གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བསྟན་འཛིན་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༦ཉིན།

༄༅།།བཀའ་གདམས་རྩོམ་རིག་གི་དུས་རབས་ཀྱི་ལས་འགན་དང་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་འགར་ཅུང་ཟད་དཔྱད་པ།


 བསྟན་འཛིན་དོན་གྲུབ།
[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིར་བཀའ་གདམས་རྩོམ་རིག་གི་ཆེད་དུ་བྱ་བའི་ལས་འགན་ཏེ།  ནང་བསྟན་རྒྱ་ཁྱབ་ཏུ་སྤེལ་བའི་དགོས་པ་དང་དེ་ལ་བརྟེན་ནས་ནང་འཁྲུག་ཞོད་འཇགས་སུ་གཏོང་བའི་དགོས་པ་སྟེ།  དགོས་པ་གཉིས་པོ་དོན་དུ་གཉེར་ཕྱིར་མཁོ་བའི་ངག་གི་རིག་པ་ཁྱབ་ཆེ་ཁྱད་གཟུགས་ཅན་དག་ལ་ཚོད་རྟོག་ཅུང་ཟད་བྱས་ཡོད་ཅིང་།  གཞན་ཡང་སྔོན་གྱི་མཁས་པས་སྡོམ་དུ་མཛད་པའི་བཀའ་གདམས་རྩོམ་རིག་སྤྱི་ལ་མཆིས་པའི་སྒྱུ་རྩལ་རང་མཚན་པ་དག་ཁོལ་དུ་ཕྱུང་བའི་སྟེང་།  རང་གིས་དཔྱད་ཅིང་རྙེད་པ་དག་གིས་ཀྱང་ཅུང་ཟད་རེ་བརྒྱན་པར་བྱས་ཡོད་དོ།། 
[གནད་ཚིག]   བཀའ་གདམས་རྩོམ་རིག  དུས་རབས་ཀྱི་ལས་འགན།  སྒྱུ་རྩལ་རང་མཚན་པ།
           རྒྱུ་ཕུན་སུམ་ཚོགས་པ་ལས་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་ཞིང་།  འབྲས་བུ་ཕུན་ཚོགས་ཀྱི་རྟགས་ལས་དེའི་སྔོན་སོང་གི་རྒྱུ་ཡང་དེ་བཞིན་དུ་ཡིན་པར་རྟོགས་ཐུབ་པ་དང་།  རྒྱུ་ཚོགས་གྲངས་ཚང་གེགས་དང་བྲལ་བ་ལས་འབྲས་བུ་མི་འབྱུང་བའི་ཐབས་གཏན་མེད་ཡིན་པ་བཞིན།  བཀའ་གདམས་རྩོམ་རིག་ཀྱང་དེའི་རྒྱུ་སྔོན་སོང་སྟེ།  བོད་སིལ་བུར་སོང་ནས་ལོ་ཆེན་རིན་བཟང་མ་བྱོན་པའི་བར་ལོ་ངོ་བརྒྱ་ལ་ཉེ་བའམ་ཡང་ན་དེ་ལས་ཀྱང་ཅུང་རིང་བའི་དུས་ཚོད་ནང་དུ་གཅིག་མཐུན་གྱི་སྲིད་དབང་མེད་པས་གང་སར་ཁེ་ཕན་རྩོད་ལེན་བྱེད་པའི་དམག་འཁྲུག་ཆེ་ཆུང་སྣ་ཚོགས་ཟམ་མ་ཆད་པར་བྱུང་བ་དང་།  དེ་བས་མུ་གེ་དང་ནད་ཡམས་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་པའི་དབང་གིས་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་སོགས་ལ་འགོག་རྐྱེན་ཤིན་ཏུ་ཆེ་བ་བཟོས་པ་དང་།  དེ་འདྲའི་རྒུད་པ་ཕྲ་རགས་སྣ་ཚོགས་ཀྱིས་མནར་བའི་གནས་སྐབས་སུ་མཁས་པ་དང་གྲུབ་པ་མང་པོས་ཐོས་བསམ་དང་སྒོམ་སྒྲུབ་ཀྱི་རྒྱུན་བར་མ་ཆད་ཙམ་དུ་བསྐྱངས་པ་དང་། ལྷག་པར་ལོ་ཆེན་རིན་བཟང་སོགས་ནས་བཟུང་བོར་ཟིན་པའི་རིག་གནས་བསྐྱར་དུ་ལེན་པའི་ཚ་རླབས་འཕྱུར་བ་དང་། ལྟ་བ་ལོག་པ་ལས་སྤྱོད་པའང་ངན་པར་སོང་བ་དག་སུན་འབྱིན་ཕྱིར་མཁས་བརྒྱ་འགྲན་གླེང་གི་རིགས་པའི་རྩལ་འདོན་ཡང་ཡང་བྱས་པ་སོགས་ཀྱིས་རྐྱེན་བྱས་ཏེ་བཀའ་གདམས་རྩོམ་རིག་གི་དབུ་བརྙེས་པར་གྱུར་ཏོ།  །བཀའ་གདམས་པའི་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་སྟེ་བཙན་པོའི་དུས་ལས་སྒྱུ་རྩལ་གྱི་མཚོན་ཐབས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་།  བརྗོད་བྱའི་དོན་གྱི་གནད་གཞོལ་ཚུལ་དང་།  སྐད་བརྡའི་ཁྱད་པར་དང་བཅས་པ་གསུམ་ཡོད་པ་ལས།  བརྗོད་བྱའི་གནད་གཞོལ་ཚུལ་ནི་བཙན་པོ་དུས་སུ་གཙོ་བོ་མི་ཆོས་ཡིན་ཅིང་།  དེའི་རྒྱུ་མཚན་གཙོ་བོ་ཡང་སྐབས་དེ་དུས་ནང་ཆོས་དེ་ཙམ་རྒྱ་ཁྱབ་ཏུ་མ་སོང་ཡང་།  དད་མོས་དང་ལྟ་སྤྱོད་ཇི་ལྟར་དགོས་མིན་ཀྱི་ཐད་ལ་བཙན་པོའི་བཀའ་ཡིས་བཅད་ཟིན་པས་དེ་དག་ལས་ཟློག་པའི་བརྟུལ་ཞུགས་ཅན་ཉུང་བ་དང་།  གལ་ཏེ་ཡོད་པའི་དབང་དུ་བྱས་ནའང་བཙན་པོའི་བཀའ་ལ་འཇིགས་ནས་ཕག་ཏུ་ཡིབ་ནས་མི་མངོན་པའི་ཚུལ་དུ་གནས་པ་དང་།  