པའི་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནམ། ཁང་བ་མཁར་ལས། བུ་དང་བུ་མོ་སོགས་ཀྱི་འདོད་པའི་རྩེད་འཇོ་ལ་ཆགས་ཤིང་ཞེན་པ་སོགས་ཡིན་ལ། དེ་ཉིད་མ་བརྟགས་མ་དཔྱད་པའི་སྣང་ངོར་བཟང་དགུ་དང་མཛེས་དགུ་རུ་འཆར་ན་ཡང་། བརྟགས་ཤིང་དཔྱད་ན་རྒྱུ་མི་གཙང་བ་ལས་འབྲས་བུ་གཙང་བ་མི་འབྱུང་བ་ལྟར་སྲིད་པའི་ཕུན་ཚོགས་ལ་ལོངས་སུ་སྤྱད་པས་མི་ངོམས་ཤིང་། གསོག་སྲུང་ལ་སོགས་པའི་སྡུག་བསྔལ་ཀུན་གྱི་སྒོར་གྱུར་པ། ཡིད་བརྟན་དུ་མི་རུང་བ་ཡིན་ན་ཡང་ད་དུང་དེ་ལ་ཆགས་ཤིང་ཞེན་པ་ནི་མ་གོ་བ་ཆེན་པོ་སྟེ། འདི་དག་དུས་གཅིག་ལ་མི་སྡོད་པར་གཡོ་བར་བྱེད་པའི་ཆ་ནས་གློག་གི་གར་འཁྲབ་པ་སྟེ་གློག་འཁྱུག་པ་ལྟ་བུ་དང་། གཞོན་དུས་ཀྱི་ལང་ཚོ་དེ་ཡང་། ཇི་སྐད་དུ། ཉམས་མྱོང་རྒན་པོའི་འབེལ་གཏམ་ལས། རྒྱུགས་ན་གྱི་ལང་རྟ་ཡང་ཟིན། །བཟུང་ན་བྱང་ཁའི་འབྲོང་ཡང་ཐུབ། །ཡང་ཟོར་ནམ་མཁའི་བྱ་དང་མཚུངས། །མཛེས་པ་ལྷ་ཕྲུག་གཞོན་ནུ་འདྲ། །བཀྲག་མདངས་ཅན་གྱི་གོས་ཀྱང་གྱོན། །རིན་ཐང་ཅན་གྱི་རྒྱན་ཡང་བཏགས། །ཞིམ་མངར་ཅན་གྱི་ཟས་ཀྱང་ཟོས། །བང་རྩལ་ཅན་གྱི་རྟ་ཡང་ཞོན། །རྩེད་དགོད་མ་བྱས་གཅིག་ཀྱང་མེད། །དགའ་སྐྱིད་མ་མྱོང་གཅིག་ཀྱང་མེད། །ཅེས་གསུངས་པ་ལྟར་དར་ལ་བབ་པའི་ལང་ཚོས་མཚོན་པའི་བརྟན་གཡོ་སྣོད་བཅུད་མཐའ་དག་གནས་གཅིག་ཏུ་མི་སྡོད་སྡོད་པའི་རང་དབང་མེད་པར་རྒྱུགས་པར་བྱེད་པས་རི་གཟར་ནས་འབབ་པའི་ཆུ་དང་འདྲ་བར་མི་རྟག་པའི་རང་བཞིན་ཅན་ཡིན་པར་རྟོགས་ནས་བླང་དོར་གྱི་གནས་ལ་མ་རྨོངས་ཤིང་མཁྱེན་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པའི་བློ་གྲོས་ཆེན་པོ་མངའ་བ་འགའ་ཞིག་གིས་ད་ནི་བདག་ཅག་རྣམས་ཀྱི་ཤེས་པར་བྱ་བའི་ཡུལ་རིག་པའི་གནས་གང་དང་གང་དག་ལ་སྦྱང་བ་བྱེད་དགོས་པ་ཡིན་སྙམ་པའི་བློ་སྐྱེ་བ་ན་ཞེས་པའི་དོན་ནོ། །
          རྩ་བར།
          རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་། །
          གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །
          ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །
          ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །
          ཞེས་པ་སྟེ། ཐེག་པ་ཆེ་ཆུང་གི་གཞུང་དང་། བདེན་བཞིའི་བླང་དོར། བདེན་གཉིས་ཀྱི་ངོ་བོ་སོགས་གཏན་ཚིགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་སྐྱེ་དགོས་པས་ན་བླང་དོར་གཏན་ལ་འབེབས་པའི་སྒོ་ནི་རིགས་པའི་ལམ་གྱི་འགྲོས་ཕྲ་མོ་ཡིན་ཡང་གཞུང་དོན་སོ་སོར་འབྱེད་པ་ལ་ཟླ་ནས་ཟླ་དང་ལོ་ནས་ལོའི་བར་དུ་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་མཐའ་ཆོད་པར་སྦྱང་དགོས་པ་དང་། སྤྱིར་གསུང་རབ་ཐམས་ཅད་གདམས་ངག་གི་མཆོག་ཡིན་ཡང་བློ་མ་སྦྱངས་པའི་ལས་དང་པོ་བས་གཞུང་ཆེན་མོ་དག་གི་དགོངས་དོན་རང་སྟོབས་ཀྱིས་རྟོགས་ནས་གདམས་ངག་ཏུ་འཆར་བ་ཞིག་ཉམས་སུ་ལེན་མི་ཤེས་པས་དེ་འཆར་བ་ལ་ངེས་པར་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ནས་བཟུང་སྟེ་འཕགས་བོད་མཁས་པའི་ཞལ་གྱི་པདྨོ་ལས་ཐོན་པའི་གཞུང་ལུགས་སམ་གསུང་རབ་ནི་བཤད་པའི་ཆོས་དང་སྒྲུབ་པའི་ཆོས་ཞེས་སོ་སོ་བའམ་གཉིས་སུ་མེད་པར་གང་གསུངས་ཚད་ཐམས་ཅད་ཀྱི་དགོངས་པ་རྙེད་པ་ལ་བླ་མ་དང་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་པ། ཚོགས་བསག་ཅིང་སྒྲིབ་པ་སྦྱངས་པ། གཞུང་ཆེན་མོ་དག་ལ་བལྟ་རྟོག་བྱེད་པ་གསུམ་སུམ་དྲིལ་དུ་ཚིམ་མི་སླ་བར་རྒྱུན་བསྲིངས་ནས་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའམ་འཆར་བའི་ཉམས་ལེན་ལ་བརྩོན་དགོས་པ་ཡིན། ཐོས་བསམ་བྱས་ནས་གཞུང་ཐམས་ཅད་ཉམས་ལེན་གྱི་དུས་སུ་མི་དགོས་པར་འདོད་པ་ནི་སྐྱོན་ཤིན་ཏུ་ཆེ་སྟེ། ལམ་རིམ་ལས། མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གསུང་རབ་གདམས་པར་ཤར་བ་མེད་པས་ནོངས། །ཞེས་གསུངས་པ་ལྟར་ཡིན་ལ། ཉམས་སུ་ལེན་པ་ལ་ཤེས་དགོས། ཤེས་པ་ལ་ཐོས་དགོས་པས་ཐོས་པའི་དོན་ཉམས་སུ་མི་ལེན་ན་ཐོས་པ་བྱས་པ་ལ་དགོས་པ་ཅི་ཡང་མེད་དེ། དཔེར་ན། སོ་ནམ་ལ་འབད་འབད་ནས་སྟོན་ཁའི་དུས་སུ་རྩྭ་ཟ་ཟེར་བ་དང་འདྲ་བ་ཡིན། དེ་ནས་བསྟན་བཅོས་སྤྱི་དང་ཁྱད་པར་སྙན་ངག་གི་བསྟན་བཅོས་མ་སྦྱངས་ཤིང་མ་ཤེས་པ་དེས་སྐྱོན་ཡོན་གྱི་ཁྱད་པར་ཇི་བཞིན་འབྱེད་མི་ཤེས་པ་དང་། མདོ་རྒྱུད་བསྟན་བཅོས་ཀྱང་ཕལ་ཆེར་སྙན་ངག་གི་གཞུང་ཁོ་ནར་གནས་པས་ན་དེ་དག་གི་སྒྲ་དོན་མི་ཤེས་པར་དགོངས་པ་ཕྱིན་ཅི་ལོག་ཏུ་བཀྲལ་བས་མཁས་པ་རྣམས་ཀྱིས་ཁྲེལ་བའི་གནས་ཡིན་ལ། སྙན་ངག་དང་མི་ལྡན་པའི་གྲོང་ཚིག་ཙམ་ལ་བརྟེན་པ་ལ་དོན་བཟང་པོར་རློམ་ཡང་མཁས་པའི་མདུན་སར་རྩིས་སུ་མེད་པ་དང་། དོན་ཟབ་མོ་འཚོལ་བ་ལ་ཚིག་གི་ཐ་སྙད་ལ་བརྟེན་དགོས་པས་ཚིག་རྒྱན་གྱི་སྦྱོར་ཚུལ་དང་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་གམ་སྨྲ་བ་ངག་གི་དཔལ་ལམ་སྙན་ངག་གི་རིག་པ་འདི་ལ་བསླབ་ཅིང་མཁས་པར་བྱ་དགོས་ཏེ་སྙན་ངག་ནི་རིག་གནས་ཀུན་ལ་ལྟ་བའི་མིག་ལྟ་བུ་ཡིན་པའི་ཕྱིར་རོ། །དེས་ན་སྤྱིར་གང་ཟག་རྣམ་དཔྱོད་ཅན་དེ་དཀོན་པ་ཡིན་ལ། གལ་ཏེ་དེ་ཡོད་ཀྱང་དེ་ལས་གཞུང་ལུགས་གདམས་པར་ཤར་བ་དཀོན་པ་དང་། དེ་གཉིས་ཀ་ཚོགས་ཀྱང་དེའི་སྟེང་དུ་སྙན་ངག་ཤེས་པ་གསུམ་འཛོམས་ན་ས་ཡི་སྟེང་འདི་ན་རིན་པོ་ཆེ་རྣམ་པ་གསུམ་སྣང་བ་ཡིན་མོད་གཞི་གང་ཟག་གཅིག་ལ་དེ་དག་ཚང་བ་ཤིན་ཏུ་དཀོན་ཞེས་དེ་དག་གི་ཆེ་བ་བརྗོད་པ་ཡིན་ནོ། །
