གློག་བརྟན་པོ་བྱུང་ཚེ་མང་ཚོགས་ཀྱི་འཚོ་བ་ཡག་པོའང་བརྟན་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-28



           བོད་རང་སྐྱོང་ལྗོངས་ཀྱིས་གནས་དེའི་བརྗིད་ཉམས་ལྡན་པའི་རང་བྱུང་གི་མཛེས་ལྗོངས་དང་། རིག་གནས་ལོ་རྒྱུས་ཀྱིས་ཡུལ་སྐོར་བ་རབ་དང་རིམ་པ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་ཅིང་། ཡུལ་སྐོར་གྱི་ཡོང་འབབ་དེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།

འདི་ནི་ལ་སྒོ་གྲོང་ཚོ་རེད།
           བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ལ་སྒོ་གྲོང་ཚོ་ནི་ལ་སྒོའི་གནའ་བོའི་འཁྱགས་རོམ་ལ་བརྟེན་ནས་མིང་ཐོགས་ཤིང་། དེ་ནི་ད་ལྟའི་བར་ཡུལ་སྐོར་བ་རྣམས་བོད་དུ་ཡོང་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།“2016ལོའི་ཡར་སྔོན་དུ། གྲོང་ཚོའི་ནང་གི་གློག་བེད་སྤྱོད་གཏོང་རྒྱུ་དེ་གཙོ་བོ་འོད་ཤུགས་ཀྱིས་གློག་འདོན་པར་བརྟེན་པ་ཡིན་ཞིང་། དེའི་གློག་གནོན་ཧ་ཅང་བརྟན་པོ་མིན་པས་རྒྱུན་པར་གློག་ཆད་པ་དང་། སྐབས་འགར་ཡུལ་སྐོར་བས་ཞག་སྡོད་བྱེད་འདོད་ཚེ་གློག་མེད་པའི་གནས་ཚུལ་ཤེས་རྗེས་ཕྱིར་བུད་འགྲོ”ཞེས་ལ་སྒོའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་འཁུར་བའི་ཆོས་འཕེལ་གྱིས་དེ་ལྟར་བཤད།
           2016ལོར། ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་གློག་དྲ་གཙོ་བོ་གནས་འདིར་སྣུར་སྲིང་བྱས་ཏེ། ལ་སྒོ་གྲོང་ཚོས་ཀྱང་ལོ་ངོ་18རིང་བེད་སྤྱོད་བཏང་བའི་འོད་ཤུགས་ཀྱིས་གློག་གཏོང་བའི་དུས་རིམ་གྱི་མཇུག་འགྲིལ་བ་རེད། གློག་གནོན་བརྟན་པོ་བྱུང་སྟེ་གྲོང་ཚོའི་སྤྱི་ཕན་མགྲོན་ཁང་གི་ཡོང་འབབ་ཀྱང་བརྟན་པོ་བྱུང་ཡོད། ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཕན་མགྲོན་ཁང་ནི་གྲོང་མི་མི་སྒེར་གྱིས་འགན་གཙང་ལེན་བྱས་ཤིང་། ལོ་ལྟར་ཡོང་འབབ་ཁག་གཅིག་གྲོང་ཚོའི་མཉམ་སྡེབ་ནང་འཇུག་གི་ཡོད་དེ། 2018ལོར་ཁེ་སྤོགས་ཁེ་གཙང་སྒོར་92000ཟིན་པ་དང་། དེའི་ནང་སྒོར་53000གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ནང་དུ་བཅུག་པ་རེད།

