སླད་ཕྱིན་གྱི་ཟླ་ཤས་ནང་ནད་དུག་དང་མཉམ་གནས་ཀྱི་རྒྱུན་རྣམ་ཐོན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 07-03


        ཉིན་ཤས་གོང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེན་ཏེ་སའེ་ཡིས། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་རིམ་རྩིས་བྱས་ན་ཁྲི་1000ལས་བརྒལ་བ་དང་གྲོངས་པའི་ནད་དཔེ་ཁྲི་50ལས་བརྒལ་བས་སླད་ཕྱིན་གྱི་ཟླ་ཤས་ནང་རྒྱལ་ཁབ་ཚང་མར་ནད་དུག་དང་མཉམ་གནས་ཀྱི་རྒྱུན་རྣམ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།
        ཐེན་ཏེ་སའེ་ཡིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གོ་ལ་ཧྲིལ་པོར་མི་ཁྲི་1000ལྷག་ཙམ་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་པ་དང་མི་ཁྲི་50ལྷག་ཙམ་དེའི་རྐྱེན་པས་གྲོངས་ཡོད། “དེ་ནི་མི་ཚང་མས་ང་ཚོར་ཐོབ་པའི་འཕེལ་རིམ་དང་བསླབ་བྱར་བསམ་ཞིབ་བྱེད་པ་དང་འབྲེལ་སླར་ཡང་ནུས་ཤུགས་ཡོད་རྒུས་ཚེ་སྲོག་སྐྱོབ་རྒྱུའི་དམ་བཅའ་འཇོག་པའི་དུས་ཤིག་རེད”ཅེས་བརྗོད་པ་རེད།
        ཐེན་ཏེ་སའེ་ཡིས། ཟླ་བ་དྲུག་གོང་ཏོག་དབྱིབས་ནད་དུག་གི་རྐྱེན་ལས་འཛམ་གླིང་དང་ང་ཚོའི་འཚོ་བ་ཟང་ཟིང་ཆགས་སྲིད་པ་སུ་ཞིག་གིས་ཀྱང་བསམ་མི་ཐུབ། སླད་ཕྱིན་གྱི་ཟླ་ཁ་ཤས་ནང་རྒྱལ་ཁབ་ཚང་མར་འཕྲད་པའི་འགག་རྩའི་གནད་དོན་ནི་ཇི་ལྟར་བྱས་ནས་ནད་དུག་དེ་རིགས་དང་མཉམ་གནས་བྱ་རྒྱུ་དེ་ཡིན་པས་དེ་རྒྱུན་རྣམ་ཞིག་རེད་ཅེས་བརྗོད། ཁོང་གིས་རྒྱལ་ཁབ་ཚང་མས་ཐོག་མཐའ་བར་གསུམ་དུ་སྔོན་དུ་ལག་བསྟར་བྱེད་པའི་བྱེད་ཐབས་ལྔ་སྤྱད་དེ་དུས་བབ་ལ་འགྱུར་ལྡོག་གཏོང་རྒྱུའི་འབོད་སྐུལ་བྱས་པ་སྟེ།
        དང་པོ། སྡེ་ཁུལ་གྱི་ནུས་པར་ཤུགས་སྣོན་རྒྱག་པ། མི་སྒེར་ཚང་མས་བྱ་སྤྱོད་སྤེལ་ནས་རང་ཉིད་དང་མི་གཞན་ལ་སྲུང་སྐྱོང་བྱེད་དགོས་པ་དེའི་ནང་འབྲེལ་ཐུག་བྱེད་སྐབས་བར་ཐག་འཇོག་པ་དང་། ལག་པ་ཡང་ཡང་འཁྲུ་བ། གློ་རྒྱག་སྐབས་ཁ་སྣ་འགེབས་པ། ལུས་པོ་མི་བདེ་བའི་སྐབས་ཁྱིམ་དུ་ལོགས་སུ་སྡོད་པ། འདུ་གནས་སུ་ཁ་རས་རྒྱག་པ། བློས་འགེལ་ཆོག་པའི་ཆ་འཕྲིན་ཁོ་ན་མཉམ་སྤྱོད་བྱེད་པ་སོགས་ཚུད་ཡོད།
        གཉིས་པ། ནད་དུག་གི་འགོ་ལམ་འགོག་པ། རྒྱལ་ཁབ་ཚང་མས་ནད་དུག་གི་འགོ་ལམ་བཀག་ནས་སྨན་དོན་མི་སྣར་སྒེར་གྱི་འགོག་སྲུང་སྒྲིག་ཆས་ཡོད་པ་དང་འབྲེལ་ཡོད་གསོ་སྦྱོང་བྱ་རྒྱུ་འགན་ལེན་བྱེད་པ་དང་ད་དུང་ནད་དཔེ་ངོས་འཛིན་ལ་ཤུགས་སྣོན་རྒྱག་དགོས། ནད་དུག་གི་འགོ་ལམ་འགོག་པའི་བྱེད་ཐབས་གལ་ཆེ་ཤོས་ནི་ཚན་རིག་གཅིག་པུར་བརྟེན་རྒྱུ་དེ་མིན་པར་ཆེད་ལས་མི་སྣས་ནད་དཔེ་དང་འབྲེལ་ཐུག་བྱེད་མཁན་ལ་རྗེས་སྙེག་དང་ལོག་འཇོག་ཀྱང་བྱེད་ཆོག
        གསུམ་པ། ཚེ་སྲོག་སྐྱོབ་ཐབས་བྱེད་པ། སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་བྱས་ནས་ཚེ་སྲོག་སྐྱོབ་ཐབས་བྱེད་པ་དང་། ནད་ཚབས་ལྕི་རིགས་ལ་དབུགས་འདྲེན་འཕྲུལ་ཆས་དང་ཏི་སའེ་སྨི་སུང་སྤྱད་དེ་འཆི་ཚད་ཉུང་དུ་གཏོང་བ། ཉེན་ཁ་ཆེ་བའི་ཚོགས་སྤྱིར་དམིགས་བསལ་ཐོག་དོ་ཁུར་བྱེད་པ་དང་དེའི་ནང་ཡུན་རིང་ནད་གཡོག་རྒྱུག་དགོས་པའི་རྒན་རྒོན་ཡང་ཚུད་ཡོད།
        བཞི་པ། ཞིབ་འཇུག་བྱེད་མགྱོགས་སུ་གཏོང་བ། མིག་སྔར་ཏོག་དབྱིབས་ནད་དུག་ལ་སྔར་བཞིན་ཤོད་ཚོད་མི་ཐུབ་པའི་ཆ་མང་པོ་ཡོད་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཟའ་འཁོར་དེའི་ནང་སླར་ཡང་ཚོགས་འདུ་འཚོགས་ནས་ཞིབ་སྤེལ་གྱི་འཕེལ་རིམ་དང་དེ་བཞིན་དུས་མཚམས་རྗེས་མའི་ཞིབ་འཇུག་གི་གཙོ་གནད་ལ་ཚོད་སྐོར་བྱ་རྒྱུ་རེད།
        ལྔ་པ། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ། རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་རིམ་པའི་མཐུན་སྒྲིལ་གྱིས་ནད་དུག་འགོ་ལམ་བཀག་སྡོམ་དང་། ཚེ་སྲོག་སྐྱོབ་པ། ནད་དུག་གིས་སྤྱི་ཚོགས་དང་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་པ་སོགས་ཐད་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1