མཐོ་སྒང་གི་རུ་གྲོང་ཞིག་ཏུ་“གྲོང་སྡོད་ཤེས་རམས་པ་”ཞིག་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-30


བཀྲ་ཤིས་ཚེ་རིང་(གཡོན)དང་གྲོང་ཚོའི་ནང་གི་ཤིང་བཟོ་ཡིས་ཤིང་བཟོའི་ཐོན་ལས་འཕེལ་རྒྱས་སྐོར་བགྲོ་གླེང་བྱེད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་28ཉིན། 
    ཁྲེང་ཏུའུ་ནས་ཆས་ཏེ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་གངས་རི་7བརྒལ་རྗེས། ས་བབས་རིམ་བཞིན་དམའ་རུ་འགྲོ་ཞིང་། འབྲི་ཆུའི་ཆུ་ལག་ཤོར་ཆུ་འགྲམ་བརྒྱུད་ནས་བསྐྱོད་ཚེ་དུང་སྒང་གྲོང་ཚོར་སླེབས་ཐུབ། 
    ལྔ་བའི་ཚེས་ལྔའི་དུས་ཆེན་རིང་། གྲོང་སྡོད་ལས་བྱེད་པ་བཀྲ་ཤིས་ཚེ་རིང་རང་དགར་སྡོད་མེད། ཁོ་ཞོགས་པ་སྔ་མོ་ནས་བཟུང་གྲོང་མི་བཀྲ་མཚན་གྱི་ཁྱིམ་དུ་ཡོང་དུས། བཀྲ་མཚན་གྱིས་སྒོ་རའི་ནང་དུ་མ་རྨོས་ལོ་ཏོག་དང་ནས་བསྲེས་བཞིན་“སང་ལོར་ཕག་ཕྲུག་སྐྱེས་རྒྱུ་རེད།”ཅེས་སྐད་གསང་མཐོན་པོས་དེ་ལྟར་བཤད་པ་དང་། ཕག་ཕྲུག་ཚོ་ཟས་ཟ་བར་མདུན་དུ་རྒྱུག ད་ཆར། གྲོང་ཚོའི་ནང་དུ་མི་མང་ཤོས་ཀྱིས་བོད་ཕག་གསོ་བཞིན་ཡོད་པ་དང་། བཀྲ་ཤིས་ཚེ་རིང་གིས་དེ་དག་ལ་སྐོར་ཐེངས་གཅིག་བྱས་ནས་ཐོན་དུས་ཉིན་གུང་ཟིན་ཡོད། 
    དུང་སྒང་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་དུ་ཆགས་ཡོད་ཅིང་། གྲོང་མི་མང་ཤོས་ཀྱི་སྡོད་གནས་ནི་ཁོད་མི་སྙོམས་ས་དང་། འགྲིམ་འགྲུལ་སྟབས་མི་བདེ་ས་ཡིན་པ་མ་ཟད་ཁ་གྲམ་ནས་ཆགས་ཡོད། གྲོང་ཚོའི་ནང་དུ་གཅིག་སྡུད་ཀྱི་ཐོན་ལས་མེད་པས། གྲོང་མི་ཚོའི་ལོ་རེའི་ཡོང་འབབ་ནི་སྒོར་2000ཡང་མི་ཟིན་པ་ཡོད་མྱོང་། 
    2016ལོར། བཀྲ་ཤིས་ཚེ་རིང་ཞིབ་འཇུག་སློབ་མ་ནས་སློབ་མཐར་ཕྱིན་རྗེས། རང་བྱུང་ཐོན་ཁུངས་པུའུ་སི་ཁྲོན་ཐིག་རིས་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ས་ཚུགས་སུ་ལས་ཀར་ཞུགས་པ་རེད། 2017ལོའི་ཟླ་10པར། ཁོ་རང་ལས་ཁུངས་ཀྱིས་ཕྱག་ཕྲེང་རྫོང་དུ་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་མངགས། བརྡ་ཐོ་འབྱོར་དུས་ཁོ་རང་གཉེན་སྒྲིག་བྱས་ནས་ཉིན་8ལས་འགོར་མེད། 