           འདི་ནི་སྤྱི་ཕན་མགྲོན་ཁང་(གཡོན་གྱི་སྔོན་པོ)དང་ཉེ་འགྲམ་གྱི་གློག་སྡོང་རེད།
           གློག་ཤུགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དེས་སྤྱི་ཕན་མགྲོན་ཁང་གི་ཞག་སྡོད་ཀྱི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད་ཅིང་། ཡུལ་སྐོར་བ་དེ་བས་མང་བ་ལ་སྒོ་གྲོང་ཚོར་ཡོང་སྟེ། 2006ལོར་གྲོང་ཚོའི་ནང་བཙུགས་པའི་“ལྟ་སྐོར་གྱི་རྟ་དམག་རུ་ཁག”གི་ཚོང་ཡང་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་ཡོད་པ་དང་། དང་ཐོག་གི་རྟ་97ནས་ད་ལྟ་རྟ་117བར་འཕར་ཡོད། དེ་སྔར་ཟོག་དབོར་བའི་རྟ་རྣམས་ད་ཆ་གྲོང་མི་ཕྱུག་འགྱུར་གྱི་ལས་རོགས་ནུས་ལྡན་ཞིག་ཏུ་གྱུར་ཏེ། 2019ལོའི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད་པ་རེད།

འདི་ནི་ལ་སྒོ་གྲོང་ཚོའི་ནང་བཙུགས་པའི་གློག་ཤུགས་ལམ་ཐིག་རེད།
           གློག་དྲ་ཆེན་མོ་ཟླ་སྒྲིལ་མ་བཏང་གོང་།བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་མགྲོན་ཁང་ཕྱེས་པའི་ཚེ་རིང་སྒྲོལ་མར་ཡང་ལ་སྒོ་གྲོང་ཚོའི་གྲོང་མི་དང་འདྲ་བའི་དཀའ་ངལ་ལ་འཕྲད་ཡོད་དེ།“ཡུལ་སྐོར་བ་ཉུང་བའི་སྐབས་སུ་ཡུལ་སྐོར་བ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅིང་། ཡུལ་སྐོར་བ་ཇེ་མང་དུ་སོང་རྗེས་གློག་གནོན་བརྟན་པོ་མེད་པས་ཁོང་ཚོར་རྙོག་དྲ་བཟོ་བར་སེམས་ཁྲལ་བྱེད་ཀྱི་ཡོད”ཅེས་ཚེ་རིང་སྒྲོལ་མས་གསར་འགོད་པར་བཤད། སྔོན་ཆད་གློག་གནོན་བརྟན་པོ་མེད་པས་གློག་དྲོད་ཆུ་སྣོད་སྒྲིག་སྦྱོར་བྱེད་ཐབས་མེད་སྟབས་ཉི་ནུས་ཆུ་ཚ་བཀོལ་དགོས་ཀྱི་ཡོད། སྐབས་ལ་ལར་བསྟུད་མར་ཆར་བ་འབབ་དུས་ཆུ་ཚ་བཀོལ་རྒྱུ་མེད་པ་དང་། ཡུལ་སྐོར་བའི་ལག་འཁྱེར་ཁ་པར་དང་པར་ཆས་སོགས་གློག་རྡུལ་སྒྲིག་ཆས་ལའང་གློག་གསོག་མི་ཐུབ་པས་ཁང་པའི་ནང་སྡོད་པའི་ཉམས་ལེན་ཧ་ཅང་ཞན་པོ་ཡོད།

འདི་ནི་མདུན་སྟེགས་སུ་ལས་ཀ་བྱེད་བཞིན་པའི་ཚེ་རིང་སྒྲོལ་མ་རེད།
           2019ལོའི་ལོ་འགོར། བོད་དབུས་ཀྱི་དྲ་སྦྲེལ་གློག་དྲ་གཙོ་བོ་ཚེ་རིང་སྒྲོལ་མ་གནས་སའི་གྲོང་ཚོའི་ནང་དུ་སྣུར་སྲིང་བྱས་ཏེ་གྲོང་མིའི་འཚོ་བར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་ཞིང་།“ད་ལྟ་གྲོང་མི་ཚང་མས་གློག་ཆས་ལ་བརྟེན་ནས་ཟ་མ་བཟོ་བ་དང་། མར་དང་ཞོའང་གློག་ལ་བརྟེན་ནས་བཟོ་བ་ཡིན། མགྲོན་ཁང་ནང་གི་གློག་ཆས་སྣ་ཚོགས་ཀྱང་ཉོ་ཕོད་ལ་བཀོལ་སྤྱོད་ཀྱང་བྱེད་ཕོད་སོང་”ཞེས་བཤད།

