ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-02


        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་7པའི་ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་རྩའི་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས། ས་གནས་སྲིད་གཞུང་གི་ཆེད་དོན་བུ་ལོན་གྱིས་དངུལ་ཁང་འབྲིང་ཆུང་ནས་མ་དངུལ་ཁ་གསབ་བྱ་རྒྱུར་ལུགས་མཐུན་ངང་རྒྱབ་སྐྱོར་བྱས་ཆོག་པའི་གཏན་འབེབས་བྱས་པ་དང་། 《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་སྲུང་བྱེད་པའི་སྲོལ་ཡིག(འཆར་ཟིན)》ལ་བརྟེན་ནས་དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་ལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། “བརྟན་པོ་དྲུག་”དང་“འགན་ལེན་དྲུག་”གི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། དམངས་གཉེར་ཁེ་ལས་འཚོ་གནས་དང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་པ། ངེས་པར་དུ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་ཁང་འབྲིང་ཆུང་གི་མེད་དུ་མི་རུང་བའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་པ་དང་། ཚོགས་འདུའི་ཐོག ད་ལོར་ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་གྱི་བཅད་གྲངས་གསར་སྣོན་བྱེད་པའི་ཁྲོད་གྲངས་འབོར་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ། ས་གནས་སྲིད་གཞུང་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བརྗེ་པོ་རྒྱག་ཆོག་པའི་བུན་འཛིན་ཉོ་རྒྱུ་ཁས་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དངུལ་ཁང་འབྲིང་ཆུང་གི་མ་དངུལ་ཁ་གསབ་ལུགས་མཐུན་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུ་དང་། རྒྱུན་མཐུད་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ནུས་པ་ལྡན་པའི་དངུལ་ཁང་འབྲིང་ཆུང་ལ་སྔོན་ལ་རྒྱབ་སྐྱོར་བྱས་ནས། དེས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཞབས་འདེགས་ཞུ་བ་དང་ལས་ཞུགས་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དངུལ་ཁང་འབྲིང་ཆུང་གིས་བཅོས་སྐྱོང་འཐུས་ཚང་དང་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་སོགས་ཆ་རྐྱེན་གལ་ཆེན་དུ་བརྩིས་ནས། མ་རྩ་ཁ་གསབ་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་དང་ལམ་སྲོལ་བརྗེ་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས། ས་གནས་སྲིད་གཞུང་གི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། དངུལ་ཁང་དང་དེ་བཞིན་མ་རྐང་འཇོག་མཁན་གྱི་བྱེད་པོའི་འགན་འཁྲི། དངུལ་རྩའི་དོ་དམ་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ནན་དུ་གཏོང་དགོས། དངུལ་ཁང་རེ་ལ་ཐབས་ཇུས་རེའི་སྲིད་ཇུས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱིས་ཀྱང་ཐོན་ཁུངས་གཞན་དག་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། ལྟ་སྐུལ་དོ་དམ་དང་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་དམིགས་བུ་ལོན་གྱིས་མ་རྩའི་དངུལ་ཁ་གསབ་བྱས་ཏེ་ཁྲོམ་ར་ཅན་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་བཙུགས་པར། ཀུན་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བ་བྱས་ནས་ཁེ་ལས་འབྲིང་ཆུང་དཀའ་གནད་ལས་སྒྲོལ་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ཏེ། ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད། ཚོགས་འདུའི་ཐོག《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་བ་དང་། ལས་ཁུངས་དང་བྱ་གཞག་ཚན་པ་ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་དང་གན་རྒྱ་འཇོག་པ་དང་། མ་དངུལ་འགན་སྲུང་། གཏོང་སྤྲོད་བྱེད་སྟངས་སོགས་ཀྱི་ཐད་གཏན་འབེབས་བཟོས་ནས། དངུལ་སྤྲོད་དུས་བཀག་ཚད་ལྡན་དུ་གཏོང་བ་དང་། ཞིབ་བཤེར་རྩིས་ལེན་གྱི་བླང་བྱ་ཁ་གསལ་བཟོ་དགོས། འགན་འཁུར་མཁན་གྱིས་བརྗེ་སྒྱུར་དང་། ཞིབ་བཤེར་རྩིས་ལེན། རྩིས་བཤེར་བྱེད་པ་སོགས་རྒྱུ་མཚན་དུ་བྱས་ནས་གཏོང་སྤྲོད་དང་ལེན་མི་བྱེད་པའམ་ཡང་ན་ནར་འགྱངས་བྱེད་མི་ཆོག་པ་གཏན་འབེབ་བྱས་པ་མ་ཟད། གཏོང་སྤྲོད་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་བཙུགས་ཏེ། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་ལ་མ་དངུལ་དང་རྣམ་གྲངས་ཁ་ཆད་ལྟར་མ་སྤྲད་པར་དུས་འགྱངས་ཆད་འགྱངས་བྱས་པའི་གན་རྒྱའི་གྲངས་འབོར་དང་། གན་རྒྱའི་དངུལ་གྲངས་སོགས་ཀྱི་ཆ་འཕྲིན་དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཆིངས་འགལ་ཆད་འགྱངས་ཞུ་གཏུག་ཐག་གཅོད་དང་ཁ་དན་ཚིག་ལ་མ་གནས་པར་ཆད་གཅོད་བསླབ་འདོམས་བྱེད་པ་སོགས་ཀྱི་དོན་ཚན་གཏན་འབེབས་བྱས་ཡོད། ཚོགས་འདུའི་ཐོག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྲོལ་ལག་བསྟར་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1