“ཡོངས་འཛིན་”གྱིས་བོད་རིགས་མང་ཚོགས་དང་འཛམ་གླིང་དབར་“གླེང་མོལ་”བྱེད་དུ་བཅུག

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-02


“ཡོངས་འཛིན་”འཚོལ་བཤེར་མ་ལག་ཀུང་སིའི་Iogo །
         “ཡོངས་འཛིན་”ནི་“ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་སློབ་དཔོན་ཆེན་མོ་”ཞེས་པའི་དོན་ཡིན་པ་དང་།  དེའི་ཡིག་འབྲུ་རེ་རེའི་བསྟན་དོན་ནི་“ཕྱོགས་ཡོངས་ནས་དམ་འཛིན་བྱེད་པའི་”དོན་ཡིན།  དེའི་ནང་བོད་ཡིག་འཚོལ་བཤེར་མ་ལག་གི་རྨང་གཞིའི་སྟེང་རྩིས་རྒྱག་ཐོན་ཁུངས་སྣ་མང་ལ་བརྟེན་ནས་བོད་ཡིག་ཆ་འཕྲིན་ཐོན་ཁུངས་ཐག་གཅོད་དང་གསོག་ཉར་བྱེད་པ་དང་།  དེ་བཞིན་འཕྲིན་སྦྲེལ་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་ཆུའི་ནང་འགུལ་སྐྱོད་བྱེད་པ་དེ་དུ་སྤྲིན་འཐིབས་པའི་རྒྱ་མཚོ་ལྟར་བོད་ཀྱི་རིག་གནས་སོགས་ཀྱི་ཤུགས་བསྟན་གོ་དོན་འདུས་ཡོད།  
         ཉེ་ཆར། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་གནས་པའི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་བསྐྱོད་དེ་ཡུལ་དངོས་སུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་ལས་སྟེགས་འཛུགས་སྐྲུན་ལ་བཅར་འདྲི་བྱས་པ་རེད། 
         “ཡོངས་འཛིན་”འཚོལ་བཤེར་མ་ལག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཡངས་ཤིང་རྒྱ་ཆེ་བའི་དྲ་རྒྱའི་ལས་སྟེགས་བཏོད་པ།
         བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་མི་སྣ་འབྲུག་མོ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  ཡོངས་འཛིན་འཚོལ་བཤེར་ནི་2016ལོའི་ཟླ་8པའི་ཚེས་22ཉིན་ཤར་གཏོང་བྱས་པ་དང་། གཙོ་བོ་དྲ་ངོས་འཚོལ་བཤེར་དང་། གསར་འགྱུར་ འཚོལ་བཤེར། པར་རིས་འཚོལ་བཤེར། རོལ་དབྱངས་མ་ལག  བརྙན་ལམ་མ་ལག  ཤེས་བྱ་ཀུན་བཏུས་མ་ལག  རིག་མཛོད་མ་ལག  ཤེས་རྟོགས་མ་ལག་སོགས་ལས་གྲུབ་པ་རེད།  མིག་སྔའི་བར་ཡོངས་འཛིན་འཚོལ་བཤེར་སྤྱོད་མཁན་གྱི་འཚམས་འདྲི་བྱེད་ཚད་ཐེངས་དུང་ཕྱུར་35ལས་བརྒལ་ཞིང་།  ཉིན་རེར་ཆ་སྙོམས་སུ་འཚམས་འདྲི་བྱེད་ཐེངས་ཁྲི་1000ཡས་མས་ཡོད་་ལ། སྤྱོད་མཁན་དག་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31དང་། དེ་བཞིན་ཨ་རི་དང་། ཧྥ་རན་སི། འཇར་མན། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་70ལྷག་ལ་ཁྱབ་ཡོད་པ་རེད།
         ལྟེ་གནས་ཕྱོགས་བསྡུས་པུའི་ཀྲུའུ་རེན་ལྷ་སྐྱིད་སྒྲོལ་མས་གསར་འགོད་པར་ཡོངས་འཛིན་འཚོལ་བཤེར་གྱི་ཞིབ་འཇུག་གསར་སྤེལ་ལ་གྲུབ་འབྲས་ཐོབ་པ་དེས་བོད་ཡིག་ཆ་འཕྲིན་ཅན་དང་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་ཅན་དབར་ལོ་20ཡི་བར་ཐག་ཐུང་དུ་བཏང་ནས་བོད་ཡིག་ཆ་འཕྲིན་ཐག་གཅོད་དང་།  བཀོལ་སྤྱོད།  ཁྱབ་ཁོངས་བཅས་སྣ་མང་ལག་རྩལ་གྱི་སྟོང་ཆ་བསྐངས་བ་དང་།  ལྟེ་བའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཤིང་། དེ་དང་དུས་མཚུངས་སུ། ཡོངས་འཛིན་འཚོལ་བཤེར་གྱི་ཞིབ་འཇུག་གསར་སྤེལ་ལ་གྲུབ་འབྲས་ཐོབ་པ་དེས་བོད་མི་རིགས་ཀྱི་སྐད་བརྡའི་བཀག་རྒྱ་གཏོར་བ་མ་ཟད། དེ་བས་གོ་ལ་ཧྲིལ་པོའི་བོད་ཡིག་སྤྱོད་མཁན་ལ་སྒོ་འབྱེད་དང་། སྣ་མང་། སྟབས་བདེ་བཅས་ཀྱི་དྲ་རྒྱའི་ལས་སྟེགས་ཆེན་པོ་ཞིག་བཏོད་ཡོད་ཅེས་བཤད།

