གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༣༠ཉིན།

སྲོལ་རྒྱུན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

རང་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཏང་བའི་གནས་ཚུལ་དངོས་བྲིས།

སྲོལ་རྒྱུན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

གེ་སར་རྒྱལ་པོའི་མཁར་གྲོང་།


    དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་འཚོ་གནས་བྱེད་མཁན་གྱི་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་རིང་མཛའ་གཞས་རིག་གནས་དང་།གླིང་སྒྲུང་རིག་གནས།ཤམ་བྷ་ལའི་རིག་གནས། གསར་བརྗེའི་རིག་གནས། ཆོས་ལུགས་རིག་གནས་སོགས་མཚར་སྡུག་འོད་སྟོང་འབར་བའི་རིགས་སྣ་ཚོགས་ཀྱི་རིག་གནས་གསར་བཏོན་བྱས་ཤིང་། བར་སྐབས་ཤིག་ལ་དཀར་མཛེས་ཁུལ་གྱི་ས་ཆར་མཛའ་གཞས་ཀྱི་ཆོལ་ཁ་དང་རྒྱལ་རོང་རིག་གནས་ཀྱི་ལྟེ་གནས། གནའ་བོའི་ཚོང་འདྲེན་གདལ་ལམ་གྱི་གཙོ་ལམ་སོགས་ཀྱི་མཚན་སྙན་ཡོད་པ་རེད། དེས་ན་རིག་གནས་དེ་དག་རྒྱུན་ཆད་མེད་པར་ཡུལ་སྐོར་དང་མཉམ་འདྲེས་བྱས་པས་མ་ཚད་ཁྱད་ཆོས་ཐོན་ལས་ཀྱི་སྦྲེལ་ཐག་རེ་རེ་བཞིན་ཆགས་ཡོད། རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་སྐབས་སུ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་དཀར་མཛེས་ཀྱི་བུ་ཕྲུག་རྣམས་དབུལ་ཐར་ཕྱུག་འགྱུར་ཡོང་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དེ་བས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཞི་མཐུན་དང་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་བློ་ཡིད་ཚིམ་པོ་བྱུང་ཡོད་པ་རེད།

   རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་།

    རིམས་ནད་ཀྱི་ཤུགས་རྐྱེན་འོག་སྡེ་དགེའི་པར་ཁང་བར་སྐབས་ཤིག་ལ་སྒོ་ཕྱེས་མེད་པ་རེད། སྤྱི་ཟླ4པའི་ཚེས13ཉིན། སྡེ་དགེ་པར་ཁང་སླར་ཡང་སྒོ་འབྱེད་མགོ་ཚུགས་པས་ན་ཕྱོགས་བཞི་མཚམས་བརྒྱད་ནས་ཡུལ་སྐོར་དང་ཆོས་མཇལ་དུ་འོང་མཁན་མང་བས་ལས་སྒྲུབ་མི་སྣས་གོ་རིམ་ལྡན་པའི་བཀོད་སྒྲིག་ལས་དོན་ལ་བྲེལ་བཞིན་མཆིས།

