བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-28



         ཐོན་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཞུགས་བསྡུ་ལེན་བྱས་ནས་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱེད་པ་དང་། ཡུལ་སྤོ་དབུལ་སྐྱོར་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། མང་ཚོགས་རྣམས་“དབུལ་པོའི་གནས་ཚང་”ལས་སྤོས་ནས་འཚོ་བ་གསར་པ་སྐྱེལ་པར་ཁ་ཏ་སློབ་གསོ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་མཉམ་ལས་ཁང་བསྐྲུན་ནས་རང་གི་སྒོ་འགྲམ་ནས་ཡོང་འབབ་འཚོལ་ཐབས་བྱུང་ཞིང་། ཆོས་ལུགས་ལས་རིགས་ཀྱིས་ལྷག་བསམ་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བཅས་བྱས་པ་རེད། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་དེ། ཡར་ཀླུང་ས་གཞི་ཆེན་མོར་དཔལ་འབྱོར་དར་རྒྱས་དང་རིག་གནས་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པ་རེད།
         2019ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་215དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཧུར་ཐག་སྒོས་ཞུགས་ཤིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་8976.93བཏང་ཡོད་ལ། མི་གྲངས་8431དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ཡོད། དམངས་གཉེར་ཁེ་ལས་ཕྱུག་པོ་ཆགས་རུང་རང་གི་ཕ་ཡུལ་མི་བརྗེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒོས་བསྒྲུབས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་ཕུལ་བ་རེད།
རྟེན་གཞིའི་ས་ཁུལ་གྱི་སྔོ་ཚལ་གསར་པ།  
         ལྷུན་རྩེ་ཆུ་བོའི་འགྲམ་གྱི་དྲོད་ཁང་ཆེན་མོའི་ནང་དུ། ཡེར་པ་གྲོང་ཚོའི་གྲོང་མི་བསོད་ནམས་ཕུར་སྒྲོན་གྱིས་ལས་ཀ་བྱེད་བཞིན་ཡོད། མོས་བརྗོད་དོན།“ངས་སྔོ་ཚལ་དྲོད་ཁང་ཆེན་མོའི་ནང་དུ་ལས་ཀ་སྒྲུབ་བཞིན་ཡོད། ཟླ་རེར་གླ་ཕོགས་སྒོར་3500ཡོད།”ཅེས་བཤད་པ་དང་། དུད་ཚང་དབུལ་པོ་བསོད་ནམས་ཕུར་སྒྲོན་གྱི་ཁྱིང་ཚང་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་ཡེར་པ་གྲོང་ཚོར་སྤོས་པ་ནས་བཟུང་སྡོད་ཁང་གསར་པའི་ནང་བསྡད་པ་དང་།  ད་དུང་ལས་ཀ་བརྟན་པོ་ཞིག་རག་ཡོད་ལ། 2017ལོར་དབུལ་ཕོངས་ལས་ཐར་པ་རེད། 
པ་གྲུབ་དང་གྲོང་མི་ཚོས་ཕྱུག་འགྱུར་གྱི་སྐོར་གླེང་བ།
         བསོད་ནམས་ཕུར་སྒྲོན་གྱིས་བཤད་པའི་སྔོ་ཚལ་དྲོད་ཁང་ཆེན་མོ་ནི་པ་གྲུབ་ཀྱི་ཁོངས་གཏོགས་ཀུང་སིའི་གྲས་ཤིག་རེད། 2016ལོ་ནས་ད་བར་པ་གྲུབ་ཁོངས་གཏོགས་ཀུང་སིའི་ཐོན་ལས་ཀྱིས་སྔ་རྗེས་སུ་ས་གནས་དེ་གའི་མང་ཚོགས་མི་གྲངས་873ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པའི་ནང་དུད་ཚང་དབུལ་པོ་400ལྷག་ཙམ་ཡོད་པ་དང་། ལས་མི་རེའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3500ཡན་ཟིན་ཡོད་ལ། ལོ་བཞིའི་རིང་ཀུང་སིས་དབུལ་སྐྱོར་ཐད་མ་དངུལ་སྒོར་ཁྲི་2500ཙམ་བཏང་ཡོད།
སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་དུད་ཚང་དབུལ་པོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭས་བསྐྲུན་པའི་ཁང་པ་གསར་པ།
