༄༅།།གསེར་འོད་མཚོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-28



          དེ་རིང་གུས་མོས་ཁྱེད་ཀྱི་སྙན་ལམ་དུ་ཕ་ཡུལ་སི་ཁྲོན་ཁྱུང་མཆུ་ནས་ཡིན་ཞིང་། གྱོན་ཆས་ཇུས་འགོད་ཀྱི་ལས་ལ་གཞོལ་བཞིན་པའི་གསེར་འོད་མཚོའི་ལས་གཏོད་ལམ་བུའི་ཐོག་གི་གཏམ་རྒྱུད་ཞུ་རྒྱུ་ཡིན།

          གསེར་འོད་མཚོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་ནས་ཡིན་ཞིང་། སྤྱི་ལོ་2012ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། རྒྱལ་ཁབ་ཁ་ཤས་ལ་ཕྱིན་ཏེ། མི་རིགས་རྒྱན་གོས་ཇུས་འགོད་ཐད་རྒྱུས་ལོན་བྱས་པ་དང་། ཕྱིས་སུ་ཡང་ཧྥ་རན་སིའི་ESMODརྒྱན་གོས་སློབ་གླིང་གི་ཀྲུང་གོའི་ཡན་ལག་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་པས། རྒྱན་གོས་ཇུས་འགོད་ཐད་སློབ་སྦྱོང་བྱེད་པའི་སྐལ་བ་གང་མང་ཐོབ།

          ཁོང་ཉིད་ཆུང་དུས་ནས་རྒྱན་གོས་རིགས་སྣ་ཚོགས་ལ་དགའ་ཞེན་ཡོད་པ་དང་། ཁོང་མོའི་ཁྱིམ་མི་རྣམས་ཀྱང་གྱོན་ཆས་བཟོ་རྩལ་ཐད་མཁས་པས། དེས་ཤུགས་རྐྱེན་ཐེབས་པའི་འོག ཁོང་ཉིད་སློབ་མཐར་ཕྱིན་རྗེས་ནས་གྱོན་ཆས་ཇུས་འགོད་ལས་ལ་ཞུགས་ཤིང་།   སྤྱི་ལོ་2015ལོར་གནའ་དེང་ཟུང་འབྲེལ་གྱི་དུ་ཀཱུ་ལ་ཞེས་པའི་བོད་ཆས་ཀྱི་ཚོང་རྟགས་གསར་དུ་གཏོད། སྤྱི་ལོ་2016ལོར་ཁོང་མོས་རང་གི་གཅེན་གཅུང་ཁ་ཤས་དང་མཉམ་དུ་ཁྲེང་ཏུའུ་གྲོང་ཁྱེར་དུ་གྱོན་ཆས་ཇུས་འགོད་ཀྱི་ལས་གཏོད་ལམ་བུར་ཞུགས། ཟུར་གཉིས་པ་ཏྲའི་པང་ཁེབས་དང་ལག་བསླས་སྐ་རགས་སོགས་གནའ་དེང་ཟུང་འབྲེལ་གྱི་རྒྱན་གོས་སྣ་ཚོགས་ཇུས་འགོད་བྱས་ཏེ། ས་གནས་དེར་དར་ཁྱབ་ཆེ་བའི་ཁྱད་ལྡན་ཐོན་རྫས་རེ་རེ་ཡིས་ཁྲོམ་རའི་དགོས་མཁོ་སྐོང་ཅི་ཐུབ་བྱས་པ་དང་། གྱོན་ཆས་དེ་དག་གི་མཛེས་ཆོས་དང་སྤུས་ཀའི་ཐད་འཛད་སྤྱོད་པའི་གདེང་འཇོག་མཐོ་པོ་ཐོབ།