འདི་ནི་ཚེ་རིང་སྒྲོལ་མའི་མགྲོན་ཁང་ནང་གི་རི་མགོའི་གློག་ཤུགས་ལྕགས་ཐག་ཅན་ལ་རྒྱང་གཟིགས་བྱས་པའི་པར་རེད།
           ད་ཆ་ཚེ་རིང་སྒྲོལ་མའི་མགྲོན་ཁང་དུ་བསྐྱོད་ཚེ། སྒྲ་སྒམ་ནང་དུ་གླུ་གཞས་གཏོང་བ་དང་། ལས་དོན་མི་སྣས་རམ་དཀྲོལ་གྱི་ཁྲོད་དུ་ཡུལ་སྐོར་བ་དང་མཉམ་དུ་སྐོར་བྲོ ་འཁྲབ་ཀྱི་འདུག  ཟ་ཁང་དང་། འགྲུལ་ཁང་དཀར་ཆ་དོད་ཅིང་གཙང་སྦྲ་ལེགས་པ་དང། གློག་གི་ཆུ་དྲོད་ཆས་དང་། གློག་གི་དྲོད་གདན། གློག་དྲོད་ཚ་དེམ་སོགས་ཀྱི་གློག་ཆས་སྣ་ཚོགས་ཡོད་པ་དང་། རྒྱུན་ཆད་མེད་ལ་གང་སར་ཁྱབ་པའི་སྐུད་མེད་དྲ་རྒྱ་བཅས་ཀྱིས་ཡུལ་སྐོར་བ་མགྲོན་ཁང་དུ་སྡོད་པའི་མྱོང་ཚོར་ཇེ་ལེགསསུ་བཏང་ཡོད། དྲ་རྒྱའི་དུས་རབས་སུ་ཚེ་རིང་སྒྲོལ་མའི་མགྲོན་ཁང་གི་སྐད་གྲགས་ཀྱང་སྔར་བས་ཆེ་ནས་ཆེ་རུ་ཕྱིན་ཏེ། ཡུལ་སྐོར་བ་དེ་བས་མང་བ་ མིང་གྲགས་འདིར་བརྟེན་ནས་ཡོང་གི་ཡོད།

འདི་ནི་ཚེ་རིང་སྒྲོལ་མའི་མགྲོན་ཁང་གི་མཚན་ལྗོངས་རེད།
           འགྲུལ་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཚེ་རིང་སྒྲོལ་མའི་ཡོང་འབབ་ཀྱང་དེ་བས་ཇེ་བཟང་དུ་སོང་ཞིང་། “ད་ལྟ་མགྲོན་ཁང་ནང་གི་ལས་མི་བདུན་ནི་དབུལ་ཕོངས་དུད་ཚང་གི་བུ་ཕྲུག་ཡིན་པ་དང་། འདིར་ཟླ་རེར་སྒོར་3500ཡན་གྱི་ཡོང་འབབ་ཡོད། དེ་མིན་ང་ཚོའི་མགྲོན་ཁང་གིས་ལོ་རེར་ད་རུང་མ་དངུལ་ཁག་གཅིག་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་འཚམས་འདྲི་བྱེད་པར་སྤྱོད་པ་ཡིན”ཞེས་བཤད།
           གློག་དྲ་ཆེན་མོ་མཉམ་སྦྲེལ་བྱས་རྗེས། གློག་གནོན་བརྟན་པོ་བཏང་སྟེ་གློག་ལ་བརྟེན་ནས་མྱོང་ཚོར་བྱེད་པར་མ་ཟད། དེ་བས་ཀྱང་དབུལ་སྒྲོལ་ཕྱུག་འགྱུར་གྱི་སེམས་པ་རེ་རེ་བརྟན་པོར་བཏང་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1