༄༅གནའ་བོའི་ཡིག་རྙིང་ལས་གི་གུ་ཕྱིར་ལོག་ལ་དཔྱད་པ།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 06-30



ཚེ་རིང་སྒྲོལ་མ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གནའ་བོའི་རྡོ་རིང་ཡི་གེ་དང་ཡིག་རྙིང་ལག་བྲིས་མ། མཁས་པའི་གསུང་སོགས་གཞིར་བཟུང་ནས་གི་གུ་ཕྱིར་ལོག་གི་འབྲི་སྲོལ་དུས་ནམ་ཞིག་ནས་བྱུང་བ་དང་དེ་ལྟར་འབྲི་བའི་རྒྱུ་མཚན། གི་གུ་ཕྱིར་ལོག་པ་དང་མ་ལོག་པ་ལ་དོན་གྱི་ཁྱད་པར་ཡོད་མེད། ད་ལྟ་བྲིས་རྒྱུན་དེ་ཉམས་ཚུལ་སོགས་ལ་དཔྱད་པ་རགས་ཙམ་བཏང་ཡོད།
[གནད་ཚིག] གནའ་བོའི་ཡིག་རྙིང་། གི་གུ་ཕྱིར་ལོག བྲིས་རྒྱུན་ཉམས་པ།
གླེང་གཞི།
          བོད་བཙན་པོའི་དུས་ཀྱི་རྡོ་རིང་གི་ཡི་གེ་དང་ཁྲམ་ཤིང་གི་ཡི་གེ ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་། གནའ་བོའི་བོན་གྱི་ཡིག་ཆ་ལག་བྲིས་མ་སོགས་སུ་གི་གུ་ཕྱིར་ལོག་མང་དུ་མཆིས་ཀྱང་པར་སྐྲུན་གྱི་སྲོལ་བྱུང་བའི་རྗེས་ཀྱི་བསྟན་བཅོས་པར་མ་རྣམས་ལས་གི་གུ་ཕྱིར་ལོག་མཐོང་རྒྱུ་མེད་པས། ད་ལྟའི་ཡིག་ཚགས་ཞིབ་འཇུག་པ་མང་པོས་གི་གུ་ཕྱིར་ལོག་ནི་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་ཆའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་ངོས་བཟུང་ཞིང་། དུས་སྐབས་དེའི་ཡིག་ཆ་ཡིན་མིན་ལ་བརྟགས་པའི་དམ་རྟགས་སུ་འཛིན་གྱིན་ཡོད། དེ་དུས་སྐབས་ནམ་ཞིག་ལ་རྒྱུ་རྐྱེན་གང་ལ་བརྟེན་ནས་དོར་བ་ངེས་པར་བྱེད་པ་ནི་བོད་ཀྱི་ཡིག་ཚགས་རིག་པ་དང་ཡི་གེ་འཕེལ་འགྱུར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་མི་རུང་བའི་གནད་དམ་པ་ཞིག་ཡིན་ནའང་། སྔོན་བྱོན་མཁས་པས་དེའི་སྐོར་གསལ་པོར་གསུངས་པ་མ་མཐོང་བས། འདིར་བོད་ལ་པར་སྐྲུན་གྱི་སྲོལ་མ་བྱུང་བའི་སྔོན་གྱི་དུས་སྐབས་སོ་སོའི་གཞུང་ཡིག་ཁུངས་བཙུན་དང་། བསྟན་བཅོས་ལག་བྲིས་མ། རྗེས་ཀྱི་བསྟན་བཅོས་པར་མ་སོགས་གཤིབ་བསྡུར་གྱི་སྒོ་ནས་གི་གུ་ཕྱིར་ལོག་དེ་དུས་སྐབས་ནམ་ཞིག་ལ་ཚུལ་ཇི་ལྟར་འབྲི་བ་དང་། དུས་སྐབས་ནམ་ཞིག་ལ་རྒྱུ་མཚན་གང་ལ་བརྟེན་ནས་དོར་བ། དེ་ལ་དམིགས་བསལ་གྱི་དོན་ཡོད་མེད་སོགས་ལ་ཅུང་ཟད་དཔྱད་པར་འདོད་དོ། །
          དང་པོ། གི་གུ་ཕྱིར་ལོག་གི་བྲིས་རྒྱུན་བྱུང་བའི་དུས།
