བུ་མོ་བདེ་སྐྱིད་ཀྱི་བདེ་སྐྱིད་མགྲོན་ཁང་།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 06-29


       ལོ24ལ་སོན་པའི་བུ་མོ་བདེ་སྐྱིད་ནི་ཕ་ཡུལ་རོང་བྲག་རྫོང་སྤྲོ་སྣང་ཤང་ནས་ཡིན་པ་དང་།   ཆུང་དུས་ནས་ཁྱིམ་ཚང་གི་ཚོང་གཉེར་ཤུགས་རྐྱེན་འོག་རང་ཉིད་ཀྱིས་ཡུལ་མིའི་མགྲོན་ཁང་ཞིག་གཉེར་བའི་ཕུགས་འདུན་ལ་འགྱུར་བ་གཏོང་མྱོང་མེད་པས་བདེ་སྐྱིད་ཀྱིས་སློབ་ཆེན་ཐོན་རྗེས་སྔོན་ལ་ཁྲེང་ཏུའུ་རུ་མགྲོན་ཁང་དང་ཡུལ་སྐོར་ལས་དོན་ཁང་དུ་ལས་ཀ་བྱས་ནས་ཉམས་མྱོང་གསོག་འཇོག་བྱས།
       བདེ་སྐྱིད་ཀྱི་ཁྱིམ་ནི་སྤྲོ་སྣང་ཤང་ཡོངས་སུ་ཡུལ་མིའི་མགྲོན་ཁང་གཉེར་སྔ་ཤོས་ཀྱི་ཁྱིམ་ཚང་ཞིག་ཡིན། ཁོང་གི་ཕ་མགོན་པོས་སྤྱི་ལོ1997ལོར་རང་ཁྱིམ་གྱི་བཙན་རྫོང་ཁང་མིག20ལྷག་ཙམ་ཡོད་པ་དེར་ཞིང་གྲོང་མགྲོན་ཁང་ཞིག་གཉེར།   སྔོན་ཆད། ཡུལ་སྐོར་བ་ནི་མཛེས་ལྗོངས་ཁོ་ན་ལོངས་སུ་སྤྱོད་མཁན་ཞིག་ཡིན་ནའང་ཕྱིས་སུ་ས་གནས་དེ་གའི་སྐོར་བྲོ་དང་ཞིམ་ཟས་སོགས་ལ་བརྟེན་ནས་ཡུལ་སྐོར་བར་བོད་རིགས་ཤང་གི་དམིགས་བསལ་རིག་གནས་རྒྱུས་ལོན་བྱེད་དུ་བཅུག    མགྲོན་ཁང་དེས་ལོ་གཅིག་ནང་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི5000ལས་བརྒལ་བ་དང་། ཧྲང་ཧའེ་དང་། ཧང་ཀྲོའུ། པེ་ཅིང་སོགས་རྒྱལ་ཡོངས་ས་ཕྱོགས་ཀུན་ནས་ཡུལ་སྐོར་དུ་ཡོང་མཁན་མང་བས་བདེ་སྐྱིད་ཀྱི་ཁྱིམ་ཚང་ལ་ཡོང་འབབ་ཁྲི20ལྷག་ཙམ་བྱུང་།

       སྤྱི་ལོ2018ལོར། ཕ་ཡུལ་དུ་གྲོང་གསེབ་དར་རྒྱས་དཔེ་སྟོན་ཁུལ་བསྐྲུན་འགོ་ཚུགས་པ་ཤེས་རྗེས། བདེ་སྐྱིད་ཀྱིས་ལས་ཀ་དོར་ནས་ཕ་ཡུལ་དུ་ལོག་སྟེ་རང་ཉིད་ཀྱི་ཡུལ་མིའི་མགྲོན་ཁང་སྟེ། བདེ་སྐྱིད་མགྲོན་ཁང་ཞེས་པ་གཉེར་རྒྱུའི་གྲ་སྒྲིག་བྱས། ཕ་ཡུལ་དུ་ལོག་རྗེས་བདེ་སྐྱིད་ཀྱིས་རང་ཁྱིམ་གྱི་ས་ཆའི་ཐོག་ཡུལ་མིའི་མགྲོན་ཁང་ཇུས་འགོད་བྱེད་འགོ་བཙུགས། བདེ་སྐྱིད་ཀྱི་ཁང་པའི་ཕྱིའི་གཟུགས་བཀོད་ཐད་རང་མི་རིགས་ཀྱི་ཁྱད་ཆོས་ཟབ་པ་དང་། མགྲོན་ཁང་ནང་བོད་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཕུན་སུམ་ཚོགས་ཤིང་། ཡུལ་སྐོར་བས་ཁྱད་ལྡན་རིག་གནས་མྱོང་རོལ་ཐོག་ད་དུང་རྒྱལ་རོང་གི་གཉེན་སྟོན་དང་།  གནའ་བོའི་སྐོར་བྲོ།  དེ་བཞིན་བོད་ཟས་སོགས་ལ་རོལ་ཆོག

       བདེ་སྐྱིད་ཀྱིས།  ཡུལ་སྐོར་ཞེས་པ་ནི་ཡུལ་ལྗོངས་ཁོ་ན་འདྲེན་བྱེད་ལམ་དུ་འདྲེན་པ་ཙམ་མིན་པར་ཡུལ་དེའི་རིག་གནས་ཉམས་སུ་མྱོང་བ་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་བར་བརྗེ་རེས་བྱེད་པ་ཞིག་ཡིན་པ་ལས་ཉལ་ཁྲི་བརྗེས་ནས་ཉལ་རྒྱུ་ཙམ་ག་ལ་ཡིན།  ངའི་མགྲོན་ཁང་གིས་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་ལ་ཤུགས་སྣོན་ཐུབ་པ་དང་། ཡུལ་སྐོར་བས་རྒྱ་རོང་བོད་རིགས་ཀྱི་སྤུས་དག་ལ་གཏིང་ཟབ་པའི་རིག་གནས་རྒྱུས་ལོན་བྱ་རྒྱུ་དེ་ངའི་རེ་བ་ཡིན་ཞེས་བརྗོད།
       རོང་བྲག་རྫོང་སྤྲོ་སྣང་ཤང་གི་ཤང་ཀྲང་ཝུན་ཅན་ཁང་གིས། སྤྲོ་སྣང་ཤང་ཡོངས་སུ་མགྲོན་ཁང་ཇེ་མང་དུ་འགྲོ་བ་དང་བསྟུན། ཞབས་ཞུའི་ཆུ་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། དེས་དཀར་མཛེས་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་རྒྱུ་རེད་ཅེས་གསུངས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1