ཆབ་སྲིད་ཀྱི་རྒྱ་སྐྱེད་དང་ཐོན་སྐྱེད་ཀྱི་འབྲེལ་བའི་དབར་གྱི་འགལ་ཟླ་ཅི་ཡོད་ཐག་ལེགས་པར་གཅོད་དགོས་པ།  གནའ་བོའི་ འདུ་ཤེས་སྟེ།  དགྲ་འདུལ་གཉེན་སྐྱོང་པ་དག་ལ་དཔའ་བོར་བརྩི་ཞིང་དམངས་ཀྱིས་ཀྱང་བཀུར་ལ་བརྩི་བའི་གཤིས་གོམས་ཤུགས་ཆེར་གནས་པ་སོགས་ཀྱི་སྐབས་ཡིན་པས་དེའི་རྩོམ་རིག་གི་བརྗོད་བྱ་ཡང་དེ་དག་དང་འབྲེལ་ནས་ཡོད་ཅིང་།  ལོ་ཆེན་རིན་བཟང་སོགས་ཀྱི་སྐབས་ནས་བཟུང་དུས་ཡུན་མི་ཐུང་བ་ཞིག་གི་ནང་དུ་ནི་དེ་ལས་ལྡོག་ཏེ་བསྟན་པ་ཉམས་ནས་ཡུན་རིང་སོང་རྐྱེན་གསང་སྔགས་ལ་ཁ་གཡར་ཏེ་ལོག་ཆོས་སྤྱོད་པའི་སྐྱ་སེར་མང་དུ་བྱུང་བ་དང་།  ལྷག་པར་གོས་དཀར་ལྕང་ལོ་ཅན་དུ་ཁས་ཆེ་བ་དུ་མས་ནག་ཆང་ལོངས་སྤྱོད་བྱུང་རྒྱལ་དུ་སྤྱོད་པ་སོགས་རང་གི་འདོད་ཞེན་གྱི་ཆེད་དུ་སྡོམ་ཁྲིམས་རྨང་ནས་བཤིག་པ།  ལུང་རིགས་ཐོག་ལྕེས་ཇི་ཙམ་སྡིགས་ཀྱང་གཅིག་མཐུན་གྱི་རྒྱལ་ཁྲིམས་ཡོངས་སུ་རལ་ཟིན་པས་ཉམ་ང་བ་དང་བག་ཚ་བ་ཅུང་ཟད་ཀྱང་མེད་པ།  རང་རང་གི་ལྟ་སྤྱོད་ལོག་པ་ལ་དད་མོས་དང་སྲུང་བརྩི་ཞུ་མཁན་གྱི་མི་ཚོགས་ཇེ་མང་འདུ་ཕྱིར་ཡུལ་དཔོན་སྡེ་སྐྱོང་བ་རྣམས་དང་གཅིག་ཏུ་བསྒྲིལ་ནས་འཁྲུག་ལོང་གི་རྐྱེན་སྒྲུབ་པ་སོགས་དམིགས་བསལ་གྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་འབྲེལ་ནས་རྩོམ་རིག་གི་བརྗོད་བྱ་གཅོ་བོ་ཡང་དམ་པའི་ལྷ་ཆོས་སུ་གཞོལ་ཏོ།  །ལོ་ཆེན་གྱི་རྣམ་ཐར་ལས་ལོ་ཙཱ་བ་ཁོང་པུ་ཧྲངས་སུ་ཕེབས་ཙ་ན།  བོད་ཀྱི་དགེ་བཤེས་སུ་འཆོས་པ་གཅིག་རྩྭ་འཇག་མའི་སྟེང་དུ་དཀྱིལ་ཀྲུང་བཅས་ཏེ་སྡོད་པ་ཞིག་ལ་མི་ཚང་མས་དད་གུས་བྱེད་པ་དེ་པེ་དཀར་གྱི་ཆོ་འཕྲུལ་དུ་མཁྱེན་ནས།  ཟླ་བ་གཅིག་སྒྲུབ་པ་ཟབ་མོ་ལ་བཞུགས་རྗེས་སྡིགས་མཛུབ་གཅིག་བསྟན་པས་ཁོ་མགོ་རྟིང་ལོག་སྟེ་ས་ལ་འགྱེལ་ནས་དེ་ཕྱིན་ཆད་དེའི་ནུས་པ་ཉམས་པར་གྱུར།  ཅེས་པའི་དོན་ལ་རྩོམ་རིག་གི་ལམ་ནས་བརྟགས་ན་ཡང་།  དགེ་བཤེས་སུ་འཆོས་པ་དེ་ནི་སྐབས་དེའི་ཉེས་པ་ཆོས་སུ་སྨྲ་བཞིན་པར་ཡོངས་ཀྱི་བསམ་སྤྱོད་གཅིག་ཏུ་བསྡུས་ནས་བཀོད་འབྲི་བྱས་པ་ཞིག་ཡིན་པར་སེམས་ལ།  ཁོ་པ་ཚོས་རང་རང་གི་ཕྱོགས་གཏོགས་པ་ཇེ་མང་དུ་གཏོང་རྒྱུར་དྲན་འཕྲུལ་རྫུན་གྱི་འཁོར་ལོ་བསྐོར་བ་སོགས་ཐབས་ཡོད་རྒུ་རྩལ་དུ་སྤྲུགས་བཞིན་ཡོད་པ་དང་།  དེ་འདྲའི་རྫུན་གྱི་ཁུང་བུ་བརྡོལ་རྒྱུར་མང་མང་རྣམས་བླ་མ་ལོ་ཙཱ་བ་ལྟ་བུའི་སྐྱེས་ཆེན་མང་དག་གི་ཐུགས་སྐྱེད་དང་འཕྲིན་ལས་ལ་རེ་བཞིན་པ་དང་།  ལོག་པར་སྤྱོད་པའི་ཚོགས་རྣམས་མྱུར་བར་རྨེག་མེད་དུ་འགྲོ་ཐུབ་ན་ཅི་མ་རུང་སྙམ་པ་སོགས་མང་མང་གི་འདུན་པ་དྲག་པོ་ཡང་མཚོན་པ་ཡིན་སྙམ་པས།  དེ་འདྲའི་རེ་འདོད་དང་རྩོལ་བ་སོགས་ཀྱང་སྐབས་འདིའི་རྩོམ་རིག་གིས་མཚོན་པ་ཡིན་ནོ།  །རྩོམ་རིག་གི་སྐད་བརྡ་ལ་བསམས་ན།  སྤྱི་ཚོགས་ཀྱི་འཕེལ་འགྱུར་ནི་སྐད་བརྡ་འཕེལ་འགྱུར་འགྲོ་བའི་རྩ་བའི་ཆ་རྐྱེན་ཞིག་ཡིན་པ་བཞིན་བཙན་པོའི་དུས་ཀྱི་སྐད་བརྡ་དང་བསྡུར་ན་མིང་བརྡ་ཐ་སྙད་དང་བརྡ་སྤྲོད་སོགས་ལ་ཁྱད་་པར་མི་ཉུང་བ་བྱུང་ཡོད་དེ།  དཔེར་ན་ཏུན་ཧོང་ཡིག་རྙིང་ལས།  སང་པྱི་ནི་གནངས་སླད་ན།  །འབངས་ཀྱིས་ནི...