    དུང་སྒང་གྲོང་ཚོ་ལ་སླེབས་པའི་གཟའ་འཁོར་དང་པོར། བཀྲ་ཤིས་ཚེ་རིང་གང་མགྱོགས་ཀྱིས་ལས་གནས་སུ་ཞུགས་པ་སྟེ། ཁོས་གྲོང་མི་ཚོས་གསོས་པའི་བོད་ཕག་གི་ཤ་ཞིམ་པོ་ཡོད་ཀྱང་། ལུང་ཁུག་ཏུ་ཆགས་པ་དང་ལག་རྩལ་མི་འདང་བས་བོད་ཕག་གསོ་ཚགས་ཀྱི་གཞི་རྒྱ་ཆེན་པོ་བྱུང་མེད་པ་རྟོགས།
    དེ་སྔོན། གྲོང་མི་ཚོར་ཐོག་རྩེག་དང་པོར་ཕག་གསོ་བ་དང་། ཐོག་རྩེག་གཉིས་པར་མི་སྡོད་པའི་གོམས་སྲོལ་ཡོད་པས་འཕྲོད་བསྟེན་དང་བདེ་འཇགས་ལ་མངོན་མེད་ཉེན་ཁ་གནས་ཡོད། བཀྲ་ཤིས་ཚེ་རིང་གིས་མ་རྩ་བརྩོན་ལེན་བྱས་རྗེས། དུད་ཁྱིམ་རེ་རེའི་སྒོར་རའི་ནང་དུ་ཕག་ར་བསྐྲུན་པར་སྣེ་ཁྲིད་བྱས། དེ་ལྟར་ཕག་ར་བསྐྲུན་ཟིན་ཡང་། ཇི་ལྟར་གསོ་ཚགས་བྱེད་པའི་ཐད་ལ་གྲོང་ཁྱེར་ནང་ནར་སོན་པའི་ཁོང་གིས་གང་ནས་འགོ་འཛུགས་དགོས་པ་མི་ཤེས་པས། ནམ་རྒྱུན་གྲོང་ཚོའི་བྱེད་སྒོ་སྤེལ་གནས་སུ་བསྐྱོད་དེ་ཕག་གསོ་བའི་ལག་དེབ་ཡང་ཡང་སློབ་སྦྱོང་བྱས་པ་མ་ཟད། 
རྫོང་གི་ལག་རྩལ་མི་སྣ་དང་འབྲེལ་བ་བྱས་ནས་གྲོང་ཚོའི་ནང་དུ་ཚན་རིག་དང་མཐུན་པར་གསོ་ཚགས་བྱེད་པའི་སྐོར་གྱི་ལག་རྩལ་གསལ་འགྲེལ་བྱས་པ་རེད། 
    ལོ་57སླེབས་པའི་གྲོང་མི་ཚེ་རིང་རྡོ་རྗེ་ཡིས་ཁོ་རང་གཅིག་པུས་ཁྱིམ་མི་5གསོ་བཞིན་ཡོད་པས། འཚོ་བ་ཧ་ཅང་སྐྱོ་བོ་ཡོད། བོད་ཕག་ལ་ཚོང་ར་ཡག་པོ་ཡོད་པ་དང་། སྒོ་ཁར་ཕེབས་ནས་ལག་རྩལ་ཞབས་ཞུ་ཡང་སྒྲུབ་བཞིན་ཡོད་པ་མཐོང་དུས། ཁོས་བློ་བདེ་པོའི་ངང་ཕག་གསོ་ཚགས་ཀྱི་ལས་ཀ་གཉེར་བ་རེད། མིག་སྔར། ཁོས་ཕག་30གསོས་ཡོད་པ་དང་། གྲོང་ཚོའི་ནང་གི་གསོ་ཚགས་དུད་ཚང་ཆེ་ཤོས་གཅིག་ལ་གྱུར་ཡོད། 
    ད་ཆར། བོད་ཕག་གསོ་ཚགས་ལས་གཞིས་དུང་སྒང་གྲོང་ཚོའི་དུད་ཚང་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་1500ལྷག་འཕར་སྣོན་བྱུང་ཡོད་པ་དང་། གསོ་ཚགས་གོ་རིམ་ཁྲོད། གྲོང་མི་ཚོར་གནད་དོན་གང་ལ་འཕྲད་ཀྱང་བཀྲ་ཤིས་ཚེ་རིང་འཚོལ་བཞིན་ཡོད། 