         “ཡོངས་འཛིན་”འཚོལ་བཤེར་མ་ལག་གི་གཞུང་ཕྱོགས་དྲ་ངོས།
         ནུས་མང་མཉམ་འདུས་ཀྱི་“ཡོངས་འཛིན་”དེ་བོད་ཡིག་དྲ་བ་ཆེ་གྲས་ཁག་གི་གཅིག་གྱུར་འཇུག་སྒོ་ཞིག་ཏུ་གྱུར་ཡོད། 
         གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན།  ཡོངས་འཛིན་འཚོལ་བཤེར་ནི་སྐད་བརྡ་རིག་ནུས་ཐག་གཅོད་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ནས་འགོ་བཙུགས་ཏེ་བོད་ཡིག་གི་གཞི་གྲངས་མཛོད་ཆེ་གྲས་དང་། ཚད་ལྡན་ཅན་གྱི་སྐད་ཆའི་རྒྱུ་ཆའི་མཛོད། སྤྱོད་སྒོ་མང་བའི་སྐད་ཡིག་ཤེས་བྱའི་མཛོད་བཅས་བསྐྲུན་པས་བོད་ཡིག་འཚོལ་བཤེར་གྱི་དུས་རབས་སུ་སླེབས་ཤིང་། བོད་ཡིག་གི་རང་འགུལ་ནོར་འཁྲུལ་ཡོ་བསྲང་དང་། བོད་ཡིག་གི་དོན་འདྲ་བའི་ཐ་སྙད་འཚོལ་བཤེར།  བོད་ཡིག་གི་ཚིག་དོན་འཚོལ་བཤེར།  བོད་ཡིག་གི་ལ་ཏིང་ཡི་གེ་བརྒྱུད་འབྲི་འཚོལ་བཤེར།  བོད་ཡིག་གི་ཨང་སྒྲིག་མི་འདྲ་བའི་དབར་རང་འགུལ་བརྗེ་སྒྱུར་སོགས་ཀྱི་ནུས་པ་ཐོན་ནས་རང་རྒྱལ་གྱི་བོད་ཡིག་དྲ་ཚིགས་ཆེ་གྲས་ཁག་གི་གཅིག་གྱུར་འཇུག་སྒོ་ཞིག་ཏུ་གྱུར་ཡོད།
         “‘ཡོངས་འཛིན་”ནི་རང་རྒྱལ་གྱི་བོད་ཡིག་དྲ་ཚིགས་ཆེ་གྲས་ཁག་གི་གཅིག་གྱུར་འཇུག་སྒོ་ཞིག་ཡིན་ལ།  བོད་ཡིག་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་ཤིག་ཀྱང་ཡིན་པས།  ཡིག་ཆ་ལྟ་ཞིབ་བྱེད་འདོད་ཡོད་པའི་བོད་ཡིག་གི་དཔྱད་ཡིག་དང་ལོ་རྒྱུས་ཀྱི་གནའ་དཔེ། དེ་བཞིན་ཤེས་རྟོགས་བྱེད་འདོད་ཡོད་པའི་བོད་ཀྱི་རིག་གནས་བཅས་ལ་སྟབས་བདེ་བསྐྲུན་ཡོད་”ཅེས་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དྲ་རྒྱའི་བདེ་འཇགས་ལག་རྩལ་པུའི་འགན་འཁུར་བ་དཀོན་མཆོག་རྡོ་རྗེས་དེ་ལྟར་བཤད།ལས་དོན་མི་སྣས་གསར་འགོད་པར་རྒྱབ་སྟེགས་ཀྱི་གྲངས་གཞིའི་
ཡིག་སྒྱུར་གནས་ཚུལ་མཚམས་སྦྱོར་གནང་བཞིན་པ།

         སྐྱེད་སྲིང་རྟེན་གཞི་བཙུགས་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་ཐོན་ལས་ཀྱི་མཐོ་ས་བཏོད་པ། 
         2017ལོའི་ཟླ་7པར། ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་སྐྱེད་སྲིང་རྟེན་གཞིའི་འཛུགས་སྐྲུན་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ་དང་། 2019ལོའི་ཟླ་11པར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ་སྤྱོད་འགོ་ཚུགས་པ་རེད། ལྷ་སྐྱིད་སྒྲོལ་མས་སྐྱེད་སྲིང་རྟེན་གཞི་དེའི་འཛུགས་སྐྲུན་ནང་དོན་ནི་བོད་ཡིག་གྲངས་གཞིའི་ལྟེ་གནས་དང་། ཐོན་རྫས་འགྲེམས་ཚོང་ལྟེ་གནས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སྐྱེད་སྲིང་ལྟེ་གནས་བཅས་བྱེད་ནུས་ཁུལ་གསུམ་གཙོ་བོར་བྱས་ནས་ཞིབ་འཇུག་གསར་སྤེལ་དང་། ཉེར་སྤྱོད། གསོ་སྦྱོང་། ཉམས་ལེན། གྲུབ་འབྲས་འགྲེམས་ཚོང་ཞབས་ཞུ་བཅས་གཞི་གཅིག་ཏུ་བསྡུས་ཡོད་ཅེས་མཚམས་སྦྱོར་གནང་བ་རེད།