         ཡར་འབྲོག་གཡུ་མཚོའི་འགྲམ་དུ་བཙུགས་པའི་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ཚོགས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་འགོ་ཚུགས་པ་ནས་བཟུང་རང་འགུལ་ངང་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་ཤང་ཧྲིལ་པོར་རོགས་སྐྱོར་བྱེད་པའི་ལས་དོན་རང་འགུལ་ངང་བསྒྲུབས་ཏེ། མ་དངུལ་སྒོར་ཁྲི་4172.3095བཏང་པ་དང་། ལས་ཞུགས་ལས་གནས་བཀོད་སྒྲིག་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སློབ་གསོའི་མ་དངུལ་འཛུགས་པ། འཚོ་བའི་ཆ་རྐྱེན་འགན་ལེན་བྱེད་པ། སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱེད་ཐབས་ཁག་དྲུག་ལག་ལེན་དུ་བསྟར་ནས། ཤང་དེའི་དུད་ཚང་482དང་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་1714རྩ་བའི་ཆ་ནས་དབུལ་སྒྲོལ་ཐུབ་པ་བྱས་ཡོད།
དབྱངས་ཅན་དཔལ་མོ་རང་ཁྱིམ་གྱི་ཁང་པའི་ནང་དུ་ཡོད་པ།  
         “ད་ལྟའི་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད། ཡོང་འབབ་ཡང་སྔོན་ཆད་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་པ་དང་། ད་ལྟ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་15ཙམ་ཟིན་ཡོད་ལ། བུ་མོས་ ཟ་མ་གཡོ་སྐོལ་བྱེད་ཐབས་སློབ་སྦྱོང་བྱེད་བཞིན་ཡོད། ཚོང་ཁང་གཉེར་བ་ལས་གཞན་ད་དུང་ཟ་ཁང་ཞིག་འཛུགས་རྩིས་ཡོད།”ཅེས་ཟུར་སྐལ་གྲོང་ཚོའི་གྲོང་མི་དབྱངས་ཅན་དཔལ་མོས་དེ་ལྟར་འཚོ་བ་གསར་པར་རེ་སྨོན་བྱེད་བཞིན་ཡོད། ཁང་པ་གསར་པར་སྤོས་རྗེས། ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ཚོགས་པས་རྒྱུ་ཆ་དང་། ལག་རྩལ། ཚོང་ལམ་བཅས་མཁོ་འདོན་བྱས་པའི་རོགས་རམ་འོག་དབྱངས་ཅན་དཔལ་མོས་བོད་ཀྱི་ཉལ་ཐུལ་བཟོ་འགོ་ཚུགས་པས། ལོ་གཅིག་ལ་ད་དུང་སྒོར་5000ཡས་མས་ཀྱི་ཡོང་འབབ་འཕར་ཐུབ། ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ཚོགས་པས་2018ལོར་ལྷུན་པོ་ཞོལ་ཤང་གི་དུད་ཚང་དབུལ་པོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་ཚུགས་ཤིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི་1340བཏང་བ་དང་། རྫོང་སྲིད་གཞུང་གིས་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་85བཏང་པ་དང་། དུད་ཚང་དབུལ་པོ་རང་གིས་སྒོར་ཁྲི་58བསྡུས་པ་རེད།
ཆོས་ཉིད་སྒྲོལ་མ།
         དབྱངས་ཅན་དཔལ་མོ་དང་འདྲ་བར་ཁང་པ་གསར་པར་སྤོས་པའི་ཆོས་ཉིད་སྒྲོལ་མས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས། ཁྱིམ་མི་ཚང་མ་ཆར་ཐིགས་ཟགས་པའི་ཁང་རྙིང་དང་རྦད་དེ་ཁ་བྲལ་བ་དང་ཆར་དུས་སླེབས་རྒྱུར་སེམས་ཁྲལ་བྱེད་མི་དགོས་པར་གྱུར། ཆོས་ཉིད་སྒྲོལ་མ་སྡོད་སའི་རྒྱ་ཚ་རྫོང་ཀུན་ཁམས་གྲོང་ཚོས་ས་ཆ་གསར་སྤེལ་རྣམ་གྲངས་དང་། སྣོད་བཅུད་གསོ་ཚགས་རྣམ་གྲངས། དཔལ་འབྱོར་ནགས་ཚལ་འདེབས་འཛུགས་རྣམ་གྲངས་སོགས་བརྒྱུད་དེ་གྲོང་མིའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་ཕན་འབྲས་ལྡན་པའི་སྐུལ་འདེད་བྱུང་ཡོད། 2017ལོར་གྲོང་ཚོ་ཡོངས་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་ཕོངས་ལས་ཐར་པ་དང་། 2018ལོར་དབུལ་པོ་ཐོན་ཚད་མེད་པར་གྱུར་ཅིང་། 2019ལོར་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་དེ་2017ལོའི་སྒོར་5647.57ནས་སྒོར་11039བར་འཕར་ཡོད།
