ཞི་ཅིན་ཕིང་གིས་ཆུ་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆུ་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
        ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་དྲུག་པའི་ཚུན་ལ། རང་རྒྱལ་གྱི་ཅང་ནན་དང་ཧྭ་ནན། ཞི་ནན་བཅས་ལ་ཆར་བ་དྲག་པོ་བབས་ནས་ས་ཁུལ་མང་ཤོས་ལ་ཆུ་ལོག་གི་གནོད་འཚེ་ཐེབས། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆུ་ལོག་གི་ས་གཤིས་གནོད་འཚེ་འགོག་སྲུང་དང་འཕྲལ་སྒྲུབ་མྱུར་སྐྱོབ་རྒུད་སྐྱོབ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་ས་ཁུལ་མང་ཤོས་ཆུ་ལོག་རྒྱུགས་པའི་དུས་སྐབས་སུ་སླེབས་པ་དང་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་ཐེབས་པ་ཧ་ཅང་ཛ་དྲག་ཆེ། རྒྱལ་ཁབ་ཆུ་འགོག་གནོད་འཚེ་སྤྱིའི་བཀོད་འདོམས་པུའུ་སོགས་ལས་ཁུངས་ཀྱིས་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། འབྲེལ་ཡོད་ས་ཁུལ་གྱིས་ཆུ་ལོག་འགོག་པ་དང་རླུང་འཚུབ་འགོག་པའི་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྲུང་དང་ཆུ་འགོག་གནོད་སེལ་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། རྦད་ཆོད་སྒོས་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་དགོས་ལ། སྔོན་འགོག་གྲ་སྒྲིག་དང་གློ་བུར་དུ་བྱུང་བའི་དོན་དག་ཐག་གཅོད་པ་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ལོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་ཞིང་དུས་ཐོག་ཏུ་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། ནུས་ལྡན་སྒོས་མྱུར་སྐྱོབ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པར་མ་ཟད། ལུགས་མཐུན་སྒོས་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1