         མིག་སྔའི་བར་དུ་སྐྱེད་སྲིང་ལྟེ་གནས་ཀྱིས་ཆ་འཕྲིན་ཅན་རིགས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བསྡུ་རུབ་བྱས་ཏེ་བཅའ་སྡོད་བྱེད་པའི་ལས་དོན་ཁག་དང་པོ་ལེགས་གྲུབ་བྱས་ནས་་“སྲིད་ཇུས་རོགས་སྐྱོར་དང་། ཚན་རྩལ་མཛུབ་ཁྲིད། ཤེས་ལྡན་མི་སྣ་སྐྱེལ་འདྲེན། ལས་སྟེགས་གཉེར་སྐྱོང་”བཅས་ཕྱོགས་བཞིའི་གཞི་གཅིག་གི་གཉེར་སྐྱོང་དོ་དམ་བྱེད་སྟངས་བརྒྱུད། བྱ་གཞག་གསར་གཏོད་བྱེད་མཁན་ལ་མ་གནས་དམའ་བ་དང་། སྟབས་བདེ་ཅན། རྒྱུ་རྐྱེན་གཙོ་བོ་བཅས་ཀྱི་ལས་ཀའི་བར་སྟོང་དང་། སྤྱི་ཚོགས་འབྲེལ་བའི་བར་སྟོང་། ཐོན་ཁུངས་མཉམ་སྤྱོད་ཀྱི་བར་སྟོང་བཅས་མཁོ་འདོན་བྱས་ཤིང་།  དྲ་སྦྲེལ་མཉམ་འདྲེས་གསར་གཏོད་ཚད་བརྒལ་སར་བྱས་ནས་གསར་དར་ཐོན་ལས་སྐྱེད་སྲིང་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་ཐོན་ལས་ཀྱི་མཐོ་ས་དང་ཤེས་ལྡན་མི་སྣའི་གཤོང་ས་བཏོད་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཡོངས་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ནང་མགྱོགས་མྱུར་ངང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། 
         སྒྱུར་བཅོས་གསར་གཏོད་བྱེད་པར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས། “ཡོངས་འཛིན་”གྱི་འཚོལ་བཤེར་མ་ལག་ལས་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ལ་ངོ་བོའི་ཐོག་ནས་མཆོང་སྐྱོད་བྱུང་བ་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་ཡང་གོམ་ཞེང་ཆེན་པོ་ཞིག་སྤོས་ཏེ་འཚོལ་ཞིབ་བྱེད་པའི་དུས་རབས་སུ་སླེབས་ཡོད་པ་རེད། དྲ་སྦྲེལ་དུས་རབས་སུ་མི་ཚང་མས་ཆ་འཕྲིན་ཅན་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་ལ། དེ་ནི་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ་དང་།  མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ། བོད་རིགས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་མཐུན་སྒྲིལ་དང་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དགོས་མཁོ་ཡིན་ལ། གནས་བབ་གསར་པའི་འོག  ཐུན་མོང་ཐོག་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་“ཡོངས་འཛིན་”གྱི་སྤུས་རྟགས་ལེགས་ཆར་བརྟེན་ནས་བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་ལས་ཀའི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུ་དང་། ནུས་པ་གསར་པ་དང་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱས་ཏེ་བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏང་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1