          རྩ་བར།
          འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །
          རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །
          རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །
          མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །
          ཞེས་པ་སྟེ། བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་གཞུང་འདིར་བསྟན་པའི་རིགས་པའི་གསང་ཚིག་འབྱེད་བྱེད་ཀྱི་རྣམ་དཔྱོད་དང་། གཞུང་ལུགས་གདམས་ངག་ཏུ་འཆར་བའི་ཉམས་ལེན་དང་། ཚིག་རྒྱན་གྱི་སྦྱོར་བ་ལ་མཁས་པའི་ངག་གི་དཔལ་གསུམ་ནི་རིག་པ་དོན་དུ་གཉེར་བའི་གང་ཟག་ཅིག་ལ་མཚོན་ན་ཤིན་ཏུ་འབྱུང་བའམ་ཐོབ་དཀོན་ཞིང་། བརྒྱ་ལ་ཐོབ་པ་བྱུང་ན་ཅི་འདོད་པའི་དངོས་གྲུབ་ཀྱི་ཆར་བ་བར་མེད་དུ་འཇོ་བ་དང་། ངོ་མཚར་རྨད་དུ་བྱུང་བའི་དགའ་སྤྲོའི་སྣང་བ་རྒྱས་པར་བྱེད་པས་ན་ནོར་བུ་ལས་ཀྱང་ལྷག་པའི་རིན་པོ་ཆེ་ཞེས་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་ཞིང་མདོ་རྒྱུད་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཉི་ཟླ་དང་མཉམ་པ་རྣམས་ལ་རླུང་ལྟར་གྲགས་སྟབས། མཁས་པའི་ཐུགས་ཡིད་རང་དབང་མེད་པ་དང་ཅིག་ཅར་ཉིད་དུ་འཕྲོག་པར་བྱེད་པ་ལ་གང་ཟག་ཤེས་རབ་ཅན་དང་། ཉམས་ལེན་པ། སྙན་ངག་ཤེས་པ་གསུམ་ལས་ལྷག་པའི་རིན་པོ་ཆེ་གཞན་ཞིག་འཇིག་རྟེན་གྱི་ཁམས་སུ་ཡོད་མིན་པ་སྟེ་ཡོད་པ་མ་ཡིན་ནོ། །ཞེས་པའོ། །
          གཉིས་པ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་དངོས་སྟོན་པ་ལ།
          1. རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་ཀྱི་དོན་སྟོན་པ།
          རྩ་བར།
          སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང་། །
          ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །
          ལེགས་པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས། །
          བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །
          ཤིན་ཏུ་ཟབ་གནས་མཐོང་བ་སྨོས་ཅི་དགོས། །
          ཞེས་པ་སྟེ། སྨྲ་བ་རྣམས་ཀྱི་ཁྱུ་མཆོག་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། དཔལ་ན་ལེནྡྲའི་དགོན་པར་ཞུགས་ཏེ་མཁན་པོ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་མཐའ་དག་ལ་མཁས་པར་སྦྱངས་ཏེ་བསླབ་པ་འཆལ་བའི་དགེ་སློང་མང་པོ་གནས་ནས་བསྐྲད། ཐེག་པ་ཆེན་པོར་སྐུར་བ་བཏབ་པ་རྣམས་ལུང་རིགས་གཉིས་ཀྱིས་ཚར་བཅད། ཀླུ་ཡུལ་ནས་ཡུམ་རྒྱས་པ་གདན་དྲངས། ཆོས་ཀྱི་བདག་མེད་གཏན་ལ་ཕབ་སྟེ་ཐེག་པ་ཆེན་པོའི་བཀའ་ཡོད་པ་དང་། ཐར་པ་ཙམ་ཐོབ་པ་ལའང་སྟོང་ཉིད་རྟོགས་དགོས་པ་དང་། མཐའ་གཉིས་སེལ་བའི་དབུས་ལ་གནས་པའམ་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་ཁས་མི་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའི་སྲོལ་བཏོད། ཐེག་པ་ཆེན་པོའི་གསུང་རབ་ཀྱི་དགོངས་པ་ཟབ་རྒྱས་གཉིས་རྒྱས་པར་སྟོན་པ་རིགས་པའི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རིགས་ཚོགས་དྲུག་རྣམས་མཛད། ཡབ་བམ་སློབ་དཔོན་མཆོག་གི་ཐུགས་སྲས་གདུལ་བྱ་མང་པོའི་ནང་ནས་སློབ་དཔོན་ཨརྱ་དེ་བ་ནི་རྗེས་འཇུག་ཐམས་ཅད་ཀྱིས་འཕགས་པ་ཀླུ་སྒྲུབ་དང་འདྲ་བར་ཡིད་ཆེས་བྱེད། མུ་སྟེགས་རྟ་དབྱངས་ཞེས་ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་དབང་དེ་རྩོད་པ་དང་རྫུ་འཕྲུལ་ཉིས་ཆར་ནས་ཕམ་པར་མཛད་དེ་མུ་སྟེགས་པ་མང་པོ་ནང་བར་བཅུག། ཀླུ་སྒྲུབ་ཀྱི་དགོངས་པ་བཀྲལ་བའི་གཞུང་རྣལ་འབྱོར་སྤྱོད་པའི་བཞི་བརྒྱ་བ་དང་། སྔགས་ཕྱོགས་ལ་སྤྱོད་བསྡུས་སྒྲོན་མེ། བདག་བྱིན་རླབས་ཀྱི་རིམ་པ་སོགས་ལྗགས་རྩོམ་གནང་། དེ་གཉིས་ལ་གཞུང་ཕྱི་མོ་བའི་དབུ་མ་བར་གྲགས། ཕྱིན་ཅི་ལོག་གི་སྨྲ་བ་ངན་པ་མཐའ་དག་རིགས་པ་ཡང་དག་གིས་ཚར་གཅོད་པ་ལ་མཁས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། བྱེ་སྨྲའི་སློབ་དཔོན་གླང་པོ་བྱིན་ལས་རབ་ཏུ་བྱུང་སྟེ་ཉན་ཐོས་ཀྱི་གྲུབ་མཐའ་ལ་མཁས་པར་སྦྱངས། མཐར་སློབ་དཔོན་དབྱིག་གཉེན་ལས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་གསན། རྒྱ་གར་ཤར་ཕྱོགས་ཨོ་ཊི་བི་ཤའི་སྒྲུབ་ཕུག་ཏུ་སྐུ་ཚེ་མ་རྫོགས་ཀྱི་བར་དུ་དེར་བཞུགས་ནས་སྒོམ་སྒྲུབ་དང་། སྐབས་སྐབས་སུ་ཆོས་འཆད་པ།མུ་སྟེགས་ཀྱི་རྩོད་པ་བཟློག་པ། བསྟན་བཅོས་ལ་ཚད་མ་མདོ་ཀུན་ལས་བཏུས་པ་དང་། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ།ཕྱོགས་ཆོས་དགུའི་འཁོར་ལོ་སོགས་མང་དུ་མཛད། དཔལ་ལྡན་ཆོས་ཀྱི་གྲགས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་བོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེའི་དངོས་སློབ་ཡིན། དེ་ལས་ཚད་མ་ཀུན་བཏུས་ཚར་གསུམ་གསན། ནལེནྡྲར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་མང་པོ་སྔ་རྗེས་སུ་ཕམ་པར་མཛད། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཕེབས་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་ཚད་མ་སྡེ་བདུན་སོགས་བསྟན་བཅོས་མང་པོ་བརྩམས་ཏེ་སངས་རྒྱས་ཆོས་ལུགས་དར་བར་མཛད་པ་སྟེ། མདོར་ན། སྨྲ་བའི་ཁྱུ་མཆོག་རྣམ་གཉིས་དང་། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གངས་ཀྱི་རི་བོ་ལས་ལེགས་པར་འོངས་པའི་རིགས་པའི་གསང་ཚིག་ཕྲ་མོའི་བདུད་རྩིའི་ཆུ་རྒྱུན་གྱིས་བློ་གྲོས་ཀྱི་ལྟ་བྱེད་མིག་ལ་སྒྲིབ་པའི་རྨོངས་པའི་དྲི་མ་རབ་རིབ་དེ་ཡང་ནས་ཡང་དུ་མ་བཀྲུས་ན་ཤིན་ཏུ་རྟོགས་དཀའ་ཞིང་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་ཆོས་ཐམས་ཅད་ཀྱི་ཟབ་མོའི་གནས་ལུགས་མཐར་ཐུག་པ་སྟོང་བ་ཉིད་ཀྱི་ལྟ་བའི་དོན་མཐོང་བའམ་རྟོགས་པ་སྨོས་ཅི་ལ་དགོས་ཏེ་བཤད་མ་དགོས་པའོ། །ཞེས་པའོ། །
          རྩ་བར།
          རགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན། །
          ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང་། །
          གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གི །
          ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །
          ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །
          འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས། །
          ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །
          ཞེས་པ་སྟེ། དྲང་སྲོང་དང་པཎྚི་ཏས་བྱས་པའི་ཐུན་མོང་གི་རིག་གནས་སྒྲ་ཚད་བཟོ་གསོ་རྩིས་སྙན་མངོན་སྡེབ་ཟློས་གར་གྱི་བསྟན་བཅོས་དང་། ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་དོན་རྟོགས་དཀའ་ཞིང་འཁྲུལ་གཞི་ཡོད་པ་དག་ལྟ་ཅི། རགས་པའི་ལུང་གི་བརྗོད་དོན་ཙམ་ལ་ཡང་དཔྱོད་པ་སྟེ་རིགས་པས་ཞིབ་ཏུ་སེམས་ན་ཡང་རགས་བཤད་ཆུ་མི་ཐུབ་པའི་སྐྱོན་གྱིས་གཞུང་དོན་བདེ་བླག་ཏུ་རྟོགས་པ་ལྟ་ཅི། ཕལ་ཆེར་རྨོངས་པའི་དབང་གིས་ཕྱིན་ཅི་ལོག་གི་རྟོག་པ་མང་པོ་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་ཡང་ནས་ཡང་དུ་འཕེལ་བར་འགྱུར་ཞིང་། གལ་ཏེ་ཡང་དག་དམ་བཅའ་སྟེ་ཁས་ལེན་ཅུང་ཟད་ཙམ་ཞིག་གི་ངེས་པ་རྙེད་ཀྱང་དོན་ངེས་པའི་སྒྲུབ་བྱེད་དམ་རང་ལུགས་འཐད་ལྡན་དུ་སྒྲུབ་པ་དང་། གཞན་ལུགས་དགག་པའི་སུན་འབྱིན་གྱི་རིགས་ལམ་ཕྲ་མོ་འབྱེད་པའི་ཚད་མའི་རྣམ་དཔྱོད་ཀྱི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་པ་སྟེ་བརྡར་ཤ་གཅོད་མ་ཐུབ་པའི་ཕྱིར་ན། འདི་ནི་ཁོ་བོའི་སློབ་དཔོན་དང་མཁས་པ་ཆེ་གེ་མོའི་བཞེད་པ་དང་མི་མཐུན་ལ། ཁོ་བོའི་འདོད་པ་དང་གོ་བ་ལེན་ཚུལ་ལའང་མི་མཐུན་ཞེས་གཏན་ཚིགས་ལྟར་སྣང་རེ་བཀོད་ནས་རིགས་པ་ཡང་དག་གི་དཔྱད་པ་མེད་པར་སྒྲོབ་ཉམས་ཀྱིས་འགྱིངས་པ་ནི། དཔེར་ན།འདམ་རྫབ་ཆེན་པོའི་ནང་དུ་བཏབ་པ་སྟེ་སླ་བའི་འདམ་ལ་གདབ་པའི་ཕུར་བ་བཞིན་དུ་འགྱུར་བས་ན་གཞུང་དོན་རབ་འབྱམས་ལ་ཡང་དག་པའི་བག་ཆགས་བརྟན་པོ་ཞིག་འཇོག་མི་ནུས་པར་མ་ཟད་སྡིག་པའི་བག་ཆགས་བརྟན་པོ་ཐོབ་པའང་ཆོས་ཉིད་ཡིན་ནོ། །ཞེས་པའོ། །
          རྩ་བར།
          འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང་། །
          ཤར་དུ་འགྲོ་འདོད་ནུབ་ཏུ་བགྲོད་པ་དང་། །
          ཟླ་འོད་ཕོག་པས་ཡི་དྭགས་བསྲེག་པ་བཞིན། །
          རིགས་གཞུང་ཉིད་ལ་བརྟེན་པའི་ལོག་རྟོག་གིས། །
          བློ་མིག་ཡང་དང་ཡང་དུ་བསླད་པའི་མཐུས། །
          འདི་ཕྱིའི་དགེ་ལེགས་ཀུན་འཇོམས་ཡུན་རིང་དུ། །
          ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །
          ཆེས་ཆེར་བརྟན་པོ་གསོག་པ་མང་དུ་སྣང་། །
          ཞེས་པ་སྟེ། དམ་པའི་ཆོས་ཀྱི་ཐང་མ་བརྡལ་བའི་གདན་ས་ཆེན་པོ་གསུམ་དང་གྲྭ་ཚང་ཆེན་པོ་དྲུག་གིས་མཚོན་པའི་དབུས་གཙང་གི་ཡུལ་གྲུ་འདི་ན་དབུ་ཚད་ཀྱིས་བསྡུས་པའི་རིགས་པའི་གཞུང་ལུགས་གཉིས་ལ་རྟག་གུས་ཀྱི་བརྩོན་འགྲུས་ལ་བརྟེན་ནས་སྦྱངས་པ་དཔྱིས་ཕྱིན་པ་གནང་ན་ཡང་། དོན་གྱི་གནད་ལ་གཏུགས་ཚེ་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་བཞིན་དུ་ཤར་དུ་འགྲོ་བར་འདོད་པའི་སྐྱེ་བོ་རྣམས་ནུབ་ཀྱི་ཕྱོགས་སུ་བགྲོད་པ་དང་། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་འཚོལ་བ་དང་། བསིལ་བའི་རང་བཞིན་ཅན་གྱི་ཟླ་བའི་འོད་ཟེར་ཕོག་པས་ཡི་དྭགས་ལ་ཕྱིན་ཅི་ལོག་གི་སྣང་བས་སྲེག་པར་བྱེད་པ་བཞིན། རིགས་གཞུང་སྟེ་དབུ་ཚད་ཀྱི་རིགས་པའི་གཞུང་ལུགས་ཉིད་ལ་བརྟེན་པ་སྟེ་ཐོས་བསམ་བྱེད་པའི་སྐབས་བསླབ་བྱའི་གནས་ལ་ཕྱོགས་རིས་དང་། སྦྱང་བྱ་ཡ་བྲལ་བ། ཁ་ཕྱི་ལྟས་སུ་ཤོར་བ། རྙེད་པ་དང་བཀུར་སྟི་ལ་ཆགས་པ། ཚིག་སྤྱིའི་གོ་བ་ཡམ་མེ་བ་ཙམ་གྱིས་ཆོག་པར་བཟུང་ན་དེ་ལས་བྱུང་བའི་ཕྱིན་ཅི་ལོག་གི་རྟོག་པའི་དྲི་མས་རང་གི་བློ་གྲོས་ཀྱི་མིག་དབང་ཡང་དང་ཡང་དུ་བསླད་པའི་མཐུས་ཚེ་འདི་ཡི་མངོན་མཐོ་ལྷ་མིའི་གོ་འཕང་དང་། ཚེ་ཕྱི་མའི་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྟེ་འདི་དང་ཕྱི་མའི་དགེ་ཞིང་ལེགས་པའི་ཚོགས་ཀུན་འཇོམས་པ་དང་། ཐ་ན་ཡུན་རིང་སྟེ་ཚེ་རབས་མང་པོའི་བར་དུ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་ཀྱང་ཕྱིར་ཕྱོགས་པ་སྟེ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའི་རྒྱུ་མི་དགེ་བ་ཆེས་ཆེར་བརྟན་པོ་གསོག་པ་མང་དུ་སྣང་བའམ་མང་དུ་འབྱུང་བར་འགྱུར་རོ། །ཞེས་པའོ། །