།ཞེས་པ་སོགས་དང་།  ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་ལས།  བཅོམ་ལྡན་ཤཱཀྱའི་རྒྱལ་བའི་ཞིང་འདི་ནས།  །ནུབ་ཕྱོགས་གང་ག་ཀླུང་གི་བྱེ་མ་སྙེད།  །ཅེས་པ་སོགས་ཕན་ཚུན་བསྡུར་ན་འགྱུར་བ་ཇི་ཙམ་ཕྱིན་ཡོད་པ་དང་།  དེ་ལྟར་ཕྱིན་པའི་ནང་རྒྱུ་དང་ཕྱི་རྐྱེན་སོགས་མང་པོ་ཞིག་ཀྱང་དཔྱད་ན་རྟོགས་རྒྱུ་ཡོད་ལ།  ལོ་ངོ་བརྒྱ་ལྷག་གི་ནང་དུ་མི་རིགས་ཤིག་གི་སྐད་དང་ཡི་གེའི་སྦྱོར་ཚུལ་ལ་འདི་འདྲའི་འཕེལ་འགྱུར་གྱི་གོམ་འགྲོས་མྱུར་བའང་མི་རིགས་གཞན་ལ་དཀོན་པའི་ཚོད་དུ་གདའོ།  །ཁྱད་པར་གསུམ་པ་ནི་སྒྱུ་རྩལ་གྱི་བཀོད་འབྲི་དེ་ཉིད་ཡིན་ཅིང་།  འདི་ནི་བཙན་པོའི་དུས་ཀྱི་དང་བཀའ་གདམས་པའི་དུས་ཀྱི་རྩོམ་རིག་གི་ཁྱད་པར་འབྱེད་ཆོས་གཙོ་བོར་གྱུར་པར་འདོད་པས།  བཀའ་གདམས་པའི་དུས་ཀྱི་མཁས་པ་ཚོས་རྩོམ་འབྲིའི་སྒྱུ་རྩལ་ལ་མཐོང་ཆེན་དང་དེའི་དགོས་པ་དང་བྱེད་ནུས་འགའ་ཞིག་རང་གི་འདོད་ཚུལ་བཞིན་གླེང་བར་བྱའོ།  ། 
དང་པོ།  རྣམ་དག་ནང་བསྟན་རྒྱ་ཁྱབ་ཏུ་སྤེལ་བའི་དགོས་པ།
           བློ་སྔོན་དུ་ལེགས་པར་མ་སོང་བའི་འཇུག་པ་ཐ་དག་གྱ་ཚོམ་ཁོ་ན་ཡིན་པས།  རང་གཞན་གྱི་དོན་ཀུན་ལེགས་པར་འགྲུབ་པ་ལ་ད་དུང་ཁད་ཐག་རིང་།  བསམ་པ་ཕུན་ཚོགས་མེད་པས་སྦྱོར་བ་ཕུན་ཚོགས་མི་འབྱུང་ཞིང་དེ་ལ་བརྟེན་ནས་འབྲས་བུ་ཡང་ཕུན་ཚོགས་མི་འབྱུང་བ་འགྱུར་མེད་རྟེན་འབྲེལ་གྱི་ལུགས་ཡིན་པས།  དམིགས་པ་ཅི་ཡོད་འདོད་སར་སླེབས་དགོས་ན་དེའི་འགལ་རྐྱེན་དུ་གྱུར་པ་ཐ་དག་སེལ་བའི་རིགས་པའི་རྣམས་གྲངས་འདྲ་མིན་རེ་དགོས་པ་ཡིན་ཅིང་།  དེ་འདྲའི་རིགས་པའི་རྣམ་གྲངས་དག་ནི་དོན་དངོས་ཐོག་རྩོམ་རིག་གི་ཐ་སྙད་དེ་སྒྱུ་རྩལ་ཞེས་པ་དང་དོན་གྱི་འབབ་ས་གཅིག་ཡིན་ནོ།  །ཇི་སྲིད་མིའི་བློ་ཡི་འཇུག་པའི་རྒྱུན་མ་ཆད་བར་དུ་རིགས་པའི་རྣམ་གྲངས་ཀྱང་ཟད་དུ་མེད་པ་བཞིན་རྩོམ་རིག་གི་སྒྱུ་རྩལ་ཡང་རྣམ་པར་རྟོག་པའི་ཡོ་ལང་ཇི་བཞིན་ཟད་མཐའ་མེད་པར་འབྱུང་བར་འགྱུར།  འོན་ཏེ་སྒྱུ་རྩལ་དེ་དག་ལ་སྤྱི་ཚོགས་ཀྱི་གནས་བབ་མི་འདྲ་བ་དང་།  རིག་གནས་ཀྱི་དར་ཚད་མི་འདྲ་བ།  ལོ་རྒྱུས་ཀྱི་སྣང་ཚུལ་མི་འདྲ་བ།  མིའི་རྣམ་པར་དཔྱོད་པའི་བློ་རིག་གི་འཕེལ་ཚད་སོགས་དང་མཐུན་པའི་ཁྱད་ཆོས་མངོན་པ་ཡིན་ནོ།  ། མིའི་རིགས་ཀྱི་རྩོམ་རིག་ཀྱང་སྔ་མ་སྔ་མའི་རྨང་གཞིའི་སྟེང་དུ་ཕྱི་མ་ཕྱི་མ་གསར་དུ་བྱུང་བ་ཞེ་ཅིག་དང་།  མིའི་བློ་རིག་ཀྱང་བྱིས་བློའི་གནས་སྐབས་ནས་རིམ་པར་རྒྱས་པ་ཞིག་ཡིན་ན་སྒྱུ་རྩལ་གྱི་རྣམ་གྲངས་ཀྱང་ཇེ་མང་ཇེ་ལེགས་སུ་འགྲོ་བ་ཡིན།  བཤེས་གཉེན་དོར་ཞིས།  མེ་ཏོག་འབུམ་ཕྲག་དཀྲིགས་པའི་དགའ་ཚལ་ལས།  །ལ་ལས་གུར་ཀུམ་ལ་ལས་ཀུ་མུ་ད།  །ལ་ལས་ཨུཏ་པལ་ལ་ལས་སེ་བ་འཐུ།  །དགའ་ཞེན་བག་ཆགས་དབང་གིས་སོ་སོར་ཕྱེས།  །དད་ལྡན་མེ་ཏོག་བཙུགས་པ་མཆོད་པའི་ཕྱིར།  །ན་ཆུང་མེ་ཏོག་བཙུགས་པ་རྒྱན་གྱི་ཕྱིར།  །ཚོང་བས་མེ་ཏོག་བཙུགས་པ་རིན་གྱི་ཕྱིར།  །བསམ་པའི་དམིགས་ཡུལ་སྟེང་ནས་ཐ་དད་གྱུར།  །[1]ཅེས་གསུངས་པ་བཞིན་རྩོམ་པ་པོ་སྒེར་དང་།  དུས་རབས་མི་འདྲ་བ་སོགས་ཀྱི་ཁྱད་པར་ལས་བརྩམས་ཆོས་ཀྱི་དམིགས་ཡུལ་མི་འདྲ་བ་ཡིན་མོད།  བཀའ་གདམས་པའི་རྩོམ་རིག་གི་དམིགས་པ་གཏད་ཡུལ་གཙོ་བོ་ནི་ཐབས་ཇི་ལྟ་བུ་ཞིག་གིས་རྒྱལ་བའི་དགོངས་པ་རྨ་མེད་པ་བདེ་བླག་ཉིད་དུ་བོད་མིའི་བསམ་སྤྱོད་ཀྱི་རྒྱུད་ལ་འདྲེས་པར་འགྱུར་ཐུབ་བམ་སྙམ་པ་དེ་ཡིན་ཞིང་།  དེ་འདྲའི་དམིགས་པ་འགྲུབ་པར་གྲོགས་སུ་གྱུར་པའི་རྐྱེན་མང་དག་དགོས་ཀྱང་གཙོ་བོ་ཚིག་གི་སྒྱུ་རྩལ་ལམ་ངག་གི་སྒྱུ་རྩལ་དེ་ཉིད་ཡིན་ལ།  སྐད་ཆའི་སྒྱུ་རྩལ་ཁོ་ན་ཐབས་གཞན་ལས་མཆོག་ཏུ་གྱུར་ཅིང་དེ་ལས་གཞན་པའི་ཐབས་ཤིག་རྙེད་དཀའ་བ་ཡིན་ཏེ།  མདོ་ལས།  ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།  །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།  །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།  །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།  །ཅེས་འགྲོ་བའི་མཐར་ཐུག་གི་དོན་རྒྱལ་བའི་སྐུ་གསུང་ཐུགས་གསུམ་ལས་གསུང་གི་མཛད་པ་ཁོ་ནས་འགྲུབ་ཐུབ་པ་བསྟན་པ་དང་།  རྗེ་ཙོང་ཁ་པས་ཀྱང་།  མཛད་པ་ཀུན་ལས་གསུང་གི་ནི།  ། མཛད་པ་མཆོག་ཡིན་དེ་ཡང་ནི།  །འདི་ཉིད་ཡིན་ཕྱིར…།  །ཞེས་སོགས་གསུངས་པ་བཞིན་ཡིན་ལ།  གསུང་དེའང་སེའུ་བརྒྱད་པའི་ངག་དང་ཐབ་རྩའི་རྒན་མོས་གནའ་གཏམ་གླེང་ལུགས་ལྟ་བུ་མ་ཡིན་པར།  ཉན་མཁན་གྱི་ཁམས་དང་མོས་པ་སྣ་ཚོགས་པ་དང་།  བརྟུལ་ཞུགས་དག་དང་འཚམ་པའི་སྒྱུ་རྩལ་གྱི་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་ཡིན་དགོས།  དེས་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོས་གཙོར་བྱས་པའི་སྐབས་དེའི་སྐྱེས་བུ་ཚོས་ཀྱང་རང་གི་འདོད་པ་དོན་དུ་གཉེར་བ་ལ་ངག་གམ་ཚིག་གི་སྒྱུ་རྩལ་གྱི་ཚད་མཐོར་འདེགས་བྱེད་དགོས་ཤིང་།  དེའི་ཐབས་ཀྱང་མེས་པོ་ཚོའི་བློ་རིག་ལས་བྱུང་བ་རྣམས་རྒྱུན་འཛིན་དང་།  རང་རང་གི་བློ་གྲོས་ཀྱི་མཐུ་ལས་བསྐྱེད་པ་སྟེ་སྒྱུ་རྩལ་གྱི་ཐབས་ལམ་གསར་གཏོད།  གཞན་ཡང་ཐོས་རྒྱ་ཡངས་པོར་བསྐྱེད་དེ་མི་རིགས་གཞན་གྱི་རྩོམ་རིག་ལ་མཆིས་པའི་ཐབས་རྩལ་རྣམས་རང་མི་རིགས་ཀྱི་རྩོམ་རིག་གི་གྲོགས་སུ་ཐབས་མཁས་ཀྱིས་འདྲེན་པ་གསུམ་ལས་མ་འདས་པར་སྙམ།  གནའ་བོའི་ཀི་རི་སིའི་མཚན་ཉིད་སྨྲ་བ་པོ་ལཱ་ཐུ(柏拉图)ཡིས།  ཁབ་ལེན་རྡོ་ལ་ལྕགས་ལུང་འཐེན་ཐུབ་པའི་ནུས་པ་ཡོད་པ་མ་ཟད།  ནུས་པ་དེ་ཕར་ལྕགས་ལུང་གཞན་ལའང་སྤྲད་པས་ལྕགས་ལུང་དེ་དག་གིས་ཁབ་ལེན་རྡོ་དང་འདྲ་བར་ལྕགས་ལུང་གཞན་རྣམས་འདྲེན་ཐུབ་པ་རེད།  སྐབས་རེར་ཁྱོད་ཀྱིས་ལྕགས་ལུང་མང་པོ་གཅིག་ལ་གཅིག་འབྱར་ནས་དཔྱང་ཐག་ཅིག་ཏུ་གནས་པ་མཐོང་ཐུབ།  དེ་ཡང་ཁབ་ལེན་རྡོ་དེ་ཉིད་ལས་ཐོབ་པའི་ནུས་པ་མངོན་དུ་གྱུར་པ་ཡིན།  མཆོག་ཏུ་གྱུར་པའི་སྙན་ངག་པ་རྣམས་ཀྱང་འདི་འདྲའི་ཁབ་ལེན་གྱི་རྡོ་ཇི་བཞིན་ཐོག་མར་རང་གི་རིག་འཕྲུལ་གཞན་ལ་མྱོང་དུ་འཇུག་པ་དང་།  མྱོང་བ་པོ་དེ་དག་གིས་མྱངས་ནས་སླར་གཞན་ལ་མྱོང་དུ་འཇུག་པས་མྱོང་བ་པོ་གཅིག་མཇུག་གཉིས་མཐུད་དཔྱང་ཐག་བཞིན་དུ་ཡོང་བ་ཡིན།[2]ཅེས་གསུངས་པ་བཞིན།  ཉག་ཕྲ་བོར་གྱུར་པའི་བསྟན་པ་གསོ་དགོས་ན་དེ་བས་དེ་འདྲའི་རིག་འཕྲུལ་ཅི་ལ་མི་དགོས་ཏེ་ངེས་པར་དགོས་སོ་སྙམ།  དེས་ན་སྔོན་ཡོད་སྒྱུ་རྩལ་གྱི་སྟེང་དུ་རང་གི་རིག་འཕྲུལ་ལས་བྱུང་བ་དག་གིས་སྣོན་པ་བཏབ།  དེ་ལ་གཞན་གྱི་ཉམས་རྟོག་བཟང་པོ་དག་གིས་ཀྱང་ཟུར་བརྒྱན་ཏེ།  དེ་དག་གི་དམིགས་པ་འབབ་སའང་གཙོ་བོ་བསྟན་པ་ཉམས་པ་གསོ་རྒྱུ་དང་དེ་ལས་བྱུང་བའི་དགེ་བས་སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་འདུམ་རྒྱུ་དེ་ཡིན་པར་ངེས་སྙམ་མོ།  ། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྤྲིངས་ཡིག》ལས།  འདོད་ལྔ་བུ་མད་རྫབ་ལས་མ་ཐར་བར།  །ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ།  །མི་དགེ་བཅུ་སྤྱོད་ཁྱི་ཕག་རྟུལ་བཞུགས་ཅན།  །མུ་སྟེགས་འབའ་འཇི་བ་ཡི་ཆོས་སྤྱོད་ཁྱེད།  །ངེད་ཅག་སངས་རྒྱས་ཡིན་ཞེས་ཟེར་བ་ནི།  །བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས།  །ཞེས་པ་ལ་མཚོན་ན།  འདོད་ལྔ་བུ་མད་རྣམས་དྲི་ངན་ཅན་གྱི་རྫབ་དོང་གི་གཟུགས་དང་།  དགེ་བཅུའི་ཁྲིམས་ལས་བྱོལ་བ་དེ་དག་ཁྱི་ཕག་གི་གཟུགས་སུ་བཀོད་ནས་སྐྱུག་བྲོ་ཞིང་ཞེ་མེར་བའི་རྣམ་པར་བྲིས་པ་བོད་སྔ་མའི་རྩོམ་གྱི་འབྲི་ལུགས་རྒྱུན་བསྐྱངས་པ་དང་།  