          དེ་ཡང་། ཏུན་ཧོང་ཡིག་རྙིང་ལས“བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། །བཙན་པོ་འདི་འྀ་ཚེ་བྱུང་ནས”[1]ཞེས་རྒྱལ་པོ་སྲོང་བཙན་སྒམ་པོའི་ སྔོན་དུ་བོད་ལ་ཡི་གེ་མེད་ཀྱང་རྒྱལ་པོ་འདིའི་རིང་དུ་གསར་དུ་བྱུང་ཚུལ་བཀོད་པ་དང་། དུས་རབས་བཅུ་གཅིག་པའི་སྨད་ཙམ་གྱི《རྒྱལ་རབས་ཟླ་རིགས་མ》ལས། “མཐོན་མྱེན་[ཐོན་མི]སམ་པོ་[བྷོ]རེ་[ཊ]། །དེས་ལས་ཅི་བྱས་ཤེ་ན་། ཀ་ཀ་ཀི་ཀི་གུ་གུ་ཞབས་བསྐྱེད་བཅས་། །ད་ར་དི་རི་རྩང་[གཙང]གི་ཡིག་མ་དོན་། །ཤད་ཀྱིས་བཅད་ནས་ཚེག་གིས་སྨྲ་བར་བྱེད་། །དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་། །ཀ་ཀ་ཀི་ཀི་མཐོན་མྱིན་[ཐོན་མི]སམ་པོ་[བྷོ]རེ་[ཊ] ། །དེའི་གོང་ན་བོད་ལ་ཡིག་རྩིས་མྱེད་[མེད]། །”ཅེས་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་མཛད་པ་དང་དེའི་སྔོན་ན་བོད་ལ་ཡི་གེ་མེད་པར་བསྟན་པ། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཡིག་ཆp.T7683པ་སྟེ། བོད་བཙན་པོའི་དུས་ཀྱི་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་བསྒྱུར་པའི《འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ》ཞེས་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་ལས། “འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད། །ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད། །ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག། ། ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས། །ཤིང་གྀ་ཡལ་ག་རབ་དུ་ལྡེམ། །ལྗོན་པའྀ་ཤིང་ལ་བྱ་ཚང་བཅས། །ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། །དང་པོ་དངོས་པོ་བསྟན་པ་ཡྀན། །གཉིས་པ་ལས་སུ་ཤེས་པར་བྱའ། ། གསུམ་པ་བྱད་པ་བྱེད་པོ་ཡྀན། །བཞི་པ་གང་ཕྱིར་སྦྱྀན་བའ་ཡིན། ། ལྔ་བ་གང་ལས་འོང་པ་ཡིན། །དྲུག་པ་ལྷག་པའྀ་དབང་དུ་བྱས། ། བདུན་པ་གནས་གཞྀ་བསྟན་པ་སྟེ། །བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། ། ”ཞེས་ལྗོན་ཤིང་འབའ་ཞིག་གི་སྒོ་ནས་རྣམ་དབྱེ་བརྒྱད་དང་དེ་དག་གི་མཚན་གཞིའི་དཔེར་བརྗོད་ཞིབ་རྒྱས་སུ་བསྟན་པ་རྣམས་ཟུང་དུ་སྦྲེལ་ནས་བརྟགས་ན། ད་ལྟ་ང་ཚོས་ཆོས་སྲིད་གཉིས་ཀར་ཐོགས་མེད་དུ་སྤྱོད་པའི་སྒྲ་སྦྱོར་ཡི་གེ་འདི་སྔོན་བྱོན་མཁས་པ་རྣམས་ཀྱིས་སློབ་དཔོན་ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་གསར་བཟོ་མཛད་པར་གསུངས་པ་བདེན་པར་གྲུབ་པ་ར་སྤྲོད་གང་ལེགས་བྱེད་ཐུབ་པ་ཡིན་ན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བཞེངས་པའི《བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ》དང《ལྷ་སའི་ཞོལ་རྡོ་རིང་གི་ཡི་གེ》 《འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ཡི་གེ》རྒྱལ་པོ་ཁྲི་རལ་པ་ཅན་གྱི་རིང་ལ་བཞེངས་པའི《ར་ས་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ》དེ་མིན་ལི་ཡུལ་དང་མཚོ་སྔོན་གྱི་གཏེར་ལམ་རྫོང་སོགས་སུ་ཐོན་པའི་བོད་བཙན་པོའི་དུས་ཀྱི་ཁྲམ་ཤིང་ཡི་གེ བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ནས་ཐོན་པའི་བོད་བཙན་པོའི་དུས་སྨད་ཀྱི་བོན་གྱི་ཡིག་རྙིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་སོགས་སུ་གི་གུ་ཕྱིར་ལོག་མང་དུ་བཀོད་པ་ནི། སློབ་དཔོན་ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་བོད་ཡིག་ཐོག་མར་གསར་བཟོ་མཛད་སྐབས་ཚུལ་དེ་དང་མཐུན་པར་དབྱངས་ཨི་རིང་ཅན་ལ་གི་གུ་ཡི་གེའི་གཡོན་དུ་འབྲི་དགོས་པ་དཔེར་ན“ཏཱི”འདི་ལྟ་བུ་ཡིན་ལ། དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་ཕྱིར་ལོག་བྲིས་ནས་ཐོན་པར་སྙམ། [2]
          གཉིས་པ། གི་གུ་ཕྱིར་ལོག་ཏུ་འབྲི་བའི་རྒྱུ་མཚན་ནམ་དེ་ལ་དམིགས་བསལ་གྱི་དོན་ཡོད་མེད་བཤད་པ།
          གི་གུ་ཕྱིར་ལོག་པའི་རྣམ་གཞག་མཛད་པའི་རྒྱུ་མཚན་ནམ་འདི་དང་གི་གུ་ཕྱིར་མ་ལོག་པ་གཉིས་ཀྱི་བར་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས《བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ》སོགས་ལ་དམིགས་ནས“ཡིག་རྙིང་བོད་དཔེ་རྣམས་ལ་ཕལ་ཆེ་བར་ཏིང་ཀྱོག་འདི་འདྲ་༄། དང་། ……གུ་གུ་གཉིས་ཉེ་བར་ཡོད་ཕྱིན་གཅིག་ཕྱིར་ལོག་པ་ཚྀག་གི་ལྟ་བུ་དང་། ……”[3]ཞེས་གསུངས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་ས་སྐྱ་བསོད་ནམས་རྩེ་མོས“སེང་གེ་འདྲ་དང་བརྒྱ་བྱིན་མིག །གླང་སྣ་འོད་མ་འགྲེང་འདྲ་དང་། །ཐང་གུག་དཔེ་ལྔས་བསྟན་པས་ན། །སྟོང་ཆེན་ཡི་གེ་ལྔ་་་་་་”ཞེས་གསུངས་པ་དྲངས་ནས་བརྒྱ་བྱིན་མིག་ནི་གི་གུ་སྔ་ལོག་དང་ཕྱིར་ལོག་གཉིས་ཀྱི་འདྲ་དཔེ་ཡིན་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཉིས་ཡོད་པའི་ཆ་ནས་གུག་གུ་ལྡོག་པ་ཅན་ཨྀ་ཡིག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡས་པ་འདྲ་བ་དང་། གུག་གུ་ཨི་ཡིག་ནི་ལྷའི་དབང་བོ་བརྒྱ་བྱིན་གྱི་སྤྱན་མིག་གཡོན་པ་དང་འདྲ་བས་གུག་གུ་སྔ་ལོག་དང་ཕྱིར་ལོག་གཉིས་ལ་བརྒྱ་བྱིན་མིག་ཅེས་འདྲ་དཔེར་བཀོད་དོ། །ཨྀ་ཡིག་དང་ཨི་ཡིག་གཉིས་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡས་གཡོན་གཉིས་དང་འདྲ་བའི་ཁྱད་པར་ཙམ་ལས་དོན་བྱེད་ནུས་པའི་ཐད་ལ་ཁྱད་པར་ཅི་ཡང་མེད། [4]ཅེས་གསུངས་ཡོད་ནའང《བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ》ཙམ་ལས་རྡོ་རིང་གཞན་པ་དང་སྐབས་དེའི་ཡིག་རྙིང་བྲིས་མ་མང་པོར་གི་གུ་འཕྲོ་རིམ་འཕྲོར་གཉིས་ཡོད་པ་ཚང་མ་ཁ་སྤྲོད་ཀྱི་ཚུལ་གྱིས་བྲིས་མེད་པས་ད་དུང་བརྟག་དགོས་པར་སྙམ་ལ། ས་སྐྱ་བསོད་ནམས་རྩེ་མོས་སེང་གེ་འདྲ་དང་བརྒྱ་བྱིན་མིག་ཅེས་པའང་ཨ་ཡིག་དང་གི་གུའི་འབྲི་སྟངས་སམ་གཟུགས་ཙམ་སྟོན་པ་ལས་མིག་ལ་ངེས་པར་དུ་གི་གུ་སྔ་ལོག་ཕྱིར་ལོག་གཉིས་འབྲི་དགོས་པ་སྟོན་པའི་ངེས་པ་མེད་པར་འདོད་ལ། གནའ་བོའི་ཡིག་རྙིང་དང་རྡོ་རིང་ཡི་གེ་མང་པོར་ཡང་གི་གུ་གཡས་གཡོན་གཉིས་བརྒྱ་བྱིན་གྱི་མིག་ལྟར་ཆའམ་ཁ་སྤྲོད་དུ་བྲིས་མེད་པས་སོ། །དེས་ན་བོད་ཡིག་གང་ལ་མ་ཕྱི་བྱེད་པའི་གཞུང་ནི་ལེགས་སྦྱར་གྱི་ཡི་གེ་ཡིན་ལ། དེ་ལ་གི་གུ་ཕྱིར་ལོག་མ་ལོག་ནི་སྒྲ་རིང་ཐུང་གི་ཆ་ནས་ཁྱད་པར་ཡོད། སྤྱིར་བོད་ཀྱི་ཡི་གེ་ལ་སྒྲ་རིང་ཐུང་གི་ཆ་ནས་ཁྱད་པར་མེད་ནའང་བོད་ཡིག་གང་ལ་མ་ཕྱི་བྱེད་པའི་གཞུང་ནི་ལེགས་སྦྱར་གྱི་ཡི་གེ་ཡིན་པས་འདིས་ཤུགས་རྐྱེན་ཐེབས་པར་ངེས་ཏེ། 