          རྩ་བར།
          དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང་། །
          ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །
          ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །
          མཁས་པའི་བཤེས་ལ་བརྟེན་ཏེ་ལེགས་པར་སྦྱངས། །
          ཞེས་པ་སྟེ། གོང་སྨྲས་རྒྱུ་མཚན་དེ་དག་གི་ཕྱིར་ན་ཕྲ་ཞིབ་རྣོ་ངར་ལྡན་ཞིང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཕྲ་ཞིང་མཛངས་པ་དང་། རྩྭ་ཀུ་ཤའི་རྩེ་མོ་ལྟར་དུ་འཛིངས་པ་དང་འདྲེས་པར་མ་གྱུར་པ་དེ་སྲིད་དུ་ངོམ་པ་དང་ཚིམ་མི་སླ་བར་རིགས་པའི་གཞུང་ལུགས་སོ་སོའི་རྩ་འགྲེལ་སྦྲགས་ཏེ་གོ་བ་འཚོལ་ལུགས་དང་། ཕྲ་ཞིབ་རིགས་པའི་གསང་ཚིག་སྤྲོ་ལུགས། གཞུང་ཚིག་གི་འགལ་མཚམས།ཞིབ་ཆ་འབྱེད་ཚུལ། རིགས་པས་དཔྱོད་མཚམས། བློ་རྩེ་གཏོད་ས།ལུང་དང་རིགས་པས་སྒྲུབ་བྱེད་གཏོང་ཚུལ་སོགས་ཚིག་སྤྱི་ཙམ་དུ་མ་སོང་བ་ཞིག་དང་། སྨན་འཐུང་བའི་རྟིང་ལ་སྐྱུག་མི་ཆོག་པ་བཞིན་དུ་རིགས་པའི་གཞུང་འདི་སྦྱོང་སྐབས་རྗེས་མི་སྐྱུར་བ་ཞིག་དགོས་ཞེས་པ་ལྟར་ལུང་རིགས་སྨྲ་བ་ལ་གཞན་དྲིང་མི་འཇོག་ཅིང་མཁས་པའི་ཚུལ་དགུ་ལ་གནས་པའི་བཤེས་གཉེན་གདོང་ལྔའི་དབང་བོ་དག་གི་མན་ངག་ལ་བསམ་སྦྱོར་གཉིས་དང་རྟག་གུས་གཉིས་ཀྱིས་ལེགས་པར་སྦྱང་དགོས་པ་ཡིན་ནོ། །ཞེས་པའོ། །
          རྩ་བར།
          དེ་ལྟར་བློ་གྲོས་མིག་ནི་ཕྱེ་བ་དེས། །
          རྒྱལ་བས་ཐེག་པ་མཆོག་གི་ཟབ་མོའི་དོན། །
          རྣམ་རིག་ཙམ་དང་ངོ་བོ་ཉིད་མེད་ཚུལ། །
          རྣམ་གཉིས་གསུངས་པའི་དགོངས་པ་རྙེད་པར་འགྱུར། །
          ཞེས་པ་སྟེ། སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པས་དམ་པའི་ཆོས་གསུངས་པའི་དགོས་པ་ནི་སེམས་ཅན་རྣམས་ཐར་པ་འཐོབ་པའི་ཆེད་དུ་ཡིན་ལ། ཐར་པ་འཐོབ་པ་ལ་བདག་འཛིན་གཅོད་དགོས་ཤིང་། དེ་གཅོད་བྱེད་ཀྱི་ཐབས་ནི་ཡང་དག་པའི་ལྟ་བ་ཁོ་ན་ལ་རག་ལས་པས་ན་བསྟན་པའི་སྙིང་པོ་ཞེས་པ་ཡང་སྟོང་བ་ཉིད་ལ་ཐུག་པ་ཡིན། དེ་བས་ན་བློ་གྲོས་ཀྱི་མིག་དབང་ནི་རབ་ཏུ་ཕྱེ་བ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལྡན་པའི་གང་ཟག་དེ་དང་དེས་ནི་རྒྱལ་བས་གསུངས་པའི་ཐེག་པ་མཆོག་སྟེ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་དབུ་མའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པའི་ལྟ་བའི་ཡང་རྩེ་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བའི་རྣམ་རིག་པའམ་སེམས་ཙམ་པ་དང་། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བའི་ངོ་བོ་ཉིད་མེད་པར་སྨྲ་བའམ་དབུ་མ་བ་སྟེ་མཐར་ཐུག་གི་ཆོས་ཚུལ་རྣམ་པ་གཉིས་གསུངས་པའི་དགོངས་པའང་བདེ་བླག་ཏུ་རྙེད་པ་སྟེ་རྟོགས་པར་འགྱུར་རོ། །ཞེས་པའོ། །
          2. གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གྱི་དོན་སྟོན་པ་ལ།
          རྩ་བར།
          དེ་ནས་མི་ཕམ་ཆོས་རྗེ་ཀླུ་སྒྲུབ་དང་། །
          ཐོགས་མེད་མཆེད་ལ་སོགས་པའི་ཤིང་རྟའི་སྲོལ། །
          དྲི་མེད་གཞུང་མང་རྣམས་ལ་སྦྱངས་པ་ན། །
          རྒྱ་ཆེའི་གཏམ་གྱིས་དང་པོའི་ལས་ཅན་རྣམས། །
          ད་ལྟ་ཉིད་ནས་སངས་རྒྱས་ས་ཡི་བར། །
          ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ། །
          ནང་བྱན་ཆུད་པས་བཀའ་དང་དགོངས་འགྲེལ་ཀུན། །
          གདམས་པའི་མཆོག་ཏུ་ཤར་ལ་མཁས་པ་ཟེར། །
          ཞེས་པ་སྟེ། དེ་ནས་མི་ཕམ་ཆོས་རྗེ་ཞེས་པས་རྒྱལ་བ་མ་ཕམ་པའམ་རྗེ་བཙུན་བྱམས་པ་མགོན་པོ་བསྟན་པ་ཡིན་ལ། ཁོང་གིས་གདུལ་བྱའི་དོན་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་པར་རྟོགས་པའི་ལམ་གྱི་རིམ་པ་ཆ་ཚང་བར་སྟོན་པའི་བསྟན་བཅོས་མངོན་རྟོགས་རྒྱན་གསུངས། དེ་ནས་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་རྗེས་ལོ་བཞི་བརྒྱའི་བར་དུ་རྒྱ་གར་འཕགས་པའི་ཡུལ་དུ་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་ཀྱང་དུས་འཁྲུག་སོགས་ཀྱི་རྐྱེན་ལས་ཐེག་ཆེན་ནུབ་ནས་ཐེག་དམན་དར་ཏེ་ལོ་བཞི་བརྒྱ་ཙམ་ལོན་པ་ན་སློབ་དཔོན་ཀླུ་སྒྲུབ་བྱོན་ཏེ་ལོ་དྲུག་བརྒྱའི་བར་དུ་བཞུགས་ནས་དབུ་མ་རིགས་ཚོགས་དྲུག་དང་། ཁམས་བདེ་བར་གཤེགས་པའི་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་སྟོན་པའི་གཞུང་། ཆོས་དབྱིངས་བསྟོད་པ་སོགས་བརྩམས་ཏེ་ཐེག་ཆེན་གྱི་བསྟན་པ་དར་བར་མཛད་པ་དང་། ཡང་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་དགུ་བརྒྱ་ཙམ་ལོན་པ་ན་འཕགས་པ་ཐོགས་མེད་བྱོན་ཏེ་ཐེག་ཆེན་དར་བར་བྱེད་པའི་ཆེད་དུ་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས། མགོན་པོ་བྱམས་པའི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་དུ་བྱོན། ས་སྡེའི་གནའ་མཆན་ལས་གསུངས་པ་ལྟར་དེར་ཟླ་བ་དྲུག་བཞུགས། དེའི་ཡུན་ལ་བྱམས་མགོན་ལས་ཡུམ་གྱི་མདོ་དང་བྱམས་ཆོས་སྡེ་ལྔ་སོགས་གསན་ནས་སླར་མི་