ཆོས་སྐུ་ཡིན་ཟེར་བ་ཡ་མཚན་ཆེ།  །ཞེས་རང་གི་རྟོག་པའི་ངོས་སུ་རྒྱུ་དང་འབྲས་བུ་མི་མཐུན་པ་ཁེགས་སུ་ཟིན་ཀྱང་དེ་འདྲའི་རྣམ་གཞག་དངོས་སུ་མ་སྨྲས་པར།  ཡ་མཚན་ཆེ་ཞེས་ཉན་མཁན་ཀུན་གྱི་བློ་འགུགས་ཐབས་བྱས་པའི་ཚིག་ཤུལ་དུ་ཟུར་ཟ་དང་ཁྲེལ་དགོད་ཀྱི་སྒྲ་ཡང་ཤུགས་ཀྱིས་ཐོན་པར་བྱས་ཡོད།  འདི་འདྲའི་རྩོམ་པ་པོ་དག་ནི་གོང་དུ་གནའ་བོའི་ཀི་རི་སིའི་པོ་ལཱ་ཐུ་ཡི་སྐད་ཆ་དུམ་བུ་ཞིག་ལུང་དུ་བཀོད་པ་བ་བཞིན།  རང་གི་རིག་འཕྲུལ་གཅིག་ནས་བརྒྱ་དང་བརྒྱ་ཡིས་སྟོང་ལ་མྱོང་དུ་འཇུག་པའི་སྙན་ངག་པའི་ཁོངས་སུ་འཇོག་ནུས་པ་ཡིན་སྙམ།  ཡང་།  བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས།  །ཞེས་འདྲི་ཚིག་དང་ངེས་ཚིག་ཟུང་དུ་འབྲེལ་བས་གཅིག་དེ་མ་ཡིན་ན་ཅིག་ཤོས་དེ་ཡིན་དགོས་པ་ལས་དེ་ལས་གཞན་དུ་འགོངས་ས་མེད་པའི་གཏན་ཚིགས་ཀྱི་ཉམས་དང་།  ཡང་ན་བསླུས་སམ་ཞེས་མང་མང་གི་རྟོག་པ་ཐེ་ཚོམ་གྱི་རོང་དུ་ལྷུང་བར་བཟོས་ཤིང་དེ་ལས་ཐར་ཐབས་ཀྱི་བསམ་གཞིགས་ཀྱི་རྒྱུན་སྐྱོང་བཞིན་པའི་མོད་ལ་སྨྱོ་བར་ངེས་ཞེས་རྩོམ་པ་པོ་རང་ཉིད་ཀྱིས་ལན་ཐག་ཆོད་པོ་ཞིག་བཏབ་པས།  ཐེ་ཚོམ་གྱི་ཀློང་ནས་རྒྱུ་མཚན་ལྟར་སྣང་གི་རྗེས་སུ་འགྲོ་སྲིད་པ་དག་དེ་མུར་མེད་པར་བཟོས་ཤིང་།  ཡ་མཚན་དང་ཡིད་གཉིས་ཟ་བའི་མུ་ནས་རྟོག་པ་འཐོམ་རུམ་དུ་ལྷུང་ཞིང་།  སངས་རྒྱས་སུ་ཁས་འཆེས་པ་དེ་དག་ངོ་མ་བདུད་ཀྱིས་བསླུས་པ་ཡིན་ནམ་ཅི་སྙམ་པའི་བསམ་གཞིག་གི་འཕག་འཚག་བྱས་མ་ཐག་ཏུ་ཡང་ན་སྨྱོ་བར་ངེས་ཞེས་རྩོམ་པ་པོས་ལན་གསལ་བར་བཏབ་པས།  དེ་དག་ངེས་པར་བདུད་ཀྱིས་བློ་བྲིད་པར་ངེས་ལ་བློ་འཆོལ་ནས་སྨྱོ་བར་ཡང་ངེས་སོ་ཞེས་ཡིད་ཚིམས་ཀྱི་ཤུགས་རིང་ཡང་འབྱུང་བར་བྱས་ཡོད།  དེ་ཡང་།  བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས།  །ཞེས་པའི་ཚིག་རྐང་དེ་ལ་དེ་འདྲའི་རྟོག་པའི་རྒྱུན་སྐྱོང་ལུགས་ཤིག་ཅི་ལ་ཡོད་སྙམ་པའི་ཐེ་ཚོམ་འཛིན་པ་ཡོད་དུ་ཟད་ཀྱང་།  ཚིག་གི་མ་ཕྱི་དང་སྐབས་དེའི་སྤྱི་ཚོགས་གནས་བབ་སྣ་ཚོགས་པ་དག་འབྲེལ་བ་ལེགས་པར་བྱས་ཏེ་དཔྱད་ན་བསམ་པའི་གོ་རྒྱ་ཅུང་ཟད་ཡངས་ཤིང་རིགས་ཚོར་ཅུང་ཟད་རྣོ་བ་དག་གི་ཡིད་ངོར་དེ་འདྲའི་ཐེ་ཚོམ་གྱི་དཔྱང་ཐག་རང་གྲོལ་དུ་འགྲོ་བ་ཡིན་ནོ།  །ཉན་མཁན་རྣམས་དེ་འདྲའི་ཐེ་ཚོམ་གྱི་རྒྱ་རུ་ཚུད་པར་བཟོས་ཏེ་དེ་ལས་ཡང་དག་པའི་ལྟ་བ་རྙེད་པར་བྱེད་པ་ནི་བསམ་གཞིག་གི་ངལ་བའི་ཁྲོད་ནས་རང་གིས་རྟོགས་པའམ་གཞན་གྱིས་བསྟན་པའི་གནས་ལུགས་ཇི་ཡོད་ནམ་ཡང་བརྗེད་དཀའ་བའི་ཁྱད་ཆོས་སམ་རང་བཞིན་ཡོད་པས་ཡིན།  མདོར་ན།  རྩོམ་པ་པོས་རང་གི་ཡང་དག་པའི་ལྟ་བ་དང་ལམ་ལོག་ཏུ་ཞུགས་པ་དང་དེ་དག་གི་ལྟ་སྤྱོད་ཡ་བྲལ་དག་ལ་བདེན་མིན་ཐེ་ཚོམ་གྱི་དཔྱང་ཐག་བཟུང་བཞིན་པ་རྣམས་གོང་བུ་གཅིག་ཏུ་སྒྲིལ་བ་ལས་བདེན་རྫུན་གྱི་ངོ་གདོང་གསལ་ལེར་འདནོ་ཐབས་བྱས་ཡདོ།  ཐརོ་སི་ཐེ(托尔斯泰)ཡིས།  ཁོ་བོས་ཏ་ཉི་ཡ་ལག་ཏུ་བླངས་ཤིང་།  དེ་དང་སུ་ཉི་ཡ་མཉམ་དུ་བསྲེས་པ་ལས་ནཱ་ཐ་ཧྲ་ཉིད་ཐོན་བྱུང་།[3]ཞེས་གསུངས་པར་ཕྱིས་ཀྱི་སྙན་ངག་པ་མང་པོས་བསྟོད་པའི་དབྱངས་སུ་གྱེར་བ་བཞིན།  གོང་གི་བཀའ་ཤོག་གི་ཚིག་དུམ་དེ་ལའང་དེ་འདྲའི་སྒྱུ་རྩལ་གྱི་བྱེད་ཐབས་སྤྱད་ཡོད་པ་ཡིན་སྙམ།  གཞན་ཡང་།  མུ་སྟེགས་འབའ་འཇི་བ་ཡི་ཆོས་སྤྱོད་ཁྱེད།  །ཞེས་པའི་ཚིག་ཤུལ་ལས་མ་རིག་པའི་གཞན་དབང་དུ་གྱུར་པ་དེ་དག་ལ་ཞེ་ནས་མི་སྡང་བར་དེ་བས་དེ་དག་ལ་བརྩེ་བར་དགོངས་པ་ཡང་ཁྱེད་ཅེས་པ་ལས་རྟོགས་ཐུབ་ཏེ་ཁྱེད་དང་ཁྱོད་ཅེས་པའི་ངག་སྦྱོར་གྱི་ཁྱད་པར་ཀུན་གྱིས་ཤེས་གསལ་ལྟར་དང་།  