བདེ་ཁུལ་དུ་གནས་སྤོས་ཏེ་“སན་ཡ་ཆུང་བ”ཞིག་ཆགས་པ་དངོས་གནས་ཧ་ལས་དགོས་པ་ཞིག་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-29




         ཁམས་རའི་རྒྱལ་ཁབ་སྤྱི་གླིང་གི་རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་མཛེས་ལྗོངས་ལྟ་ན་སྡུག་པ་རྣམས་བརྒྱུད་དེ་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པ་དང་བཅས་ “མཚོ་སྔོན་གྱི་སན་ཡ་ཆུང་བ”ཞེས་འབོད་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོར་སླེབས་པ་རེད།

          གཅན་ཚ་རྫོང་གི་བདེ་ཁུལ་དུ་གནས་སྤོས་པའི་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཏེ་བདེ་སྐྱིད་གྲོང་ཚོའི་སྒོ་ཆེན།
          2020ལོར་དུས་བཀག་ལྟར་དབུལ་སྒྲོལ་ཞྭ་མོ་ཕུད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་། ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་རྣམས་གསོ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། “རི་མགོའི་གནད་དོན་རི་འདབས་ནས་ཐག་གཅོད་བྱེད་པའི་”བསམ་ཕྱོགས་ལྟར་གཅན་ཚ་རྫོང་གིས་བདེ་ཁུལ་དུ་གནས་སྤོ་བ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད། 
          2016ལོའི་ཟླ་9པར། གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་རྨ་ཆུའི་ཤར་རྒྱུད་དུ་བདེ་ཁུལ་ལ་གནས་སྤོ་བའི་ལས་གཞི་ལག་བསྟར་བྱས་ནས་རྫོང་ནང་གི་རི་ཁུལ་ནས་འཚོ་གནས་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན་པའི་ཡུལ་ཚོ་དང་གྲོང་རྡལ་7གྱི་གྲོང་ཚོ་30ཡི་དུད་ཚང་251གི་མི་946(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་226གི་མི་893དང་། ཡིག་ཚགས་དང་གཱ་བཟོས་མེད་པའི་དུད་ཚང་25ཡི་མི་53ཡོད་པ་དུས་མཉམ་དུ་གནས་སྤོ་བྱས་ཡོད)གཅིག་སྡུད་ཐོག་བདེ་ཁུལ་དུ་གནས་སྤོ་རྒྱུ་བྱས་པ་དང་བཀོད་སྒྲིག་ཁང་པ་251བསྐྲུན་ཞིང་། ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་17899.2ཟིན་ནས་2017ལོའི་ཟླ་11པར་ནང་དུ་སྡོད་ཐུབ་པ་བྱུང་ཡོད།

          ཞི་ཨན་གྱི་འཁྲབ་ཚན་ཚོ་ཆུང་གིས་བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་ལྗོངས་རྣམ་པར་དུ་སྐྱོན་བཞིན་པ།
          “དེ་སྔ་སྨན་ཁང་དང་བར་ཐག་ཧ་ཅང་རིང་བས་འགྲོ་འོང་བྱེད་པར་སྟབས་བདེ་པོ་མེད། ད་ལྟ་ཅི་ཡང་སྟབས་བདེ་རེད།”བདེ་སྐྱིད་གྲོང་ཚོའི་གྲོང་མི་འཇམ་དཔལ་སྒྲོལ་མས་གསར་འགོད་པར་“རྒྱལ་ཁབ་ཀྱི་རོགས་རམ་འོག་ང་ཚོ་བདེ་སྐྱིད་གྲོང་ཚོར་སྤོས་ནས་ལོ་3སོང་བ་དང་། ཐོག་མར་ཚོང་ཁང་ཞིག་གཉེར་བ་དང་དེ་རྗེས་རིམ་བཞིན་མགྲོན་ཁང་གཉེར་བ་ཡིན།”ཞེས་བཤད་བྱུང་། “ཚོང་རྒྱག་ཞོར་དུ་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་པ་དེ་ནི་ཡུལ་གཞན་ལ་ཞོར་ལས་སུ་ཕྱིན་པ་ལས་རང་ཁྱིམ་གྱི་ཚོང་ཁང་གཉེར་བ་ཡོང་འབབ་ཧ་ཅང་བཟང་། འཇམ་དཔལ་སྒྲོལ་མས་བློ་ཡིད་ཚིམ་པའི་འཛུམ་མདངས་དང་བཅས་ནས་“ཧ་ཅང་ཡག་པོ་འདུག ངོ་མ་ཡག་པོ་འདུག”ཅེས་ཐེངས་མང་བཤད།
          “གནས་སྤོ་ཐུབ་པ་དང་། བརྟན་པོ་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། བདེ་སྐྱིད་གྲོང་ཚོས་རྨ་ཆུའི་ཆུ་བེད་མཛེས་ལྗོངས་དང་། གནམ་གཤིས། ས་བབ། ས་ཁོངས་སོགས་ཀྱི་ལེགས་ཆར་བརྟེན་ནས། གནས་སྤོའི་དབུལ་སྐྱོར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་རིག་གནས་ཡུལ་སྐོར་ལས་རིགས་ཟུང་འབྲེལ་བྱེད་པའི་ལམ་བུ་གསར་པ་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། གྲོང་གསེབ་ཡུལ་སྐོར་ལྟེ་བ་བྱས་ཏེ་ཁྱད་ལྡན་ཞིང་ལས་དང་རིག་གནས། འོད་ཤུགས་སོགས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་པའི་“ལས་མང་མཉམ་འཚོ་དང་ཡང་བསྐོར་བསྐྱར་བསྐོར”གྱི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས། 