ཡུལ་དུ་བྱོན་ཏེ་ས་སྡེ་ལྔ(སའི་དངོས་གཞི། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྣམས་ཡིན།)དང་སྡོམ་རྣམ་གཉིས(ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་བཏུས་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་གཉིས་ཡིན།)སོགས་མཛད་པའི་སྒོ་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་སྟེ་ཐེག་པ་ཆེན་པོའི་བསྟན་པ་དར་བར་མཛད། མཆེད་ཅེས་པས་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་སློབ་དཔོན་དབྱིག་གཉེན་བསྟན་པ་ཡིན། དེ་ནི་སྟོན་པ་འདས་ནས་ལོ་དགུ་བརྒྱ་ཉི་ཤུ་བར་སྐུ་འཁྲུངས། རྒྱ་གར་ཤར་ལྷོ་དབུས་སོགས་སུ་ཐེག་ཆེན་གྱི་བསྟན་པ་དར་བའི་ཆེད་དུ་ཆོས་མང་དུ་གསུངས་ཤིང་ཆོས་གཞི་བཙུགས། བཀའ་འཁོར་ལོ་དང་པོའི་བསྟན་པ་གཞིར་བཤད་ནས་རིགས་པའི་མཚོན་ཆ་རྣོན་པོས་ཆོས་མངོན་པ་མཛོད་རྩ་འགྲེལ་དང་། འཁོར་ལོ་བར་བའི་དོན་སེམས་ཙམ་དུ་སྟོན་པ་རྒྱལ་བའི་ཡུམ་གྱི་གཞུང་འགྲེལ་དང་། འཁོར་ལོ་ཐ་མ་ངེས་དོན་དུ་བཀྲལ་བ་རབ་བྱེད་སྡེ་བརྒྱད་སོགས་ཀྱི་བསྟན་བཅོས་མང་དུ་མཛད། ལ་སོགས་ཞེས་པས་བྱམས་པས་བྱིན་རླབས་བཙུན་པ་རྣམ་གྲོལ་སྡེ། ལུང་རྟོགས་ཡོན་ཏན་ཕུན་ཚོགས་མཆོག་གི་སྡེ། ལྷག་པའི་ལྷ་ཡིས་རྗེས་བཟུང་དུལ་བའི་སྡེ། རྒྱལ་ཡུམ་ཤེར་ཕྱིན་དོན་མཛད་རྣམ་སྣང་མཛད། ལུང་རིགས་སྨྲ་བའི་ཉི་མ་སེང་གེ་བཟང་། རྒྱལ་བའི་མན་ངག་ཀུན་འཛིན་རིན་ཆེན་བཟང་། བདག་གཞན་མཉམ་བརྗེའི་ཐུགས་མངའ་རིན་ཆེན་སྡེ། མཐའ་འཁོབ་བསྟན་པའི་སྒྲོན་མེ་གསེར་གླིང་བ་སོགས་བསྟན་པ་ཡིན་ལ། དེ་དག་ནི་མིའི་རྟེན་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་ལེགས་པར་འབྱེད་པ་ལ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་བྱང་འཕགས་ཁོ་ན་ཡིན་པས་ན་ཤིང་རྟའི་སྲོལ་འབྱེད་ཡིན་ལ། དྲི་མེད་གཞུང་མང་ཞེས་པས་ཤིང་རྟའི་སྲོལ་འབྱེད་དང་ཤིང་རྟའི་སྲོལ་འཛིན་དག་གིས་བརྩམས་པའི་བསྟན་བཅོས་ཏེ། དཔེར་ན། རྒྱན་རྩོམ་པ་པོ་རྗེ་བཙུན་བྱམས་མགོན་གྱིས་མདོའ་ིསྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་སྟོན་པ་བྱམས་ཆོས་སྡེ་ལྔ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་དྲུག་དང་། འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་རྣམ་རིག་གི་ཚུལ་གཙོ་བོར་སྟོན་པ་ས་སྡེ་ལྔ་དང་སྡོམ་རྣམ་གཉིས། སློབ་དཔོན་དབྱིག་གཉེན་གྱིས་སེམས་ཙམ་རྣམ་བདེན་པའི་ཚུལ་གཙོ་བོར་སྟོན་པ་པྲ་ཀཱ་ར་ཎ་སྡེ་བརྒྱད(པྲ་ཀཱ་ར་ཎ་སྡེ་བརྒྱད་དམ་རབ་བྱེད་སྡེ་བརྒྱད་ནི། མདོ་སྡེ་རྒྱན་གྱི་འགྲེལ་བ།དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ། རྣམ་བཤད་རིག་པ། ལས་གྲུབ་པའི་རབ་བྱེད།ཉི་ཤུ་བའི་རབ་བྱེད། སུམ་ཅུ་བའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད་བཅས་ཡིན།)དང་། སློབ་དཔོན་ཕྱོགས་གླང་གིས་སེམས་ཙམ་རྣམ་རྫུན་པའི་ཚུལ་གཙོ་བོར་སྟོན་པ་བརྒྱད་སྟོང་དོན་བསྡུས་རྣམས་ལ་སྦྱངས་པ་ཤ་ཆོད་རུས་ཆོད་དུ་སོང་བ་ཡིན་པས་ན། རྒྱ་ཆེའི་གཏམ་ཞེས་པས་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། སྦྱིན་པ། བཟོད་པ་ལ་སོགས་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པའི་མན་ངག་དང་དེ་དག་གི་ཉམས་ལེན་གྱིས་དང་པོའི་ལས་ཅན་ཏེ་གཞུང་དོན་ལ་བློ་ཁ་མ་ཕྱོགས་པའི་གང་ཟག་ལས་དང་པོ་བ་རྣམས་ཀྱིས་ད་ལྟ་ཉིད་ནས་ཏེ་ཞེས་དབུ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་སངས་རྒྱས་ས་ཡི་བར་ཞེས་མཇུག་མི་སློབ་ཟུང་འཇུག་གི་བར་དུ་ལེགས་པར་འཁྲིད་པ་དང་། དེ་ནས་ཟབ་མོའི་གདམས་པ་སྟེ་ཟབ་མོའི་ལྟ་བའམ་སྟོང་ཉིད་སྟོན་པའི་མན་ངག་ལ་ནང་བྱན་ཆུད་པས་རྒྱལ་བའི་བཀའ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཀུན་ལས་གསུངས་པའི་ཡི་གེ་ན་གཅིག་ཀྱང་མ་ལུས་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་པའི་མཆོག་ཏུ་ཤར་བ་ལ་ནི་ངེས་པ་དོན་གྱི་མཁས་པ་ཞེས་ཟེར་བ་ཡིན་ནོ། །ཞེས་པའོ། །
          རྩ་བར།
          ལྷག་མ་ནེ་ཙོའི་འདོན་པ་ལྟ་བུ་དང་། །
          ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །
          ཅི་ཕྱིར་ཞེ་ན་མཁས་པའི་མཆོག་རྣམས་ཀྱིས། །
          གཞུང་རྣམས་ཉམས་ལེན་ཤེས་ཕྱིར་བརྩམས་ཕྱིར་རོ། །
          ཞེས་པ་སྟེ། ལྷག་མ་སྟེ་ཉམས་ལེན་གྱི་གདམས་པ་ཏིལ་འབྲུ་ཙམ་ཡང་མེད་པར་ཁ་བཤད་འུད་གོག་ཙམ་གྱིས་ཤུབ་བུར་བཟླས་པ་ནི། དཔེར་ན། ནེ་ཙོའི་འདོན་པ་ལྟ་བུ་དང་། ཆུ་མེད་པའི་ཁྲོན་པ་ལྟ་བུ་དང་། རི་མོའི་མར་མེའི་གཟུགས་བརྙན་ཙམ་ལས་གསལ་ཆ་ཅི་ཡང་མེད་པ་བཞིན་ནོ། །རྒྱུ་མཚན་ཅི་ཡི་ཕྱིར་ཞེ་ན། མཁས་པའི་མཆོག་སྟེ་ཕྱི་སྒྲོ་འདོགས་གཅོད་པ་ལ་མཁས་པ། ནང་གསང་སྔགས་ཀྱི་གདམས་ངག་སྟོན་པ་ལ་མཁས་པ། གསང་བ་སེམས་ཉིད་སྐྱེ་བ་མེད་པ་སྟོན་པ་ལ་མཁས་པའི་མཁས་པ་རྣམས་ཀྱིས་གཞུང་དང་བསྟན་བཅོས་རྣམས་ནང་སེམས་རྒྱུད་འདུལ་བའི་གཉེན་པོའམ་ལམ་ཉམས་སུ་ལེན་ཚུལ་གྱི་རིམ་པ་ཤེས་ཕྱིར་བརྩམས་པའི་ཕྱིར་དུའམ་ཆེད་དུ་ཡིན་ནོ། །ཞེས་པའོ། །
          རྩ་བར།
          ཀྱེ་མའོ་སྐྱེ་དགུའི་དོན་གཉིས་འགྲུབ་པ་ནི། །
          རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་མིན། །
          དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །
          འདས་པར་བྱས་ན་དེ་ལས་བསླུས་པ་གང་། །
          ཞེས་པ་སྟེ། ཀྱེ་མའོ་ཞེས་ངོ་མཚར་བའི་ཚིག་བརྗོད་ནས། ད་ནི་སྐྱེ་དགུ་རྣམས་ཀྱི་རང་དང་གཞན་གྱི་དོན་གཉིས་འགྲུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ནས་རྗེ་བཙུན་བྱམས་པ་དང་། དེ་ནས་འཕགས་པ་ཐོགས་མེད་ལ་སོགས་པར་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་དང་། ཡང་སངས་རྒྱས་བཅོམ་ལྡན་འདས་ནས་རྗེ་བཙུན་འཇམ་པའི་དབྱངས་དང་། དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པར་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མའམ། ཤིང་རྟའི་སྲོལ་འབྱེད་པ་པོ་དང་། ཤིང་རྟའི་སྲོལ་འཛིན་པ་པོ། ཤིང་རྟའི་སྲོལ་འགྲེལ་པ་པོ་རྣམས་ཀྱིས་བརྩམས་པའི་རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་པར་ཆོས་ཀྱི་གནས་ལུགས་ཟབ་མོ་རྟོགས་ཐུབ་པ་དང་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། དེ་ཡང་བླ་མའི་མན་ངག་དང་ཉམས་ལེན་གྱི་རིམ་པ་མེད་པར་གཞུང་ལུགས་ཁོ་ན་ལ་བརྟེན་པའང་རྗོད་བྱེད་ཀྱི་སྒྲ་ཙམ་ལྷུར་ལེན་པ་ལས་ཅི་ཡང་མེད་པས་ན་ཚུལ་དེ་ལས་འདས་པར་བྱས་ན་དེ་ལས་ལྷག་པའི་རང་གིས་རང་བསླུས་པ་ཞིག་ག་ལ་མཆིས་ཏེ་མ་མཆིས་སོ། །ཞེས་པའོ། །
          རྩ་བར།
          ཆུས་འཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན། །
          མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །
          གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས། །
          དེ་ཕྱིར་གང་བསླབས་གདམས་པར་ཤར་བ་གཅེས། །
          ཞེས་པ་སྟེ། དཔེར་ན། ཆུས་འཁྱེར་བའི་སྐྱེ་བོ་འགའ་ཞིག་ཁ་སྐོམ་ནས་ཤི་བ་བཞིན་དམ་པའི་ཆོས་ལ་མང་དུ་ཐོས་བསམ་བགྱིས་ཀྱང་དམ་པའི་ཆོས་ཀྱི་ཉམས་ལེན་གྱིས་དབུལ་ཞིང་ཕོངས་པའི་སྐྱེ་བོ་དེ་དག་ནི་གཞུང་ལུགས་དེ་རྒྱལ་བའི་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་པ་རུ་ཤར་བའམ་བློ་ངོར་སྦྱར་བ་མེད་པས་ནོངས་པ་སྟེ་འཁྲུལ་བ་ཡིན། རྒྱུ་མཚན་དེ་ཡི་ཕྱིར་ན་དང་པོ་བླ་མ་དགེ་བའི་བཤེས་གཉེན་དག་ལ་བསམ་སྦྱོར་གཉིས་ཀྱིས་བསྟེན།བར་དུ་རང་རྒྱུད་འདུལ་བའི་གཞུང་གི་དོན་ལ་ཐོས་བསམ་དམར་བར་མཛད། ཐ་མར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནད་ཀྱི་དོན་ལ་རྩེ་གཅིག་ཏུ་གཞོལ་ནས་གདམས་པའམ་མན་ངག་ཏུ་ཤར་བ་ནི་ཅི་ནས་ཀྱང་གཅེས་པ་སྟེ་ཤིན་ཏུ་གལ་ཆེན་པོ་ཡིན་ནོ། །ཞེས་པའོ། །
          3. ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་གྱི་དོན་སྟོན་པ་ལ།
          རྩ་བར།
          དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན། །
          ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང་། །
          རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། །
          དོན་བཟང་བ་དང་ཚིག་འབྲུ་བཟང་བོ་ཞེས། །
          གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང་། །
          བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན། །
          དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། །
          སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །
          ཞེས་པ་སྟེ། དེ་ལྟར་གཞུང་བསྟན་བཅོས་མང་པོའི་བརྗོད་བྱའི་དོན་གྱི་གནད་རྣམས་མ་འཕྱུགས་པ་དང་། བརྗོད་དོན་མ་ཉམས་པ། འབྲེལ་ཆགས་པ། རང་ཚིག་སྔ་ཕྱིའི་གོ་རིམ་མི་འཆོལ་བ། མ་ནོར་བ། མ་འཛིངས་པ། མ་འཁྲུགས་པར་འབུར་དུ་ཐོན་པ་བྱུང་ན་རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་མ་བྱུང་བ་དང་། མི་ལེགས་པ། མི་མཛེས་པ། ཉམ་ཆུང་བ། ཅུང་ཟད་དམན་པ། རྗོད་བྱེད་ཀྱི་ངག་མི་མཛེས་ཤིང་རྣ་བའི་ལམ་དུ་མི་སྙན་ན་ཡང་དེ་ནི་སྐྱོན་དང་ཉེས་པ་ཆེན་པོ་ལས་ཆུང་བར་བགྲང་ཡོད་མོད་ཀྱང་། ཡིན་ན་ཡང་རྒྱལ་བ་ཉིད་ཀྱིས་གསུང་རབ་རྣམས་སུ་སྙན་ངག་གལ་ཆེ་བའི་ཚུལ་ལ་ཇི་ལྟར་བསྔགས་པ་ཡིན་ཞེ་ན། རྒྱལ་བའི་གསུང་རབ་རྣམས་ནི་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ། དོན་བཟང་བོ། ཚིག་འབྲུ་བཟང་པོ་ཞེས་བསྔགས་པ་ལས་དོན་བཟང་པོ་ཞེས་པས་བསྟན་བཅོས་གང་དང་གང་གི་བརྗོད་བྱའི་དོན་ཤིན་ཏུ་ཟབ་པ་བསྟན་པ་དང་། ཚིག་འབྲུ་བཟང་བོ་ཞེས་པས་རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན། དེས་ན་གཞུང་བསྟན་བཅོས་གང་དང་གང་གི་བརྗོད་བྱའི་དོན་ཟབ་ཅིང་མ་ཉམས་པ་གང་ཡིན་ཡང་དེའི་ཁར་རྗོད་བྱེད་ཀྱི་ཚིག་མཛེས་ཤིང་སྙན་པ་དང་། ཡང་ན་བརྗིད་ཅིང་ཉམས་ལྡན་པ་བྱུང་ན། དཔེར་ན། ཁ་དོག་ཤིན་ཏུ་དཀར་བའི་ཁང་བཟང་ཞིག་ལ་བསིལ་ཟེར་བྱེད་པ་སྟེ་ཟླ་བའི་འོད་ཀྱིས་བྱུགས་པས་ལྷག་པར་མཛེས་པ་བཞིན་བརྗོད་བྱའི་དོན་བཟང་བ་དང་དོན་ཟབ་པ་ལའང་ཤིན་ཏུ་ཡིད་འཕྲོག་པའི་རྗོད་བྱེད་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པར་གྱུར་ན་ཚིག་ཉུང་ནའང་གནད་སྟོན་ཐུབ་པས་ཆེས་མཛེས་པར་འགྱུར་བ་དང་བློ་ལྡན་རྣམས་དགའ་བ་སྐྱེད་པའི་གནས་སུ་འགྱུར་རོ། །དེས་ན་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་ནི་ས་སྟེང་འདི་ན་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་རྣམ་པ་གསུམ་གྱི་གྲས་སུ་བསྔགས་བརྗོད་ཆེས་ཆེར་གནང་བ་ལ་དགོངས་ནས། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་གནས་གསུམ་ལས། །རྩོད་འཆད་དག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་དང་། དཔག་བསམ་འཁྲི་ཤིང་ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། །ཞེས་དང་། ཟུར་མཁར་བས།རྒྱལ་བོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་ན་ནི་སྐྱེ་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །
          རྩ་བར།
          དམར་སེར་ཅན་དང་རྒྱལ་བའི་ལྷས་བཀོད་པ། །
          བྲིཏྟ་དང་ནི་ཛཱ་ཏི་ཞེས་བྱ་བའི། །
          སྡེབ་སྦྱོར་ཇི་བཞིན་བོད་སྐད་ལ་མེད་ཀྱང་། །
          ཚིགས་བཅད་ལྷུགས་པ་གཉིས་ཀ་སྤེལ་བའི་ལུས། །
          དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི། །
          མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ། །
          སྙན་དངགས་གཞུང་བཞིན་ལེགས་པར་སྦྱར་བ་ན། །
          བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །
          ཅེས་པ་སྟེ། ཕྱི་རོལ་བའི་དྲང་སྲོང་དམར་སེར་ཅན་ནམ་ཀླུའི་རྒྱལ་བོ་ལྷག་མ་ཅན་གྱིས་བྱས་པའི་སྡེབ་སྦྱོར་རྩ་བའི་མདོ(དེ་ཡང་སྔོན་གྱི་དུས་ཤིག་ན་རྒྱ་མཚོ་ཆེན་པོའི་འགྲམ་བྱེ་མ་བརྡལ་བའི་ངོས་སུ་ཀླུ་ཞིག་གིས་པྲསྟཱརའི་རི་མོ་འབྲི་གྱིན་ཡོད་པ་ནམ་མཁའ་ལྡིང་ཞིག་གིས་མཐོང་ནས་ཀླུ་དེ་ཟ་བར་བརྩམས། དེར་ཀླུས་པྲསྟཱརའི་རི་མོ་ཚར་བའི་བར་དུ་བདག་རེ་ཞིག་བསྐྱུར་ན་ཞེས་སྨྲས་པས་དེས་ཀྱང་ཉན་ཏེ་རི་མོ་འབྲི་བ་ལ་བལྟས་པས་དོན་ཁོང་དུ་ཆུད་པར་གྱུར། དེ་ནས་ཀླུས་ད་ནི་རི་མོ་བྲིས་ཚར་བས་ཟོ་ཞིག་ཅེས་བསྐུལ་བ་ན་ནམ་མཁའ་ལྡིང་ན་རེ། ཁྱོད་ཀྱིས་བྲིས་པའི་རི་མོ་ཁོ་བོས་ཀྱང་ཁོང་དུ་ཆུད་པས་ད་ནི་ཁྱོད་བདག་གི་སློབ་དཔོན་དུ་གྱུར་ཟིན་པས་ཅི་བདེར་བཞུགས་ཤིག་ཟེར་ནས་མཁའ་ལྡིང་རང་གནས་སུ་སོང་། དེས་ན་ཀླུ་དེ་ནི་སྡེབ་སྦྱོར་གྱི་ཐོག་མའི་གཞུང་གི་བྱེད་པོ་ཀླུའི་རྒྱལ་བོ་ལྷག་མ་ཅན་ཡིན་ལ། མིང་གི་རྣམ་གྲངས་ལ་དྲང་སྲོང་དམར་སེར་ཅན་དུ་གྲགས་ཞེས་རྒྱལ་བའི་ལྷས་ཀྱི་འགྲེལ་བའི་མཆོད་བརྗོད་དུ། དམར་སེར་ཀླུ་དེ་རྒྱལ་གྱུར་ཅིག། །ཅེས་གསུངས་པ་ལྟར་རོ། །)དང་། དེའི་གཞུང་ལུགས་ལ་རྒྱལ་བའི་ལྷས་འགྲེལ་བ་བཀོད་པའི་སྡེབ་སྦྱོར་གྱི་གཞུང་། ནང་པའི་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྡེབ་སྦྱོར་གྱི་གཞུང་རྣམས་ལས། སྤྱིར་སྡེབ་སྦྱོར་གྱི་ལུས་ནི་ཚིགས་བཅད་ཁོ་ནར་ངེས་ལ། ཚིགས་བཅད་ལ་བྲིཏྟའམ་འཕེལ་བ་དང་།ཛཱ་ཏིའམ་བསྐྱེད་མ་གཉིས་སུ་ངེས། བྲིཏྟ་ནི་ཡི་གེ་བགྲང་བ་དང་། ཛཱ་ཏི་ནི་ཕྱི་མོ་བགྲང་བ་ཡིན། ཞེས་གསུངས་པ་ལྟར་སྡེབ་སྦྱོར་ལ་རིགས་གཉིས་ཡོད་པ་ཇི་ལྟ་བ་བཞིན་བོད་སྐད་ལ་མེད་པ་སྟེ་བོད་ཡིག་ལ་དེ་འདྲའི་གཙོ་མི་ཆེ་མོད། ཡིན་ན་ཡང་བོད་སྐད་ཀྱི་དབང་དུ་བྱས་པའི་ཚིགས་བཅད་ནི་ཚེག་བར་བདུན་མ་དང་དགུ་མ་ཤས་ཆེ་བའི་རྐང་བ་བཞི་ཚིགས་བཅད་གཅིག་ཏུ་གོ་དགོས་པ་དང་། ལྷུག་པ་ནི་ཚིག་གི་སྦྱོར་བ་གང་ལ་རྐང་བས་བཅད་པ་མེད་པར་ཚིག་གི་རྒྱུན་ལྷུག་པོར་གྲོལ་བ་སྟེ་ཚིག་གི་གཅོད་མཚམས་ལ་རིང་ཐུང་མ་ངེས་པར་སྣ་ཚོགས་ཡོད་པ་དང་། གཉིས་ཀ་སྤེལ་བའི་ལུས་ཞེས་པ་ནི་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀ་སྤེལ་མའམ་འདྲེས་མར་ཡོད་པ་སྟེ་དེ་འདྲའི་ལུས་གསུམ་ལ་སྙན་ངག་གཞུང་གི་དོན་རྒྱན་སོ་ལྔ་གཞིར་བཞག་གི་སྟེང་སྒྲ་རྒྱན་དང་གབ་ཚིག་གི་རྒྱན་ལ་སོགས་པ་ཡི་ལུས་མཛེས་པར་བྱེད་པའི་རྒྱན་གྱིས་སྤུད་པའམ་བརྒྱན་པའི་ཚིག་གི་སྦྱོར་ཚུལ་མཛེས་ཤིང་སྙན་པ་ཞིག་དང་། དོན་གསལ་པོར་སྟོན་ཐུབ་པ་ཞིག་སྙན་ངག་གི་གཞུང་ཇི་ལྟ་བ་བཞིན་ལེགས་པར་སྦྱར་བ་ན་བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད་པ་དང་ཡིད་འཕྲོག་པའི་གནས་སུ་འགྱུར་བ་ཡིན་ནོ། །ཞེས་པའོ། །
          ས་བཅད་གསུམ་པ། ཐ་མར་དགེ་བ་མཇུག་གི་དོན་ལ།
          རྩ་བར།
          དེ་ལྟར་རིན་ཆེན་རྣམ་པ་གསུམ་གའི་ཡང་། །
          རྩ་བ་དམ་པ་ཐེག་མཆོག་དགེ་བའི་བཤེས། །
          འདིས་མ་ཟིན་ན་སྐྱེ་བ་དུ་མར་ཡང་། །
          ངལ་བརྒྱས་འབད་ཀྱང་རྟོགས་པར་མི་འགྱུར་བ། །
          ཞེས་པ་སྟེ། དེ་ལྟར་སྤྱིར་རང་རེའི་གནས་འདིར་གང་ཟག་རྣམ་དཔྱོད་ཅན་དཀོན་པ་ཡིན་ལ། གལ་ཏེ་དེ་ཡོད་དུ་ཆུག་ཀྱང་གཞུང་ལུགས་མཐའ་དག་ལ་ཐོས་བསམ་བྱས་ཏེ་གདམས་པར་ཤར་བ་དཀོན་པ་ཡིན། གལ་ཏེ་དེ་གཉིས་ཀ་ཡོད་ཀྱང་སྙན་ངག་ཤེས་པ་གསུམ་གཞི་གང་ཟག་གཅིག་གི་སྟེང་དུ་འཛོམས་ན་རིན་ཆེན་རྣམ་པ་གསུམ་ག་ཞེས་བརྗོད་པ་ཡིན་ཡང་། དེ་དག་གི་རྩ་བའམ་གཞི་སྙིང་ལྟ་བུར་གྱུར་པ་ནི་སྐྱེས་བུ་དམ་པ་ཐེག་པ་མཆོག་གི་མགོན་དགེ་བའི་བཤེས་གཉེན་ལ་རག་ལས་ཡོད། གལ་ཏེ་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་གྱི་ཞབས་ཀྱིས་མ་ཟིན་པ་ཡིན་ན་རང་གི་སྐྱེ་བ་འདི་དང་། དུ་མ་ཞེས་སྐྱེ་བ་ཕྱི་མའི་ཕྱི་མ་རྣམས་སུ་ཡང་ངལ་བ་བརྒྱ་ཕྲག་གིས་འབད་བརྩོན་རི་བོ་ཙམ་བྱས་ཀྱང་དེ་དག་གི་དོན་རེ་ཞིག་རྟོགས་པར་མི་འགྱུར་བ་ཡིན་ནོ། །ཞེས་པའོ། །