《ཐོན་མིའི་ཞལ་ལུང》ལས། ལེགས་སྦྱར་གྱི་ལཉྫ་དང་ཝ་རྟུ་གང་ཡིན་ཡང་རུང་། དབྱངས་ཨི་ཐུང་གི་སྐབས་སུ་ཡི་གེའི་གཡས་སུ་གི་གུ་འབྲི་དགོས་པ་དཔེར་ན“ཀྀ“འདི་ལྟ་བུ་དང་། དབྱངས་ཨཱི་རིང་གི་སྐབས་སུ་གི་གུ་ཡི་གེའི་གཡོན་དུ་འབྲི་དགོས་པ་དཔེར་ན”ཏཱི“འདི་ལྟ་བུ་ཡིན་ལ། ཐོན་མིས་བོད་ཡིག་ཐོག་མར་གསར་བཟོའི་སྐབས་སུ་ཚུལ་དེ་དང་མཐུན་པར་དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་པ་དཔེར་ན་ཀྀ་ལྟ་བུ་ཡིན་ངེས་ཤིང་། [5] ཞེས་གསུངས་པ་བཞིན་ཡིན་ལ། བོད་ཀྱི་དབྱངས་ཨཱི་རིང་ལ་གི་གུ་ཕར་ལོག་ཚུར་ལོག་ཙམ་གྱིས་བྱ་བ་དེ་མི་འགྲུབ་པས་ཡི་གེའི་གཤམ་དུ་འ་ཆུང་འདོགས་དགོས་པར་བཟོས་པས་བོད་ཡིག་ལ་གི་གུ་ཕྱིར་ལོག་ཅན་མཁོ་མེད་དུ་གྱུར། དེ་ལྟ་ནའང་སྔོན་གྱི་འབྲི་སྟངས་ལག་བྱང་ལ་སོང་པའི་རྐྱེན་གྱིས་ཕྱིས་སུའང་རྒྱུན་འབྱམས་སུ་ལུས་པ་མ་གཏོགས་དགོས་པ་གཞན་ཅི་ཡང་མེད་པར་འཁུམས་སོ། ། [6]ཞེས་སོགས་གསུངས་པ་ལྟར་ན་གི་གུ་ཕྱིར་ལོག་ནི་གི་གུ་གཉིས་འཕྲོ་རིམ་འཕྲོར་ཡོད་པ་གཅིག་ཕྱིར་ལོག་ནས་བྲིས་པ་མིན་ལ། ལེགས་སྦྱར་གྱི་དབྱངས་ཨི་ཐུང་དང་ཨཱི་རིང་གི་ཚུལ་དང་མཐུན་པར་བཟོས་པ་དང་དེ་ལ་དགོས་པའམ་དམིགས་བསལ་གྱི་དོན་ཁྱད་པར་ཅན་མེད། དོན་དངོས་སུའང་དེ་འདྲ་ཡིན་པ་ཏུན་ཧོང་ཡིག་རྙིང་ག་ཡིག་ཆP.T1287ལས།“་་་་་་་མགར་ཁྲི་འབྲིང་གྀས་ལན་བཏབ་པའ། །རྀ་ཆེད་པོ་འི་སྟེང་ན་བྲག། བྲག་གྀ་ཁ་ན་ཤྀང་། ཤིང་གྀ་ཁ་ན་ཚང་།ཚང་གྀ་ཁ་ན་སྒོ་ང་སྟེ། རྀ་མ་རྙིལ་བར་བྲག་མྱྀ་འདྲལ། བྲག་མ་རལ་བར་ཤྀང་མྱྀ་འཆག ཤྀང་མ་ཆག་དང་ཚང་མྱི་ཞིག ཚང་མྱི་ཞིག་པར་སྒོ་ང་མྱྀ་ཆག་སྟེ། ། རྀས་སྒོ་ང་གཆག་དུ་དེ་ལྟར་མྱི་ཆོགས་སོ། །་་་་་”ཞེས་བྲིས་ཡོད་པ་དང་། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་ལས“་་་་་་བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་། ། གངས་རི་མཐོན་པོའི་ནི་དབུས། ། ཆུ་བོ་ཆེན་པོའི་ནི་མགོ ། ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས། ། མྱྀའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་ཆེན་པོས་ནྀ་ཡུནད་ཀྱི་སྲིད་བཙུགས། ། ཆོས་ཁྲིམས་བཟང་པོས་ནྀ་ཚུལ་གནང་། ། བྱམས་པའི་བཀའ་དྲྀན་གྱིས་ནྀ་ནང་གྀ་ཚིས་སྦྱརད་་་་་་”ཅེས་དང་། 《དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ལས་ཀྱང་། “གནམ་རྀམ་པ་བཅུ་གསུམ་གྱི་སྟེང་ན། ། བདུད་ཤེ་ལེ་རུ་ཚེ་བཞུགས། ། ས་རྀམ་པ་རྒུའྀ་འོག་ན། ། ལྟས་ངན་གྱི་རྒྱལ་པོ་། ། གང་པར་གེ་བེར་བཞུགས་སྟེ། ། ལྟས་ངན་གྱི་རྒྱལ་པོ་གང་པར་གེ་བེར་གྱིས། ། ཆྀབས་སུ་ཅྀ་བཅྀབས་ན། ཟངས་ཀྱི་གླ་བ་རྐང་པ་གསུམ་འགོ་གསུམ་བ་ཅྀག་བཅྀབས་ནས། ། ་་་་་་”ཞེས་པ་ལྟ་བུ་བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་། ཏུན་ཧོང་ཡིག་རྙིང་། གནའ་བོའི་བོན་གྱི་ཡིག་རྙིང་སོགས་ལས་རྟོགས་ཐུབ་བོ། །
          གསུམ་པ། གི་གུ་ཕྱིར་ལོག་གི་བྲིས་རྒྱུན་ཉམས་ཚུལ་བཤད་པ།
          གི་གུ་ཕྱིར་ལོག་གི་འབྲི་སྟངས་རྒྱལ་པོ་ཁྲི་རལ་བ་ཅན་དང་ཁྲི་དར་མ་འུ་དུམ་བཙན་གཉིས་ཀྱི་དུས་སུ་ད་དུང་འབྲི་བཞིན་ཡོད་པ་ནི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་དང་། ཁྲོམ་ཆེན་རྡོ་རིང་གི་ཡི་གེ ལི་ཡུལ་གྱི་ཁྲམ་ཤིང་གི་ཡི་གེ དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ལས་ཐོན་པའི་གནའ་བོའི་བོན་གྱི་ཡིག་རྙིང་། ཏུན་ཧོང་ནས་ཐོན་པའི་རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་གྱི་སྨོན་ལམ་སོགས་ལ་མཇལ་ན་རྟོགས་ཐུབ། དེས་ན་བྱེ་བྲག་གི་དུས་གང་དུ་རྒྱུན་ཆད་པ་ཡིན་ཟེར་ན། སྤྱི་ལོ994-1012ལོའི་ཙམ་ལ་བཞེངས་པའི་སྟོད་ལུང་ཡབ་ཕུ་ར་ཚག་དགོན་གྱི་རྡོ་རིང་ཡི་གེ་ལས། “་་་་་་མྱི་བཀུར་རེ། མྱི་མཆོད་རེ། སྤང་རེ། གཞིག་རེ། ་་་་་་དགེའ་འདུན་འདུ་བའི་སྒོ་འཕྲོག་པ་དང་། ངན་དུ་སེམས་པ་དང་། ངན་དུ་སྤྱོད་པ་དེ་དག་ལ། ཉེས་བྱས་ཀྱི་མཆད་པ། མྱི་དང་མྱི་མ་ཡིན་པ་ཀུན་གྱིས་འཕྲལ་དུ་ཡང་གཅད་དོ། ”[7]ཞེས་བཀོད་པ་ལས་གི་གུ་ཕྱིར་ལོག་མེད་ལ། དེ་བཞིན་དུ་བོད་སིལ་བུའི་དུས་སུ་བཞེངས་པའི་རྡོ་རིང་ཡི་གེ་གཞན་དག་ལས་ཀྱང་མཐོང་དུ་མེད། དེ་མིན་དུས་རབས་བཅུ་གཅིག་པའི་དུས་སྟོད་ནས་བཅུ་གཉིས་པའི་དུས་སྟོད་ཙམ་ལ་འཚོ་གཞེས་གནང་བའི་རྔོག་ལོ་ཙཱ་བའི་ཐུགས་སྲས་བཞིའི་ཡ་གྱལ་འབྲེ་ཤེས་རབ་འབར་གྱིས་བརྩམས་པའི《བརྒྱད་སྟོང་དོན་བསྡུས་ཀྱི་དཀར་ཆག》ལག་བྲིས་མ་ལས། “ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ་གླན་ཀ་སྤང་བ་ལ་གཉིས་ཏེ། བྱེད་པ་པོ་ཅིག་ལས་སུ་བྱ་བ་གཉིས་བྱེད་པ་མྱི་འཐད་པས་བསྔོའ་བ་མྱི་འཐད་པ་དང་། བྱེད་པ་པོ་དང་ལས་ཐ་དད་པ་མྱེད་པས་བསྔོའ་པ་མྱི་འཐད་པ་དང་། བསྔོའ་བྱ་བསྔོ་བྱེད་གཉིས་ཕྲད་པ་མྱེད་པས་བསྔོའ་བ་མྱི་འཐད་པ་དང་། དངོས་མྱེད་པས་བསྔོའ་པ་དང་མྱི་འཐད་པ་དང་བཞིས་བསྔོའ་བ་མྱི་འསཐད་པ་དང་། …རྫོགས་སྷོ། ། ”[8]ཞེས་པ་དང་། སྤྱི་ལོ1109-1169ལོའི་བར་འཚོ་གཞེས་གནང་བའི་ཆ་བ་ཆོས་ཀྱི་སེང་གེའི《ཚད་མ་རྣམ་ངེས་གྱི་འགྲེལ་བ》ལག་བྲིས་མ་ལས་ཀྱང་།“གལ་ཏེ་སྣང་ཚོད་དང་མྱེད་པའི་སྒྲོ་འདོགས་དང་འགལ་ཡང་མྱི་བདེན་པའི་སྒྲོ་འདོགས་དང་མྱི་འགལ་བས་སྣང་ལ་མ་ངེས་པ་ཡིན་ནོ་ཞེ་ན། འོ་ན་བྱས་པས་མྱི་བརྟག་པ་བསྒྲུབ་པ་དེ་བསྒྲུབ་བྱའི་ཆོས་མྱེད་དགག་མ་ལྟོས་པའི་ཕྱོགས་ཆོས་ཁྱབ་པ་མྱེད་པས་རྟགས་མ་ཡིན་པར་འགྱུར་རོ། ། ” [9]ཞེས་པར་ཡང་མ་ལ་ཡ་བཏགས་འདོགས་པ་དང་བརྩེགས་པ་ཅན་ལ་འ་མཐའ་འབྲི་སྲོལ་ཡོད་མོད། གི་གུ་ཕྱིར་ལོག་གཅིག་ཀྱང་བྲིས་མེད་པ་བཅས་ཟུང་དུ་སྦྲེལ་ནས་བརྟགས་ན་སྤྱི་ལོ958-1055བར་འཚོ་གཞེས་གནང་བའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་བ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་གྱི་དུས་སྐབས་གང་རུང་ཞིག་ལ་གི་གུ་ཕྱིར་ལོག་གི་འབྲི་སྲོལ་མེད་པར་བཟོས་པར་འདོད་དེ། རྒྱལ་པོ་ཁྲི་རལ་བ་ཅན་གྱི་སྐབས་སུ་བཞེངས་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་གྱི་སྨོན་ལམ་དུ་གི་གུ་ཕྱིར་ལོག་བྲིས་པ་ཡོད་ཀྱང་དེའི་ཕྱིས་ཀྱི་དུས་རབས་བཅུ་པའི་སྨད་ལ་བཞེངས་པའི་རྡོ་རིང་གི་ཡི་གེ་དང་དུས་རབས་བཅུ་གཅིག་ནས་བཅུ་གཉིས་བར་གྱི་མཁས་པ་གྲགས་ཅན་གྱི་བསྟན་བཅོས་ལག་བྲིས་མ་སོགས་སུ་གི་གུ་ཕྱིར་ལོག་གཅིག་ཀྱང་བྲིས་མེད་པས་སོ། །ཡིན་ཡང་འདི་ནི་གཅིག་གཅོད་ཀྱིས་བོད་ཁམས་ཡོངས་སུ་མེད་པར་བཟོ་དཀའ་སྟེ། སྐབས་དེའི་རྡོ་རིང་ཡི་གེ་དང་མཁས་པ་གྲགས་ཅན་མང་པོའི་བསྟན་བཅོས་ལག་བྲིས་མའི་ནང་དུ་མཇལ་རྒྱུ་མེད་ནའང་། སྔོན་སྲོལ་ལག་བྱང་ལ་སོང་བའི་རྐྱེན་གྱིས་ད་དུང་ས་མཐའ་ཁ་ཤས་དང་མི་འགའ་རེས་འབྲི་ངེས་པ་ཡིན། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ལགས་ཀྱིས“དེ་ལྟ་ནའང་སྔོན་གྱི་འབྲི་སྟངས་ལག་བྱང་ལ་སོང་བའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ནས་ཀྱང་ཡུན་རིང་ཅིག་ལ་ལག་བྱང་གི་འབྲི་སྟངས་དེ་རྒྱུན་འབྱམས་སུ་ལུས་པ་མ་གཏོགས། ”[10]ཞེས་གསུངས་པ་ལྟར་ན་བསྟན་པ་ཕྱི་དར་གྱི་མགོ་བཙུགས་པ་ནས་ཀྱང་གི་གུ་ཕྱིར་ལོག་འབྲི་པ་འགའ་རེ་ཡོད་པར་མ་ཟད་མཁས་དབང་འདིས་དངོས་སུ་མཇལ་པའང་རྟོགས་ཐུབ་ལ། སྤྱིར་གི་གུ་ཕྱིར་ལོག་ནི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆའི་ཁྱད་ཆོས་ཤིག་ཡིན་ནའང་གི་གུ་ཕྱིར་ལོག་ཡོད་པ་ཙམ་གྱིས་བཙན་པོ་དུས་སྐབས་ཀྱི་ཡིག་ཆར་ངོས་བཟུང་ན་ཁྱབ་པ་མེད་པའང་ངེས་ཐུབ་བོ། །
          མདོར་ན། གི་གུ་ཕྱིར་ལོག་ནི་ཐོན་མིས་བོད་ཡིག་ཐོག་མར་གསར་བཟོ་མཛད་དུས་ལེགས་སྦྱར་གྱི་དབྱངས་རིང་ཐུང་གི་ཚུལ་དང་མཐུན་པར་བཟོས། ཕྱིས་སུ་འ་ཆུང་འདོགས་པ་བཟོས་པ་ནས་བཟུང་མཁོ་མེད་དུ་གྱུར་ལ། བོད་སིལ་བུའི་དུས་ཀྱི་རྡོ་རིང་གི་ཡི་གེ་དང་མཁས་པ་གྲགས་ཅན་གྱི་བསྟན་བཅོས་ལག་བྲིས་མ་སོགས་སུ་གཅིག་ཀྱང་བྲིས་མེད་པས་དུས་སྐབས་དེའི་ཡས་མས་སུ་བྲིས་རྒྱུན་ཉམས་པར་འདོད། དེ་ལྟར་ནའང་ལག་བྱང་ལ་སོང་བའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་བར་རྒྱུན་འབྱམས་སུ་ལུས་ཏེ་ས་ཆ་འགའ་ཤས་དང་མི་འགའ་རེས་འབྲི་ངེས་པ་ལས་གི་གུ་ཕྱིར་ལོག་མ་ལོག་ལ་དམིགས་བསལ་གྱི་དོན་མེད་པ་རྟོགས་ཐུབ། དེ་བཞིན་དུ་གི་གུ་ཕྱིར་ལོག་ཡོད་པ་ཐམས་ཅད་བཙན་པོ་དུས་སྐབས་ཀྱི་ཡིག་ཆར་ངོས་བཟུང་ན་མི་འགྲིག་པའང་རྟོགས་ཐུབ་བོ། །
          ཟུར་བལྟའི་དཔྱད་གཞི། 
[1]ཏུན་ཧོང་ཡིག་རྙིང་གི P.T.1287ལས་གསལ།
[2][5][6][10] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997 .78 . 78.79 .79 .
[3]ནུབ་བྱང་མི་རིགས་སློབ་ཆེན་གྱིས་བསྒྲིགས་པ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། [Z] པོད་གཉིས་པ། 220.
[4] གོ་ཤུལ་གྲགས་པ་འབྱུང་གནས། བོད་ཀྱི་གནའ་བོའི་ ཡི་གེ་ལ་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། 1984
[7] ཆབ་འགག་རྟ་མགྲིན། བོད་ཡིག་རྡོ་རིང་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012.161.
[8] འབྲེ་ཤེས་རབ་འབར། བརྒྱད་སྟོང་དོན་བསྡུས་ཀྱི་དཀར་ཆགལག་བྲིས་མ། ལྡེབ25.
[9] ཆ་བ་ཆོས་ཀྱི་སེང་གེ ཚད་མ་རྣམ་ངེས་ཀྱི་འགྲེལ་བ། བཀའ་གདམས་གསུང་འབུམ་བརྒྱད་པ། ལག་བྲིས་མ། ལྡེབ98.

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1