          བདེ་སྐྱིད་གྲོང་ཚོའི་ལྗོངས་ཁུལ་དུ་མེ་ཏོག་སྣ་ཚོགས་བཞད། 
          གནས་སྤོ་བྱས་པ་ནས་བཟུང་བདེ་སྐྱིད་གྲོང་ཚོས་དམངས་སྲོལ་རིག་གནས་དང་མདའ་འཕེན་རིག་གནས། རྨ་ཆུའི་རིག་གནས། ཞིང་རྨོད་རིག་གནས་སོགས་ཀྱི་གྲུབ་ཆ་མ་དོར་བར་མི་རིགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་བོད་ལུགས་སྡོད་ཁང་འཆར་འགོད་འཛུགས་སྐྲུན་བྱས་པ་མ་ཟད། སྤྲོ་གསེང་ཐང་ཆེན་དང་གྲུ་ཁ། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་སྒར་ས། མཐོངས་ཡངས་བྱེ་ཐང་། གཉེན་གོས་པར་ལེན་རྟེན་གཞི། མེ་ཏོག་གི་རྒྱ་མཚོ། རྨོ་འདེབས་ཉམས་ལེན། ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཟས་རིགས་ཐང་ཆེན་སོགས་ཡུལ་སྐོར་ཐོན་ལས་ཀྱི་རྗེས་མཐུད་རྣམ་གྲངས་ལག་བསྟར་བྱས་པ་དང་། ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཀྲུང་གོའི་མཚོ་སྔོན་འཛུགས་སྐྲུན་ཚོགས་པ་ནང་འདྲེན་བྱས་ནས་བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་འདི་ཁྲོམ་ར་ཅན་གྱི་ལམ་ལུགས་ཀྱིས་གཉེར་སྐྱོང་བྱས་ཤིང་། གནས་སྤོས་མང་ཚོགས་ཀྱིས་“རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུར་”རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
           མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་གངས་ལྷ་སྒྲོལ་མས། ཉེ་བའི་ལོ་ཤས་རིང་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོའི་བདེ་ཁུལ་དུ་གནས་སྤོ་བའི་དབུལ་སྐྱོར་ལས་གཞི་དེ་ས་གནས་དེ་གའི་སྲིད་གཞུང་གི་ནོར་སྲིད་རྒྱབ་སྐྱོར་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་བརྒྱུད་ནས་རྨ་ཆུའི་ཆུ་ངོགས་མཛེས་ལྗོངས་ཁུལ་ལ་བརྟེན་པ་དང་། བོད་ཀྱི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་“རིག་གནས་ཡུལ་སྐོར་དང་། གནད་སྨིན་དབུལ་སྐྱོར། གྲོང་གསེབ་དར་རྒྱས་”བཅས་ཀྱི་བྱེད་སྟངས་ཐོག་ནས་བོད་ཇ་འདེབས་འཛུགས་དང་། གྲོང་གསེབ་ཀྱི་རིག་གནས་ཉམས་ལེན་བྱེད་པ་སོགས་ཐབས་ལམ་སྣ་མང་བརྒྱུད། ས་གནས་དེ་གའི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་མང་དུ་ཕྱིན་ནས་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད། འདི་དག་གིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་པས་འཕེལ་རྒྱས་གཏོང་སྟངས་འདི་ནི་བོད་རིགས་ས་ཁུལ་དུ་ཁྱབ་གདལ་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་ཡིན་ཞེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་དང་གུང་གསེང་རིང་གི་བདེ་སྐྱིད་གྲོང་ཚོར་རྟག་ཏུ་ཡུལ་སྐོར་བས་ཁེངས་ཤིང་། བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་གྱི་བྱེ་ཐང་དང་། མེ་ཏོག་གི་རྒྱ་མཚོ། ཐང་ཆེན་ཆུང་ཆུང་བཅས་སུ་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་འཁྱེར་ནས་རྨ་ཆུའི་འགྲམ་ངོགས་ཀྱི་མཛེས་ལྗོངས་པར་རྒྱག་པ་དང་འབྲེལ་དྲན་རྟེན་འདྲ་པར་ཡང་བསྐྱོན་པ་རེད། ལོ་འདི་དག་རིང་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པའི་གངས་ལྷ་སྒྲོལ་མས་གསར་འགོད་པར་“དེ་སྔོན་ང་ཚོ་གུང་གསེང་སྐབས་སུ་རྨ་ཆུའི་འགྲམ་ངོགས་སུ་ཡུལ་སྐོར་ལ་འགྲོ་མཁན་ཧ་ལམ་མེད། ད་ཆ་བདེ་སྐྱིད་གྲོང་ཚོར་གཟའ་མཇུག་ཏུ་ཆུ་ཚོད་གཅིག་གཉིས་ཙམ་གྲལ་བསྒྲིག་ནས་སྒུག་དགོས། གཅན་ཚ་ངའི་ཕ་ཡུལ་ཡིན་པའི་ཆ་ནས། ལོ་འདི་དག་ནང་ཕ་ཡུལ་གྱི་འགྱུར་ལྡོག་ལ་ལྟ་བཞིན་ང་རང་ཧ་ཅང་དགའ་པོ་བྱུང་ཡོད་ལ། གཅན་ཚ་རྫོང་གི་འབྱུང་འགྱུར་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད། 

          བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་གྱི་སྤྲོ་སྐྱིད་གླིང་། 
          བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ནས་གཅན་ཚ་རྫོང་གིས་སྣོད་བཅུད་དོ་དམ་སྲུང་སྐྱོང་དང་། ཡུལ་སྐོར་གསར་སྤེལ། སྤྱི་ཚོགས་བཅོས་སྐྱོང་། ཐོན་ལས་རོགས་སྐྱོར་སོགས་དང་ཟུང་འབྲེལ་གྱིས་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་ནས་མི་352ཐད་ཀར་ལས་ཞུགས་ཐུབ་པ་བྱས་། མང་ཚོགས་རྣམས་ཐག་ཉེ་ས་དང་ས་ཆ་དེ་གར་ལས་ཞུགས་ཐུབ་པ་བྱུང་ཡོད་ཅིང་། ཞིང་པའི་སྤྲོ་སྐྱིད་ཁང་འཛུགས་གཉེར་དང་མ་བྱན་ལག་རྩལ་གསོ་སྦྱོང་བྱེད་པ། གནས་སྤོས་མང་ཚོགས་རྣམས་གྲོང་གསེབ་ཀྱི་ཡུལ་སྐོར་གསར་སྤེལ་ནང་ཞུགས་སུ་བཅུག་ནས་“སྒོ་ཕྱེ་ན་ཚོང་ཁང་དང་སྒོ་རྒྱབ་ན་ཁྱིམ་ཚང་ཡིན་”ཞེས་པ་མངོན་འགྱུར་བྱུང་བ་དང་འབྲེལ་མང་ཚོགས་དུད་ཚང་38ལ་ས་བསྲེག་གོ་རེ་དང་། ཞོ། རྩམ་པ། ཀོ་བ་སྙོལ་བ་སོགས་ཁྱད་ལྡན་བཟའ་བཏུང་ཐོན་ལས་གཉེར་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཡུལ་སྐོར་བར་མཛེས་ལྗོངས་ལ་མྱོང་རོལ་ཐུབ་པ་མ་ཟད། ས་གནས་ཀྱི་དམངས་སྲོལ་གོམས་གཤིས་ཀྱང་མྱོང་རོལ་ཐུབ་པ་བྱས་ཡོད།

          བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་པར་རྒྱག་པའི་ཡུལ་སྐོར་བ།

          བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་གྱི་མེ་ཏོག་གི་རྒྱ་མཚོའི་ཟུར་ཞིག་ནས་པར་རྒྱག་པའི་ཡུལ་སྐོར་བ། 
བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ཁུལ་གཉེར་སྐྱོང་བྱས་ཚུན། 2018ལོར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་215ཟིན་པ་དང་། 2019ལོའི་“ལྔ་གཅིག་”གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་2.2ལ་སྣེ་ལེན་ཞུས་པ་རེད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་110ཙམ་ཟིན་ཅིང་། “2018ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་”ལའང་བདེ་བླག་ངང་བདམས་ཐོན་བྱུང་ནས་“ཞིང་ཆེན་ཡོངས་ཀྱི་བདེ་ཁུལ་དུ་གནས་སྤོས་པའི་དབུལ་སྐྱོར་བཀོད་སྒྲིག་དཔེ་སྟོན་ས་ཚིགས་”དང་“AAAརིམ་པའི་ལྗོངས་ཁུལ་”དུ་བདམས་པ་རེད། ད་ཆ་གྲོང་ཚོ་འདི་ཉིད་སྣོད་བཅུད་ཁོར་ཡུག་མཛེས་སྡུག་ལྡན་པ་དང་ཁྱད་ཆོས་དམིགས་བསལ་ལྡན་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་སྣོད་བཅུད་མཛེས་ལྗོངས་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1