          རྩ་བར།
          བཤེས་དེས་ཟིན་ན་ཚེ་གཅིག་ཉིད་ལ་ཡང་། །
          བདེ་བླག་ཉིད་དུ་ངེས་པ་སྟེར་བའི་ཕྱིར། །
          ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །
          རྗེས་སུ་འཛིན་དང་ཟིན་པའི་ཐབས་ལ་འབད། །
          ཅེས་པ་སྟེ། སྤྱིར་སེམས་ཅན་རྣམས་སངས་རྒྱས་པ་ལ་སྒོམ་དགོས། སྒོམ་པ་ལ་སེམས་རྟོགས་དགོས། སེམས་རྟོགས་པ་ལ་བླ་མའི་མན་ངག་ཟབ་མོ་དགོས། ཞེས་གསུངས་པ་ལྟར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་གྱི་ཞབས་ཀྱིས་ཟིན་པ་སྟེ་རྗེས་སུ་བཟུང་བས་མི་ཆོག་པར་མཐོན་པོའི་ངོ་བསྲུང་དང་། གཉེན་ཟླའི་ངག་མི་ཉན་པར་རང་བློ་རྩེ་གཅིག་མ་འདིའི་སྟེང་ནས་རང་ཐག་རང་གིས་གཅོད།རང་དབང་རང་གིས་བསྒྱུར་ཏེ་ལོང་མེད་ཀྱི་བརྩོན་འགྲུས་དྲག་པོས་གང་གསུང་ཐམས་ཅད་ཀྱི་ཚིག་དོན་ལ་སྒྲོ་འདོགས་གཅད་ཐུབ་པ་བྱུང་ན་བླ་ན་མེད་པའི་རིན་པོ་ཆེ་གསུམ་ལྟ་ཅི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཡང་ཚེ་ལུས་གཅིག་ལ་བདེ་བླག་ཉིད་དུ་ངེས་པ་སྟེར་བའི་ཕྱིར་ན་ཚེ་རབས་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས་གཉེན་དམ་པ་མང་པོ་ཡིས་ཡང་ཡང་རྗེས་སུ་འཛིན་པ་དང་། དེས་ཟིན་པའི་ཐབས་ལ་ཅི་ནས་ཀྱང་འབད་པ་བྱེད་དགོས་པ་ཡིན་ནོ། །ཞེས་པའོ། །
          རྩ་བར།
          ཐར་འདོད་བློ་གྲོས་ཅན་གྱི་འཇུག་ངོགས་མཆོག །
          རིན་ཆེན་གཏམ་གྱི་སྦྱོར་བ་འདིར་འབད་ལས། །
          བྱུང་བའི་བསོད་ནམས་དེ་ཡིས་འགྲོ་བ་ཀུན། །
          བཤེས་གཉེན་དམ་པའི་མགོན་དང་འབྲལ་མེད་ཤོག །
          ཅེས་པ་སྟེ། ཚེ་འདིའི་བྱ་བཞག་ལ་རེ་དོགས་མི་བྱེད་པར་བསམ་རྒྱུ་ཆོས་ལས་མེད་པ། བསྒྲུབ་རྒྱུ་ཆོས་ལས་མེད་པ། བྱམས་དང་སྙིང་རྗེར་གོམས་པས་རང་གཅེས་འཛིན་གྱི་བློ་དོར་ཏེ་གཞན་དོན་ལ་སེམས་པ་དང་། འཁོར་བའི་འཕྲང་ལས་ཐར་པར་འདོད་པ་ཞིག་ཡིན་ཕྱིན་དེ་ལ་བློ་གྲོས་ཅན་ཞེས་བརྗོད་ཆོག་ལ། དེ་ལྟ་བུའི་གང་ཟག་གི་འཇུག་ངོགས་སམ་བགྲོད་པའི་ལམ་མཆོག་ཏུ་གྱུར་པ་ནི་གོང་དུ་ཞུས་པ་བཞིན་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་འདི་ཡིན་པས། འདིར་འབད་པ་ལས་བྱུང་བའི་བསོད་ནམས་རླབས་པོ་ཆེ་དེ་ཡིས་འགྲོ་བ་ཀུན་མཚན་ཉིད་བཅུ་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པའི་མགོན་དང་ནི་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་སུ་འཛིན་པའི་རྒྱུ་རུ་ཤོག་ཅིག་ཅེས་སྨོན་པའོ། །
          རྩ་བར།
          དེ་བསྟེན་པ་ལས་བློ་མིག་དག་གྱུར་ཏེ། །
          རྒྱལ་བའི་ལུགས་བཟང་ཇི་བཞིན་རྟོགས་པ་དང་། །
          རྟོགས་མ་ཐག་ཏུ་ཉམས་སུ་ལེན་པ་དང་། །
          དེ་ལྟར་སྒྲུབ་ལ་བར་ཆད་མེད་པར་ཤོག །
          ཅེས་པ་སྟེ། དེ་ཞེས་པ་ཐ་སྙད་འདས་མ་ཐག་པ་སྟེ། དེས་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་བསྟན་པ་ཡིན་ལ། དེ་ཉིད་བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལས་རྨོངས་པའི་རབ་རིབ་ནི་བསལ། བློ་གྲོས་ཀྱི་མིག་དབང་ནི་དག་པར་གྱུར་ཏེ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་རང་ལུགས་བཟང་པོ་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། རྟོགས་པ་ཙམ་མ་ཡིན་པར་དེ་མ་ཐག་ཏུ་ཚུལ་བཞིན་དུ་ཉམས་སུ་ལེན་པ་དང་། དེ་ལྟར་སྒྲུབ་པ་ལ་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་དང་བར་ཆད་མེད་པར་ཤོག་ཅིག་ཅེས་སྨོན་པའོ། །
          རྩ་བར།
          མ་རྟོགས་འགྲོ་ལ་བརྩེ་བས་ཐོག་མར་ནི། །
          ཟང་ཟིང་སྦྱོར་བས་དགའ་བར་བྱས་པའི་མཐར། །
          དོན་བཟང་ཚིག་ལེགས་སྙན་པར་སྨྲ་བ་ཡིས། །
          བསྐུལ་བས་བཟང་བོའི་སྤྱོད་ལ་འགོད་པར་ཤོག །
          ཅེས་པ་སྟེ། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་སངས་རྒྱས་ཀྱི་སར་བགྲོད་པའི་ཐབས་མ་ནོར་བ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཚུལ་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་འགྲོ་བ་སེམས་ཅན་རྣམས་ལ་བརྩེ་བ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ཁམས་དང་བསམ་པ་དང་མཐུན་པར་ཐོག་མའམ་དང་པོར་འཇིག་རྟེན་པའི་ཟས་གོས་དང་ནོར་ལོངས་སྤྱོད་སོགས་ཟང་ཟིང་གི་སྦྱོར་བས་ཡིད་དགའ་བའམ་ཚིམ་པར་བྱས་པའི་མཐར་འགྲོ་བ་ཐམས་ཅད་མ་རིག་པའི་རྒུད་པ་ལས་འདྲེན་པའི་ཐབས་སུ་བརྗོད་བྱའི་དོན་བཟང་བོ་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་སྒོ་ནས་རྗོད་བྱེད་ཀྱི་ཚིག་ལེགས་པོས་སྙན་པར་སྨྲ་བ་ཡིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་བོའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འགོད་ནུས་པར་ཤོག་ཅིག་ཅེས་སྨོན་པའོ། །
མཇུག་བྱང་།
          རྩ་བར།
          ཅེས་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ཞེས་བྱ་བ་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་བ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ནས་རྒྱས་པར་བྱེད་ནུས་པར་གྱུར་ཅིག །ཅེས་པ་ནི་གོ་སླའོ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1