          སློབ་མཐར་ཕྱིན་པ་ནས་ད་ལྟའི་བར་འབད་པ་ལྷོད་མེད་བྱས་པ་བརྒྱུད། ད་ཆ་བོད་ཁུལ་གྱི་ས་ཆ་སོ་སོར་དུ་ཀཱུ་ལ་རྟགས་ཅན་གྱི་བོད་ཆས་འཚོང་སའི་ཡན་ལག་ཚོང་ཁང་བདུན་ལྷག་བཙུགས་ཡོད་པ་དང་། ད་དུང་སྤྱི་ལོ་2017ལོའི་ལོ་འཁོར་གྱི་ཁྲེང་ཏུའུ་རྒྱན་གོས་ལས་རིགས་ཚོགས་ཆེན་གྱི་ཐོག་ཏུ། གསེར་འོད་མཚོ་ལ་སྤྱི་ལོ2017ལོའི་ལོ་འཁོར་གྱི་རྒྱན་གོས་ལས་རིགས་ཀྱི་ཕུལ་བྱུང་ཇུས་འགོད་པའི་བྱ་དགའ་ཐོབ། ཁོང་མོ་ནི་བྱ་དགའ་དེ་ཐོག་མར་ཐོབ་མཁན་གྱི་བོད་ཀྱི་རྒྱན་གོས་ཇུས་འགོད་པ་དེ་རེད།

     དེ་ལྟར་ཁོང་མོ་རང་ཉིད་ཀྱི་ཇུས་འགོད་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། འཚོ་བའི་ཐད་དཀའ་ངལ་ཡོད་པའི་ན་གཞོན་ཁག་གཅིག་ལ་ལས་ཞུགས་གོ་སྐབས་མཁོ་འདོན་གང་མང་ཐུབ་པ་དང་། ད་དུང་འབྲོག་ཁུལ་གྱི་ཐོན་རྫས་དྲ་བ་བརྒྱུད་ནས་འཚོང་བའི་ཐབས་ལམ་ཁྱབ་སྤེལ་བྱས་པ། ཚོང་ཁང་དུ་སློབ་མཐར་ཕྱིན་མ་ཐག་པའི་སློབ་མ་ཁ་ཤས་ལ་ལས་ཞུགས་སྔོན་གྱི་སྦྱོང་བརྡར་བྱེད་པའི་གོ་སྐབས་སྤྲད་པ། ས་གནས་དེ་གའི་དབུལ་ཕོངས་དུད་ཁྱིམ་གྱི་བུ་ཕྲུག་དང་དྭ་ཕྲུག་བཅས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བ། ད་དུང་ལོ་རེར་དུད་ཚང་དབུལ་ཕོངས་རྣམས་ལ་རང་ནུས་གང་ཡོད་ཀྱིས་གྱོན་ཆས་བཙེམ་ནས་སྤྲོད་པ་སོགས་ཕན་བདེའི་བྱ་བ་ཡང་མང་པོ་སྒྲུབ་བཞིན་ཡོད།

          ཁོ་མོས། འབྲོག་ཁུལ་འཕེལ་རྒྱས་གཏོང་བར་སྲིད་གཞུང་གི་སྟོབས་ཤུགས་ཁོ་ནར་བརྟེན་ན་མི་འགྲིག་པར་མི་སྒེར་གྱིས་རང་རང་གི་ནུས་ཤུགས་གང་ཡོད་བཏོན་ནས་མཉམ་དུ་ཐབས་ལམ་འཚོལ་དགོས་ངེས་ཡིན་ཞེས་གསུངས།  སྤྱི་ལོ2020ལོར། སྲིད་གཞུང་དང་མཉམ་འབྲེལ་བྱས་ཐོག ཁྱུང་མཆུ་རྫོང་གི་གྲོང་ཚོ་བཅུ་ལྷག་གི་གྲོང་མིར་འབྲོག་པའི་ཐོན་རྫས་རིགས་སྣ་ཚོགས་དྲ་བ་བརྒྱུད་ནས་འཚོང་བའི་ཐབས་ལམ་སློབ་ཁྲིད་དང་། དྲ་ལམ་བྲིན་ཚོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ནས། དབུལ་སྒྲོལ་ལམ་བུ་གསར་འབྱེད་བྱ་རྒྱུར་ཁོང་མོས་ཀྱང་ནུས་ཤུགས་སྐྱེས་སུ་ཕུལ་ཡོད།

          མ་འོངས་པའི་ལོ་ཟླའི་ནང་ཁོང་མོའི་ལས་གཏོད་ཀྱི་ལམ་བུ་སྔར་བས་ཡངས་ཤིང་རྒྱ་ཆེ་བ་དང་། ཁོང་མོའི་སྤྱི་ཕན་མཛད་འཕྲིན་སྔར་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཞུ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1