ཡང་ན་ཁྱེད་ཅེས་པ་མང་བའི་དོན་དུ་བཀོལ་བའང་ཡིན་པར་སྲིད་དེ།  ས་པཎ་གྱི《མཁས་འཇུག》ལས།  ཁམས་སྒྲུབ་པ་ནི་ཏི་ངན་ཏ།  །དེ་ལ་སྐྱེས་བུ་རྣམ་པ་གསུམ།  །ཞེས་པའི་འགྲེལ་པར།  སྐྱེས་བུ་གསུམ་སྟེ།  སྐྱེས་བུ་དང་པོ་ནི་ལྷས་བྱིན་ལ་སོགས་པའོ།  སྐྱེས་བུ་བར་པ་ནི་ཁྱོད་ལ་སོགས་པའོ།  སྐྱེས་བུ་མཆོག་ནི་བདག་ལ་སོགས་པའི་སྒྲའོ།  དེ་རེ་རེ་ལའང་གཅིག་གི་ཚིག་དང་གཉིས་ཀྱི་ཚིག  མང་པོའི་ཚིག་གིས་དགུར་འགྱུར་རོ།  དཔེར་ན།  ལྷས་བྱིན།  ལྷས་བྱིན་དག  ཁྱོད།  ཁྱེད།  ཁྱེད་རྣམས།  ང་།  ངེད།  ངེད་རྣམས་ལྟ་བུའོ།  །ཞེས་མང་པོའི་ཚིག་ལ་རྣམས་སྒྲ་སྦྱར་ཀྱང་མུ་སྟེགས་འབའ་འཇི་བ་ཡི་ཆོས་སྤྱོད་ཁྱེད།  །ཅེས་པ་ཚེག་དབར་སྙོམ་ཕྱིར་ཚིག་སྡུད་བྱས་པའང་སྲིད་དམ་སྙམ།  མཁར་རྨེའུ་བསམ་གཏན་གྱིས།  འདོད་ལྔ་བུ་མད(བུད་མེད)རྫབ་ལས་མ་མཐར་བར།  །[4]ཞེས་བུ་མད་བུད་མེད་དུ་བཅོས་ཀྱང་དེ་ནི་བོད་ཀྱི་སྐད་ལ་མཉམ་འཇོག་མ་བྱས་པའི་སྐྱོན་ཡིན་པར་ངེས་སྙམ་སྟེ།  བུ་མད་ཞེས་པ་བུ་དང་བུ་མོར་རམ་ཡང་ན་སྐབས་ཀྱི་དོན་བཟའ་མི་བུ་ཕྲུག་དང་བཅས་པར་གོ་དགོས་ཤིང་ཕ་སྤད་དང་མ་མད་ཅེས་ཡོངས་སུ་གྲགས་པའི་ཕྱིར་རོ།  །དེ་བཞིན་མུ་སྟེགས་འབའ་འཇི་བ་ཡི་ཆོས་སྤྱོད་ཁྱེད།  ། ཅེས་ལེགས་སྦྱར་གྱི་སྐད་ཀྱང་རང་གི་སྐད་ཀྱི་སྒྲ་འདོན་ཚུལ་བཞིན་གྱི་སྒྲའི་སྦྱོར་བ་སྤེལ་བཞིན་ཡོད་པའི་གནད་ཀྱང་ཞར་ལ་རྟོགས་རྒྱུ་ཡོད་སྙམ།  མཁས་མཆོག་དགེ་འདུན་ཆོས་འཕེལ་གྱིས།  ལར་སྔོན་གྱི་རྒྱ་སྐད་གདངས་ཅི་ལྟར་ཐོན་པ་ཙམ་བོད་ཡིག་ལ་བྲིས་པ་ལས་མི་འདུག་ཅིང་།  འབའ་འཛར་སོགས་ལའང་།  འབར་འཛར་སོགས་སུ་ལོ་ཙཱ་བ་འགའ་ཞིག་གི་མཚན་གཤམ་དུ་གསལ་བའི་ཕྱག་བྲིས་ལ་ཡང་འདུག་པས།  ལེགས་སྦྱར་གཙང་སང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་དུས་ཕྱིས་ཙ་ན་མཛད་པ་ཞིག་ཏུ་སྣང་། འོན་ཀྱང་འདིའི་པྲཛཉ་སོགས་རྒྱ་ཡིག་བཞིན་བྲིས་པས་ད་ལྟའི་ཀློག་ལ་བོད་སྐད་ཀྱི་དཔེ་བཀབ་སྟེ།  ཊ་ཛཉར་སོང་ཞིང་།  གནའ་བྲིས་ཕལ་ཆེར་དུ་པར་འགྱའ་ཞེས་བྲིས་པས་ཀློག་ལ་དེ་ལེགས་པར་མངོན་ནོ།  །[5] ཞེས་བསྟོད་པ་ཕུལ་ཡུལ་འདི་འདྲའི་རིགས་ལ་ཡིན་པའང་རྟོགས་ཐུབ་པ་ཡིན།  བཤེས་གཉེན་དོར་ཞིས།  གཞུང་སྤྱིའི་དབང་དུ་བྱས་ན།  གཏན་ཚིག་རིག་པ་དང་།  བརྒལ་བརྟག་སུན་འབྱིན་གྱི་གསུང་རྩོམ་སྒྱུ་རྩལ་རྩོམ་རིགས་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་ནོ།[6] ཞེས་གསུངས་པའང་།  དེ་དག་གི་བརྗོད་བྱ་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། བདེན་པའམ་དྲང་པོར་བརྗོད་པ་གཙོ་བོར་བྱེད་པའི་དབང་གིས་ཡིན་པ་ལས།  དེ་དག་ལ་རྩོམ་པ་པོའི་བློ་རིགས་ལས་བྱུང་བའི་སྒྱུ་རྩལ་གྱི་ཐབས་སྤྱད་མེད་པའམ་མི་དགོས་པར་གསུངས་པ་མ་ཡིན་སྙམ་ཏེ།  སྒྱུ་རྩལ་ཞེས་པའང་དོན་དུ་བློ་ཐབས་དང་གཅིག་འདྲ་ཡིན་པས་ཐབས་དང་བྲལ་བའི་འདུན་པ་ཇི་ཡོད་དོན་གྱི་འབྲས་བུས་སྟོང་པར་འགྱུར་བའི་ཆོས་ཉིད་དེ་འདྲ་ཐོས་པའི་མཛོད་དུ་གྱུར་ཅིང་དོན་གྱི་གཏིང་རིག་པ།  བསམ་བྱུང་གི་གོ་རྟོགས་ཀྱང་མཐོན་པོར་གཤེགས་པའི་བཤེས་གཉེན་མཆོག་གིས་མི་མཁྱེན་པ་མ་ཡིན་ནོ།  ། དེས་ན་སྐབས་འདིའི་རྩོམ་རིག་གི་ལས་འགན་གཙོ་བོའམ་གཡོལ་དུ་མེད་པ་ཞིག་ནི་ལྟ་སྤྱོད་ཡ་བྲལ་དུ་སོང་བ་ཟུང་དུ་འབྲེལ་རྒྱུ་དེ་ཡིན་ཞིང་།  