    1729ལོར་བསྐྲུན་པའི་སྡེ་དགེ་པར་ཁང་ལ“བོད་ཀྱི་རིག་གནས་ཤེས་བྱ་ཀུན་བཏུས་ཆེན་མོ”དང“བོད་རིགས་ས་ཁུལ་གྱི་འོད་སྟོང་འཕྲོ་བའི་རིག་གནས་མུ་ཏིག”“གངས་རིའི་འོག་གི་ནོར་མཛོད”སོགས་ཀྱི་མཚན་སྙན་ཡོད་པ་རེད། ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི“འགག་རྩའི”གནས་སུ་བཞག་ནས་དམ་འཛིན་བྱེད་བཞིན་ཡོད། རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་ཡོང་བར་བྱེད་པའི་མི་དམངས་མང་ཚོགས་ཀྱི་བསམ་ཕྱོགས་འོག པར་ཁང་གི《བཀའ་བསྟན་འགྱུར》གྱི་བསྐྱར་བརྐོས་ལས་གྲྭ་སྤེལ་མགོ་ཚུགས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོའི་ལོ་མཇུག་བར《བཀའ་བསྟན་བསྐྱར་བརྐོའི་ལས་གྲྭའི》བསྐྱར་བརྐོ་བརྒྱབ་པའི་པར་ཤིང2851ཡོད་པ་རེད། སྡེ་དགེ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་འགན་འཁུར་བ་བསམ་གཏན་གྱིས་ད་སྔར་རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་སུ་སྡེ་དགེ་པར་ཁང་གིས་སྔར་བཞིན་གནའ་བོའི་པར་སྐྲུན་ལག་རྩལ་བཀོལ་སྤྱོད་བྱེད་བཞིན་ཡོད། བསྐྱར་བརྐོས་ལས་གྲྭ་ལག་བསྟར་བྱས་པ་དེས་སྲོལ་རྒྱུན་གྱི་བརྐོས་རིས་ལག་རྩལ་དར་རྒྱས་གོང་འཕེལ་གཏོང་ཐུབ་པར་མ་ཟད་ས་གནས་དེ་གའི་ལག་རྩལ་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱུང་ཡོད།

ལྕགས་ཟམ་ཁ་འགྲོ་མྱོང་བའི་མི་ཕལ་ཆེ་བས“དམར་དམག་གིས་ལྕགས་ཟམ་འཕྲོག་པའི་གཡུལ་འགྱེད”ཤེས་ཀྱི་ཡོད། ཀུན་གྱིས་ཤེས་གསལ་ལྟར། 《ལྕགས་ཟམ་འཕྲོག་པ》ཞེས་པའི་དངོས་ལྗོངས་ཟློས་གར་ནི་དཀར་མཛེས་ཁུལ་གྱི་ལོ་རྒྱུས་དངོས་ལྗོངས་ཟློས་གར་ཐོག་མ་དེ་ཡིན་ལ་སི་ཁྲོན་ཞིང་ཆེན་གྱི་གསར་བརྗེའི་བརྗོད་བྱ་གཙོ་བོའི་དངོས་ལྗོངས་ཟློས་གར་ཐོག་མ་དེའང་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་ཐོན་ལས་གྲུབ་པ་དང་བསྟུན་ནས་ལྕགས་ཟམ་རྫོང་ཉིད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི”གསར་བརྗེའི་སློབ་གསོའི་རྟེན་གཞིར་གྱུར་ཡོད། དམར་དམག་གིས་ལྕགས་ཟམ་བཙན་འཕྲོག་བྱས་པའི་དྲན་གསོ་ཁང་གི་འགན་འཁུར་བ་ཀུའོ་ཁྲེང་ཡན་གྱིས་གསར་འགོད་པར2019ལོར་ལྕགས་ཟམ་ཟམ་པའི་དྲན་གསོའི་རྡོ་རིང་དང་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པར་ཡོང་མཁན་གྱི་མི་གྲངས་ལོ་རྒྱུས་ཐོག་གི་ཟིན་ཐོ་མཐོ་ཤོས་ལས་བརྒལ་ཡོད་ཅིང་། སྤྱི་ཟླ6པ་ནས10པའི་བར་མིའི་ཐེངས་གྲངས་ཁྲི51ལ་སྣེ་ལེན་ཞུས་པ་རེད།

    《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་དེ་ཡིན་ཞིང་། དེས་གངས་ལྗོངས་རིག་གནས་ལ་འོད་མདངས་བསྣན་བཞིན་ཡོད། 2019ལོའི་སྤྱི་ཟླ8པར་རང་ཁུལ་གྱིས“ཁམས་པའི་ཡུལ་སྐོར—གླིང་སྒྲུང་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་རྟོག་ཞིབ་བྱེད་སྒོ་ཆེ་གྲས་སྤེལ་བ་རེད།ལོ་དེའི་སྤྱི་ཟླ9པར་རང་ཁུལ་གྱིས“གླིང་གེ་སར་རིག་གནས་དཀར་མཛེས་སུ་ཡོད་པའི”བརྗོད་དོན་གཙོ་བོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཟླ་བ་གཅིག་ལས་མ་འགོར་བར་གེ་སར་རིག་གནས་སྔོག་འདོན་དང་ཞིབ་འཇུག་གི་མཆོང་སྐྱོད་སླར་ཡང་མངོན་འགྱུར་བྱུང་ཡོད། དེའི་སྐབས། ད་དུང《གླིང་གེ་སར་རྒྱལ་པོའི་སྒྲུང་གི་མུ་འབྲེལ་དཔེ་ཚོགས》(བམ་པོ1-118ཀྱི་པར་གཞི)དང་། 《མདོ་ཁམས་སྙན་ངག་གི་བླ་སྲོག—གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལོ་རྒྱུས་ཞིབ་འཇུག》དེ་བཞིན《<གླིང་སྒྲུང>ཀུན་འདུས》ཞེས་པའི་བོད་ཡིག་པར་གཞི(བམ་པོ1-300)སྔ་རྗེས་སུ་པར་སྐྲུན་བྱས་པ་རེད། རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་རྒྱུ་ནི་འགག་རྩ་ཡིན་ཞིང་།ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་འདུ་ཚོགས་སྐབས་མང་པོའི་ཐོག “དྭངས་གཙང་དཀར་མཛེས”ཀྱི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་དེ་སྐབས་ཤིག་རིང་ཧ་ཅང་ཡག་པོར་བྱུང་ཡོད། ཐང་ག་དང་ལྕགས་རིགས་ལག་ཤེས་བཟོ་རྩལ། ཁུ་ལུའི་བསླས་འཐག བོད་ཡིག་ཡིག་གཟུགས། རྫ་ཆས། སྤོས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་བཅས་ལ་གསེར་དངུལ་ཟངས་གསུམ་གྱི་བྱ་དགའི་རྟགས་མ་མང་པོ་ཐོབ་ཡོད་པ་རེད།

  རིག་གནས་ཡུལ་སྐོར་ལ་བརྟེན་ནས་སྤུས་རྟགས་སྟོབས་ཆེར་གཏོང་།

   རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ལྟ་བུ་དང་། ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་ཡིན་པར་བརྟེན། རིག་གནས་མེད་པའི་ཡུལ་སྐོར་དེ“རྨི་ལམ་དུ་ཡུལ་སྐོར་བྱེད་པ”དང་ཁྱད་པར་མེད།

   2019ལོའི་སྤྱི་ཟླ9པའི་ཚེས16ཉིན། དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྲོང་དང་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞིར་གྲོང་སྒོ་ཕྱེ་བའི་མཛད་སྒོ་སྤེལ་བ་རེད། རྫོང་ཁོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་གཞི་དང་རིག་གནས་ཡུལ་སྐོར་ལས་གཞི་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། གེ་སར་རྒྱལ་པོའི་ཕོ་བྲང་གིས་གེ་སར་རིག་གནས་བླ་སྲོག་ཏུ་འཛིན་པ་དང་། “ཐོན་སྐྱེད་ལ་བརྟེན་ནས་གྲོང་སྡེ་དར་རྒྱས་གཏོང་བ་དང་གྲོང་ཁྱེར་གྱིས་ཐོན་ལས་ལ་སྐུལ་འདེད་གཏོང་བ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་འཁྲུག་ཏུ་གཏོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས“བཟའ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

