༄༅།།སྒྱུ་མའི་སྣང་བ།

ཨུག་ཆོས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-28



ཨུག་ཆོས།
སྲོད་ཀྱི་གྲིབ་གཟུགས་སྙིང་ལ་ཡོམ་ཞིང་འོད་ཀྱི་འཛུམ་པ་ཕར་ཕར་ཡོལ། །
བདེ་སྡུག་འདྲེས་མའི་ལང་ཚོའི་རྒྱུད་སྐུད་དུས་ཀྱི་འོག་ནས་དལ་གྱིས་ཟགས། །
སྙིགས་མའི་ནམ་མཁར་ཀུན་རྫོབ་སྤྲིན་ཕུང་གཅེར་བུའི་གཟུགས་ཀྱིས་ལང་ལོང་གཡོ ། །
སྒྱུ་མའི་སྣང་བ་མཚན་མོའི་འོབས་ཀྱི་གསལ་མེད་འགྲིབ་པའི་ཟླ་བ་སྟེ། །
གཟུང་འཛིན་ངོགས་སུ་དགེ་སྡིག་ལས་ཀྱི་བྱས་བསགས་སྙིང་པོར་ཡང་ལྕི་གཞལ། །
བྱབས་ཆུང་སེམས་པ་རླུང་གིས་སྤུར་བའི་སྐར་མའི་ཟིལ་བ་མོག་པོ་ཡིན། །
བསིལ་བའི་ཆུ་ཐིགས་འཛིན་མའི་ཐིག་ལེར་ངལ་དུབ་སེལ་ཕྱིར་རིམ་གྱིས་ཐིམ། །
ཚོར་བའི་རྦ་རླབས་ཡོངས་སུ་འཇགས་ཚེ་སྐྱེ་འགག་རྟོག་པའི་རྣམ་ཤེས་འགུལ། །
མེ་ལོང་ངོས་སུ་བདེན་མེད་འདུ་བྲལ་ཆོས་ཉིད་ལས་ཀྱི་ཟླ་བ་འཚེར། །
བརྩེ་བའི་མིག་ཟུང་འཇིག་རྟེན་ཁམས་ཀྱི་རི་དང་གཙང་བོའི་གཤོངས་སུ་བབས ། །
ལོ་ཟླའི་གཙང་བོས་སྒྱུ་འཕྲུལ་གར་སྒྱུར་རྡུལ་འཚུབ་ཁྲོད་ནས་དལ་གྱིས་བཞུར ། །
སྒྱུ་མའི་རྟ་ཁྱུ་ཕྱོགས་གཏད་བྲལ་བའི་རླུང་གི་འདེགས་འཇོག་ལ་འགྲན་ཏེ། །
ལོ་ཡི་སྐར་མདའ་སྙིང་ལ་བབས་ཤིང་མི་རྟག་འཚོ་བ་མིག་ལ་བཏེགས། །
སྐྱེ་བ་གང་དུ་གོམ་ཆུང་རྒྱག་དགོས་ཚེ་རབས་གང་གི་ལན་ཆགས་གསབ། །
ང་ཡི་སེམས་པ་ཆུ་ལ་བྲིས་པའི་ལས་ཀྱི་རི་མོ་མག་མོག་ཡིན། །
སྟོང་བའི་ཉམས་ལ་ངང་ཚུལ་སྟོང་གི་ཆུ་ཡི་འོད་ཟིལ་འཇའ་རུ་ཤར། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1