སློབ་གྲྭར་འགྲོ་སྐབས། དེ་སྔོན་སློབ་གསོ་རིག་པ་ཞོར་དུ་སྦྱངས་མྱོང་བའི་བཀྲ་ཤིས་ཚེ་རིང་གིས་གྲོང་ཚོའི་ནང་གི་སློབ་གསོ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འབྲེལ་བ་བྱས་པ་བརྒྱུད། ཁོ་རང་ཡོད་སའི་ལས་ཁུངས་ཀྱིས་མ་རྩ་བཏང་ནས། གྲོང་ཚོའི་ནང་གི་བྱེད་སྒོ་སྤེལ་གནས་སུ་“སྐད་གཉིས་སློབ་ཚན”ཞིག་བཙུགས་པ་དང་། ས་གནས་དེ་གའི་དགེ་རྒན་གདན་འདྲེན་ཞུས་ནས་གྲོང་མི་ཚོ་ལ་རྒྱ་སྐད་བསླབས་ཤིང་། གསར་འགྱུར་ཡིག་སྒྱུར་བྱས་ཡོད།
   གྲོང་ཚོའི་ནང་དུ་ལོ་3ཙམ་ལ་བཅའ་སྡོད་བྱས་རིང་། ཁོང་གིས་ལུས་རྩལ་ལྷམ་ཆ་5གྱོན་ནས་ཧྲིལ་པོར་གྱུར་བཅུག ད་ལྟ། གྲོང་མི་ཚོའི་ནང་བཀྲ་ཤིས་ཚེ་རིང་གི་ལྷག་བསམ་ལ་དོགས་པ་ཟ་མཁན་གཅིག་ཀྱང་མེད་པ་དང་། སྙིང་ཉེ་བའི་ངང་ཁོང་ལ་“གྲོང་ཚོར་བཅའ་སྡོད་ཤེས་རམས་པ”ཞེས་འབོད་བཞིན་ཡོད། ཐེངས་ཤིག་ལ། ཁོང་གི་ཆུང་མ་ཁྲེང་ཏུའུ་ནས་ཕྱག་ཕྲེང་རྫོང་དུ་སླེབས། དེ་གྲོང་མི་ཚེ་བཀྲ་མོ་ཡིས་ཐོས་རྗེས། སྟར་ཁ་ཁུག་མ་གང་ཁྱེར་ནས་གྲོང་ཚོ་ནས་རྫོང་མཁར་བར་དུས་ཡུན་ཆུ་ཚོད་གཅིག་གི་ལམ་ལ་བསྐྱོད་དེ་ཁོང་བཟའ་ཟླ་གཉིས་ལ་སྐྱེལ་བ་རེད། “ཁོ་མོ་མ་གཞི་ནས་གཟུགས་པོ་ཆུང་ཆུང་ཡོད་པ་དང་། སྟར་ཁ་བླུག་པའི་ཁུག་མ་ནི་ཁོ་མོའི་གཟུགས་པོའི་ཕྱེད་ཀ་ལས་མཐོ་བ་ཡོད”ཅེས་བཀྲ་ཤིས་ཚེ་རིང་གིས་རྣམ་པ་དེ་མཐོང་སྐབས་མིག་ཆུ་ཤོར་གྲབས་བྱས་སོང་ཟེར། 
    2019ལོར། གྲོང་མི་ཚོའི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར་9135ཟིན་པ་དང་། གྲོང་ཚོའི་ནང་རང་འཐག་བསྐྲུན་འཆར་ཡོད་པ་མ་ཟད། ཤིང་བཟོ་གསོ་སྐྱོང་འཛིན་གྲྭ་བཙུགས་ཡོད། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། བཀྲ་ཤིས་ཚེ་རིང་གིས་འདི་འདྲའི་གཟི་བརྗིད་ཆེ་བའི་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་ཐུབ་པ་ནི་རང་ཉིད་ཀྱི་མི་ཚེ་གཅིག་གི་ནོམ་པ་ཡིན་པར་འདོད་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1