གེ་སར་མཁར་གྲོང་གི་ལས་སྒྲུབ་མི་སྣས་གེ་སར་མཁར་གྲོང་ནི་གེ་སར་རིག་གནས་ཀྱི་གཞི་རྒྱུ་གཅིག་སྡུད་ཆེ་ཤོས་དང་བོད་བཟོའི་བཟོ་སྐྲུན་གྱི་མཛེས་ལྗོངས་མང་ཤོས། ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་ཆ་ཚང་ཤོས་བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གསར་པ་ཞིག་ཡིན་ཞིང་། ཡུལ་སྐོར་བས《གླིང་སྒྲུང》གི་གཞས་མ་གཏམ་ཉན་པས་མ་ཚད《གླིང་སྒྲུང》ལྷ་མོ་ཟློས་གར་ལ་བལྟས་རྗེས་སྤྱིར་བཏང་མིན་པའི་རིག་གནས་དང་ཡུལ་སྐོར་གྱི་ཉམས་ལེན་ཐོབ་ཡོད། མཛེས་ལྗོངས་ཁུལ་དུ་ལས་གཉེར་བྱེད་མགོ་ཚུགས་པ་ནས་བཟུང་།བཟོ་སྐྲུན་རྐྱང་པའི་ཁང་པ128ཚང་མ་བོགས་མར་བཏང་ཟིན་པ་དང་། དྲྭ་རྒྱའི་ཐོག་སྐད་གྲགས་ཆོད་པའི་བྲོ་ལྡན་རྒྱ་ཁོག་དང་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་བོད་ཟས། པའོ་ལའེ་ཝུའུ་ཡི་རོལ་དབྱངས་ཟ་མ། ཁྱད་ཆོས་ལྡན་པའི་འཇིམ་བརྙན་དང་། བོད་གྲི། དངུལ་ཆས་སོགས་ཀྱི་ཚོང་བདག302མཁར་གྲོང་དུ་འབྱོར་བས་གྲོང་སྡེ་དབུལ་པོ129ལ་སྒོར་ཁྲི1100ལྷག་ཙམ་གྱི་ཐད་ཀ་ཡོང་འབབ་འཕར་སྣོན་བྱུང་ཡོད་པ་རེད།

   “སི་ཁྲོན་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན”ནི་རང་ཁུལ་གྱི་རིག་གནས་ཐོན་ལས་ཀྱི་མིང་བྱང་ཆེན་པོ་ཞིག་རེད། ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ལས་སྒྲུབ་མི་སྣས་སྐབས་དང་པོ་ནས་བཞི་པའི་བར“རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན”གྱིས་དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། དབུལ་ཐར་འགག་སྒྲོལ། གྲོང་སྡེ་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་ལ་གཏིང་ཟབ་པའི་ནུས་པ་འདོན་སྤེལ་བྱས་ཡོད།ཁུལ་ཡོངས་དང་ཞིང་ཆེན་ཡོངས། ཐ་ན་རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་དུས་ཆེན་བྱེད་སྒོ་དང་གོ་ལ་ཧྲིལ་པོའི་རི་ཀླུང་ཡུལ་སྐོར་གྱི་སྤུས་རྟགས་བྱེད་སྒོར་གྱུར་ཡོད། རི་ཀླུང་་ཡུལ་སྐོར་དུས་ཆེན་ལ་བརྟེན་ནས། རང་ཁུལ་གྱིས་རོང་བྲག་དང་དར་མདོ། ལྕགས་ཟམ་བཅས་ཀྱིས་ལྟེ་བར་བྱས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་རང་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོར་ཆགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་གཞི་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

   རིག་གནས་ལ་བརྟེན་ནས་ཕྱུག་པོར་ཆགས་པའི་ནང་ནུས་གསར་གཏོད་བྱེད།

   ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་ལ། ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡང་ཡིན་པ་རེད། སྔོན་གྱི་ལོ་རྒྱུས་རྒྱུན་འཛིན་དང་དང་འབྱུང་འགྱུར་གསར་གཏོད་བྱས་པའི་འགག་རྩའི་གནས་སུ་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་། སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་བྱེད་པ། གསར་གཏོད་ཧུར་ཐག་བཅས་བྱས་ཏེ་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་བརྟེན་པ་རེད། དཀར་མཛེས་ཁུལ་ལ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དུས་རབས་གསར་པ་སྒོ་ཀུན་ནས་གཏོད་རྒྱུར་བསམ་པའི་སྒུལ་ཤུགས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཆེན་པོ་མཁོ་འདོན་བྱ་ཆེད། ཁུལ་རིག་གནས་དང་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་ཐོན་ལས་ཚན་ཁག་གི་ལས་སྒྲུབ་མི་སྣས་ད་ལོར་རང་ཁུལ་གྱིས་རིག་གནས་སྟོབས་ཆེའི་ཁུལ་དང་ཡུལ་སྐོར་སྟོབས་ཆེའི་ཁུལ་གྱི་དམིགས་ཡུལ་ལ་གཞིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་གསར་གཏོད་མཐའ་འཁྱོངས་བྱས་ཡོད། རིག་གནས་བླ་སྲོག་ཏུ་བཟུང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ནང་དོན་དང་ཁྱབ་བྱེད་རྒྱ་སྐྱེད་གཏོང་དགོས་པ་རེད་ཅེས་བཤད་པ་རེད། རིག་གནས་ཐོན་ལས་ཀྱི་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པའི་དཔེ་སྟོན་ལས་གཞི་འཛུགས་རྒྱུ་ནི་ད་ལོར་རང་ཁུལ་གྱི་རིག་གནས་ཐོན་ལས་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་བཙུགས་ནས་ལོ70འཁོར་བའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ་བྱེད་སྒོ་སྣ་ཚོགས་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོན་པོ་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། སྡེ་དགེའི་པར་ཁང་གི《བཀའ་བསྟན་འགྱུར》བསྐྱར་པར་དང་། སྡེ་དགེའི་པར་བརྐོས་རྟེན་རྫས་བཤམས་མཛོད་ཁང་། སྡེ་དགེའི་ཁམས་པའི་རིག་གནས་དངོས་མང་སྟོན་ཚོགས་གླིང་ཁུལ་སོགས་ལས་གཞི་འཛུགས་སྐྲུན་ལ་མུ་མཐུད་ནས་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།

    དུས་མཚུངས། རང་ཁུལ་གྱིས་ད་དུང་དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དྲིལ་བསྒྲགས་པར་གཞི་དང་། ཡུལ་སྐོར་ཚོང་འགུགས་ཀྱི་དྲིལ་བསྒྲགས་གློག་བརྙན། ཡུལ་སྐོར་མཛེས་ལྗོངས་དྲིལ་བསྒྲགས་པར་གཞི་བཅས་ཕབ་སྐྲུན་བྱས་ནས་འགྲུལ་ཁུངས་གཙོ་བོའི་ཁྲོམ་རར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། རྒྱལ་སྲུང་གཞུང་ལམ318པ་དང317པ་གཉིས་ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་མཛེས་ཤོས་དང་། སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་རིག་གནས། རྒྱང་སྐྱོད་མཛད་རྗེས་རྡོ་རིང་གི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་རྩེ་གྲ་བཅས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ཡོད། གཞན་ཡང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱ་རྒྱུ་རེད། ཐོན་རྫས་གསར་པ་དང་ལམ་ཐིག་གསར་པ་གསར་སྤེལ་ཧུར་ཐག་བྱས་ནས་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་བ་དང་འགྲུལ་ཁུངས་ཚོང་ར་རྒྱ་སྐྱེད་ནུས་ལྡན་གཏོང་བ་དང་། རིག་གནས་ཐོན་ལས་འཕར་སྣོན་རྒྱ་སྐྱེད་གཏོང་བར་བར་སྟོང་སྔར་ལས་ཆེན་པོ་ཞིག་གཏོད་རྒྱུ་ཡིན་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1