         རྒྱ་ཚ་རྫོང་ཀུན་ཁམས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་གྲོང་མི་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ་དང་མི་འདྲ་བར། ལྷུན་རྩེ་རྫོང་གི་རིག་འཛིན་རྡོ་རྗེས་རང་ཉིད་ཀྱི་ལས་གཏོད་ལམ་བུ་བཏོད་ཡོད། “ཆེས་ཐོག་མར་ཉམས་མྱོང་མེད་པ་དང་། ཕག་པར་ན་ཚ་ཕོག་ཀྱང་སྨན་བཅོས་ཇི་ལྟར་བྱེད་དགོས་པ་མི་ཤེས་པས་སེམས་ཁྲལ་ཆེན་པོ་བྱུང་།”ཁོས་དེ་ལྟར་བཤད་པ་དང་། 2016ལོར། རིག་འཛིན་རྡོ་རྗེས་བོད་ཕག་གསོས་ནས་ལོ་གཅིག་འགོར་བའི་སྐབས་སུ། ཁོའི་ཕག་ལ་ནད་ཡམས་ཕོག་ནས་ཕག་བརྒྱ་ཕྲག་ཁ་ཤས་བསྟུད་མར་ཤི་བ་རེད། ཁོང་སེམས་པ་འཚབ་ནས་མཚན་མོ་ཞིག་ལ་རླངས་འཁོར་དུ་བསྡད་དེ་ལྷུན་རྩེ་རྫོང་ནས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་སྨན་ཉོ་བར་ཕྱིན་པ་རེད། ཉམས་མྱོང་དང་བསླབ་བྱ་ཐེངས་མང་པོ་མྱངས་པ་དང་། ཉིང་ཁྲི་གྲོང་ཁྱེར་ཞིང་འབྲོག་སློབ་གླིང་གི་དགེ་རྒན་གྱི་མཛུབ་ཁྲིད་འོག ད་ལྟ་རིག་འཛིན་རྡོ་རྗེས་རང་ཉིད་དང་འཚམ་པའི་གསོ་ཚགས་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་ཐུབ་ཡོད། རིག་འཛིན་རྡོ་རྗེའི་བོད་ཕག་ནག་པོའི་གསོ་སྤེལ་ར་བར་ད་ལྟ་ཕག་1400ཡོད་ཅིང་། ཕག་ར་5རུ་བསྡོམས་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་12ལས་ཞུགས་བྱས་པ་དང་། མི་རེར་ཉིན་རེར་གླ་ཆ་སྒོར་130ཡོད་ལ། ཁེ་གྱོང་གང་ཡིན་རུང་ལོ་མཇུག་ཏུ་ད་དུང་མི་རེར་སྒོར་1000བགོ་རྒྱུ་ཡོད་པ་རེད།
བསམ་ཡས་དགོན་པ།
         འབྱོར་འབྲིང་མཉམ་སྐྲུན་གྱི་ལམ་བུའི་སྟེང་དུ། དགེ་འདུན་པ་ནི་དཔང་མི་ཡིན་པ་མ་ཟད་མཉམ་ཞུགས་པ་དང་འཛུགས་སྐྲུན་མཁན་ཡང་ཡིན། ཁོང་ཚོས་བྱམས་བརྩེའི་རོགས་སྐྱོར་དང་དགེ་སྒྲུབ་དབུལ་སྐྱོར་གྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་དབུལ་སྐྱོར་དཀའ་སེལ་གྱི་སྣང་བརྙན་བཟང་པོ་མངོན་པར་མཚོན་པ་རེད། ལོ་ལྔའི་རིང་ལ། བསམ་ཡས་དགོན་པའི་གྲྭ་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞལ་འདེབས་སྒོར་ཁྲི་བརྒྱ་ལྷག་ཙམ་ཕུལ་བ་དང་། དགེ་སྒྲུབ་མ་དངུལ་དེ་དག་གཙོ་བོ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་དང་། སློབ་རོགས་ཞལ་འདེབས། གནོད་འཚེ་རོགས་སྐྱོབ། ནད་གཞི་ཚབས་ཆེན་ཕོག་མཁན་ལ་རོགས་རམ་བྱེད་པ་སོགས་ཀྱི་ཐད་ལ་སྤྱད་ཡོད་པ་རེད།
         སྤྱི་ཚོགས་ལས་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ནས། 2019ལོ་ནི་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ཆེད་དུ་འབྲི་རིན་ཡོད་པའི་ལོ་ཞིག་ཏུ་གྱུར་ཅིང་། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མ་མཐའི་ཚད་གཞི་ལས་བརྒལ་བ་དང་། དབུལ་པོ་བྱུང་ཚད་མེད་པར་གྱུར་པ་རེད། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་16983གྱི་མི་འབོར་53380ད་ལྟའི་ཚད་གཞི་ལྟར་དབུལ་སྒྲོལ་ཐུབ་ཡོད་ལ། དབུལ་པོ་དབུལ་རྐྱང་ཚང་མ་དབུལ་ཕོངས་ལས་ཐར་པའི་དམིགས་འབེན་མངོན་འགྱུར་བྱུང་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1