དེ་ཡང་མདོ་རྒྱུད་གསུང་རབ་དང་བཅས་པའི་དགོངས་པ་རྨ་མེད་པ་སེར་སྐྱ་ཡོངས་ཀྱི་ཁྲོད་དུ་རྒྱ་ཆེར་སྤེལ་དགོས་པ་དང་།  དེ་ལྟར་སྤེལ་བའི་ཐབས་ཀྱང་གཙོ་བོ་རྗོད་བྱེད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་བརྟེན་དགོས་པས་སྐབས་དེའི་མཁས་པ་ཚོའི་བརྩམས་ཆོས་ལ་སྒྱུ་རྩལ་མཐོར་འདེགས་དགོས་པའི་རེ་བའང་རང་ཤུགས་ཀྱིས་བྱུང་ཡོད་པ་ཡིན་སྙམ།  བཀའ་གདམས་ཕ་ཆོས་ལས་ཀྱང་།  གང་དག་རྒྱུན་དུ་མཆོད་བྱས་ནས།  །འཆི་ཁར་དབུགས་ལེན་བྱེད་པ་མཐོང་།  །དེ་འདྲའི་ལྷ་ངན་འདྲེ་བས་གཙོག  །མཆོད་འཕྲོ་ཉིད་ལ་བརྡུང་པར་རིགས།  །དེ་བས་ཕྱི་མ་ངན་འགྲོར་འདྲེན།  །མཆོད་བསྟོད་ནོངས་པ་ཅིག་གིས་འཇོམས།  །རྡོར་ལེགས་པེ་དཀར་ལ་སོགས་པ།  །དོན་མེད་དགོངས་པོས་དགོས་པ་མེད།  །[7]ཅེས་པའང་གནས་སྐབས་དེའི་འཇིག་རྟེན་པའི་ལྷ་འདྲེ་མཆོད་ཅིང་དེ་ལ་བསྙད་ནས་སེམས་ཅན་མང་པོའི་སྲོག་དབུགས་ལེན་པ།  དེ་འདྲའི་དབང་གིས་ཅི་བྱས་བསྟན་པ་དང་རྒྱབ་འགལ་ལྟག་སྤྲོད་དུ་སོང་ཞིང་མི་མང་གི་འཚོ་བའང་ཁ་བའི་སྟེང་དུ་བ་མོའི་ཚུལ་དུ་འགྲོ་བཞིན་པ་དག་འགོག་བྱེད་རང་བཞིན་བརྗོད་པའི་ལམ་ནས་འཇིག་རྟེན་པའི་གདུག་འདྲེ་རྣམས་ཀྱི་རང་བཞིན་བརྗོད་པའི་ལམ་ནས་སུན་འབྱིན་པ་ཡིན་མོད།  ཚིགས་སུ་བཅད་པ་འདིའི་ཚིག་སྦྱོར་སྤྱིར་བཏང་བ་དག་ལས་དམིགས་བསལ་ཐུན་མིན་གྱི་སྒྱུ་རྩལ་ངོམས་ཐུབ་པ་ནི་མཆོད་འཕྲོ་ཉིད་ལ་བརྡུང་པར་རིགས་ཞེས་པ་འདི་ཡིན་སྙམ།  ཚིག་གི་རྐང་པ་འདིར་རྩོམ་པ་པོས་ཞེ་གཏིང་ནས་འཕྱུར་བའི་སྡང་ཞེན་གྱི་རྣམ་རྟོག་དེ་ཚིག་འཇམ་མངོན་ཆུང་གི་ལམ་ནས་ཟུར་ཏེ།  རང་གི་ཆགས་སྡང་གི་སེམས་དེ་རྡོ་དང་དབྱུག་པའམ་ཁུ་ཚུར་ལྟ་བུའི་གཟུགས་སུ་བྱས་ནས་བརྗོད་ཡོད།  གཟུགས་ཅན་གཟུགས་མེད་དང་རྟོག་བཅས་རྟོག་མེད་གང་ཞིག་ཅི་འདྲའི་གཟུགས་སུ་བྱས་པའང་ཚིག་གི་ལམ་དུ་དངོས་སུ་མངོན་པ་ཞིག་མི་དགོས་ཀྱི་གཟུགས་དེ་ཉིད་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་མི་མངོན་པའི་གཏིང་རུམ་ན་སྦས་ཀྱང་།  ཀློག་པ་པོས་ངག་ནས་གྱེར་བའི་ཚེ་ཐུན་མོང་བའི་གོམས་ལོན་ངེས་སྲོལ་ལ་བརྟེན་ནས་འགོད་བྱའི་གཟུགས་དེ་རྟོག་པའི་ངོས་ལ་ཁྲ་ལམ་གྱིས་འཆར་ཐུབ་པའང་ཡོད་པ་ཡིན་ནོ།  །དེ་འདྲའི་ནུས་པའང་བརྡུང་ཞེས་པ་དེ་འོས་ཤིང་འཚམ་པར་བཀོལ་བ་ལས་བྱུང་བར་མངོན་ཞིང་།  དེ་ཙམ་མ་ཟད་མཆོད་འཕྲོ་ཉིད་ལ་ཞེས་པས་རྩོམ་པ་པོས་རང་གི་སེམས་ཀྱི་འཕྲོ་འདུ་མྱུར་བ་ནས་མྱུར་དུ་གཡོ་བ་ལས་བྱུང་བའི་ཞེ་ཐག་པའི་འདོད་ཞེན་དེ་ངང་སྒུག་གི་ལོང་ཅུང་ཟད་ཀྱང་མེད་པར་དོན་གྱི་སྟེང་དུ་གཞོལ་འདོད་ཀྱི་རེ་བའང་མཚོན་པར་བྱས་ཡོད།  དེ་འདྲའི་སྒྱུ་རྩལ་གྱི་བཀོལ་སྤྱོད་ལ་བརྟེན་ནས་རྩོམ་པ་པོ་རང་ཉིད་ཀྱི་ཡུན་རིང་རུམ་དུ་བཅངས་པའི་རྡོ་ཆེན་ཞིག་དེ་མུར་ས་རུ་ལྷུང་བས་ཡང་སེང་ངེ་བ་ལྟ་བུའི་ཚོར་སྣང་སྐྱེ་རྒྱུ་ཡོད་ལ།  ཀློག་པ་པོ་ཀུན་ཀྱང་རྩོམ་པ་པོས་ཇི་ལྟར་བསྟན་པའི་ལམ་ལས་གཞན་དུ་ལྡོག་དཀའ་བའི་ནུས་པ་ཐོན་ཐུབ་པ་ཡིན་པར་སེམས།  ཁེ་ལིན་ཝུ་ཏེ(罗宾 • 科林伍德)ཡིས།  རང་གི་བརྗོད་མི་ཤེས་པའི་ཚོར་འདུ་དག་སྒྱུ་རྩལ་གྱི་ལམ་ནས་སྟོན་པར་བྱེད་པ་ལ་རྣམ་པ་ཁ་གསལ་ཞིག་བྱུང་ན།  དེ་ཉིད་ཀྱིས་རོལ་མྱོང་བྱེད་པོ་ཀུན་ལ་བརྗོད་དོན་ལ་ཚད་མར་འཛིན་པའི་འདུ་ཤེས་བསྐྱེད་ཅིང་།  སྒྱུ་རྩལ་པ་རང་ཉིད་ཀྱང་ལུས་སྟེང་གི་ཁུར་པོ་ས་ལ་ཕབ་པ་བཞིན་རིང་མོ་ཞིག་ནས་སེམས་ཀྱི་ངོས་ན་མཆིས་པའི་སྡང་ཞེན་དེ་ཡང་ཏི་ཅལ་དུ་འགྲོ་ཞེས་དང་།  ཡང་ཁོང་གིས།  མི་རྣམས་ཀྱིས་སྙན་ངག་གྱེར་བའི་སྐབས་སུ་སྙན་ངག་པའི་ཚོར་འདུ་ཉམས་སུ་མྱོང་བ་ཙམ་མ་ཟད།  སྙན་ངག་པའི་ངག་གི་སྦྱོར་བ་ལ་བརྟེན་ནས་རང་རང་གི་ཚོར་འདུ་ཡང་མཚོན་ཐུབ་པས།  དེས་ན་སྙན་ངག་པའི་ཚོར་འདུ་དེ་དག་ཀློག་་པ་པོ་རང་ཉིད་ཀྱི་ཚོར་འདུར་འགྱུར་ཐུབ་པ་ཡིན།[8]ཅེས་གསུངས་པའང་འདི་འདྲའི་རྩོམ་གྱི་འབྲི་ཐབས་ལ་ལེགས་བསྟོད་བྱས་པ་ཡིན་པར་ངེས་སྙམ།  དེས་ན་རང་གི་ཚོར་འདུ་ཕྱི་རུ་ཕྱུང་ཚུལ་ལ་དབྱར་སྤང་ཆུ་རྡོལ་དང་། སྦུར་མ་ཚང་སྒོར་བུད་འདྲ་སོགས་མང་ཞིང་དེ་དག་སོ་སོར་ཡང་རང་རང་གནས་སྐབས་ཀྱི་ལེགས་ཆ་ལྡན་མོད།  གོང་དུ་དྲངས་པའི་ཚིག་རྐང་དེའི་ཡོན་ཏན་ནི་དབྱར་སྤང་ལ་ཆུ་རྡོལ་བས་མཐའ་སྐོར་ཀྱི་རྩྭ་སྙིགས་དང་ཤིང་ཐུར་ཇི་ཡོད་དེ་མུར་གནས་པའི་སྐབས་དང་བྲལ་བར་བྱས་པ་དེ་ཡིན་ལ།  དེ་དང་དེ་མིན་གྱི་སྒྱུ་རྩལ་མང་དག་ཀྱང་སྐབས་དེའི་ལྟ་སྤྱོད་ཀྱི་འགལ་འདུ་དྲག་ཏུ་འཁྲུག་པའི་ཁྲོད་ལས་རྙེད་པའོ། །གཞན་ཡང་།  འབྲོམ་སྟོན་པས།  ཤིས་སོ་ཕན་བདེའི་ལྗོན་ཤིང་རབ་ཏུ་རྒྱས། །གཙང་ངོ་བཀའ་རྒྱུད་རྣམ་ཐར་དྲི་མ་མེད། ། བརྒྱུད་དོ་རྒྱལ་བ་ཉིད་ནས་རྒྱལ་བར་བརྒྱུད། །བར་དུ་ལྷད་མ་བཞུགས་པའི་རྣམ་ཐར་ཡིན། །ཞེས་པ་སོགས་དང། རྫ་རྔ་ཕྱག་རྒྱ་གླིང་བུ་འཛིན་པའི་གཟུགས།  །རྡོ་རྗེ་རྐེད་པ་མཉེན་ཅིང་རབ་ཏུ་གཡོ།  །ནུ་མའི་པད་འབུར་སྟོན་ཅིང་འཛུམ་བག་ཅན། །ལ་ལ་རྒན་དང་དར་མའི་ཚུལ་བསྟན་ནས།  །འཇིགས་བྱེད་རི་བོ་པང་དུ་ལེན་པར་གདའ། ། ཞེས་པ་སོགས་དཔེར་བརྗོད་དུ་འོས་པ་ཤིན་ཏུ་མང་ཞིང་།  འདིར་ཅུང་ཟད་རེ་དཔེར་དྲངས་པའི་དགོས་པའང་སྐབས་འདིའི་རྩོམ་རིག་ལ་གནའ་བོའི་ངག་ཐོག་སྙན་རྩོམ་ལ་མཆིས་པའི་ཁྱད་ཆོས་རྒྱུད་འཛིན་དང་།  རྒྱ་གར་སྙན་ངག་གི་སྒྱུ་རྩལ་ཡང་ལེན་ཅི་ཐུབ་གནང་བཞིན་པ།  རྩོམ་པ་པོ་རང་རང་གི་བློ་གྲོས་ལས་བྱུང་བའི་སྒྱུ་རྩལ་གྱི་ཐབས་ལམ་དུ་མས་ཀྱང་སྤུད་བཞིན་པ་ཤེས་བྱེད་དང་།  དེ་བས་ཀྱང་དེ་དག་གི་དམིགས་པ་འབབ་ས་ནི་ལྟ་སྤྱོད་བཟང་པོར་བཅོས་ཏེ་མང་མང་ཞི་བདེའི་དཔལ་ལ་རོལ་དུ་འཇུག་རྒྱུ་དེ་ཡིན་པ་ངེས་ཤེས་བསྐྱེད་ཆེད་དུ་ཡིན།  དེ་ཡང་ཡིན་ཏེ།  མི་འདོད་པ་ཇི་ཡོད་ལོག་པའི་བསམ་སྤྱོད་ལས་བྱུང་བ་དང་།  དེའི་གཉེན་པོར་འགྲོ་བའི་ཐབས་དམ་པ་ནི་བདེ་བ་ཇི་ཡོད་གཞན་ལ་བརྟེན་ནས་འབྱུང་བས་སྡུག་བསྔལ་ཇི་ཡོད་ཀྱང་གཞན་ལ་བརྟེན་ནས་སེལ་དགོས་པའི་གོ་རྟོག་རྙེད་དགོས་རྒྱུ་དེ་ཡིན་ཅིང།  སྐྱོན་ཡོན་མ་བཤད་ན་བླང་དོར་ལ་མི་འཇུག་ཅིང་འཇུག་ཚུལ་ཡང་མི་ཤེས་པས་ལྟ་སྤྱོད་ཡ་བྲལ་དུ་སོང་དང་མ་སོང་བའི་སྐྱོན་ཡོན་སྣ་ཚོགས་འལ་འོལ་དང་།  སབ་སོབ།  ཁ་ཙམ་ཚིག་ཙམ་མ་ཡིན་པར་རྗོད་བྱེད་ཚིག་གི་སྒྱུ་རྩལ་སྣ་ཚོགས་རྒྱུད་འཛིན་དང།  གཡོར་ལེན།  གསར་གཏོད་བཅས་ཀྱི་ལམ་ལ་བརྟེན་ནས་བརྗོད་རྒྱུ་དེ་ཡིན་ནོ།  །
གཉིས་པ།  ཁྱད་པར་ནང་འཁྲུག་ཞོད་འཇགས་སུ་གཏོང་བའི་དགོས་མཁོ།
           བོད་པའི་ཁ་དཔེར།  ནང་བཀྲ་མ་ཤིས་ན།  ཕྱི་དོན་མི་འགྲུབ།  ཅེས་པ་ལྟར་འཁྲུག་འཛིང་གི་སྨུག་ལོང་ཁྲོད་ནས་བདེ་བའི་ལམ་བུ་མཐོང་མི་ཐུབ་པས་མང་དག་ཅིག་སྡུག་བསྔལ་གྱི་གཅོང་རོང་ཟབ་མོར་ལྷུང་འགྲོ་ཞིང་།  དེ་འདྲའི་ཚུལ་ལས་ལེགས་པར་ལྡོག་དགོས་ན་དེའི་རྒྱུ་དང་བཅས་པ་སྤོངས་དགོས་ཤིང་།  རྒྱུ་དེ་སྤོང་བར་ཡང་དེའི་གཉེན་པོ་མ་ནོར་བར་ཚུལ་བཞིན་བསྟེན་དགོས་པ་ཡིན།  དེས་ན་གོང་དུ་ཞུས་པ་བཞིན་ནང་ཆོས་རྒྱ་ཁྱབ་ཏུ་སྤེལ་བའི་དགོས་པའང་དགེ་བཅུ་ལག་ཏུ་བླངས་པས་སྤྱི་ཚོགས་བདེ་འགོད་ཡོང་རྒྱུ་དང་དེ་ལ་བརྟེན་ནས་ཐོན་སྐྱེད་སོགས་ཀྱང་རིམ་པར་གོང་དུ་འཕེལ་ཏེ་མང་མང་གི་ཕྱིའི་འཚོ་གོས་དང་ནང་སེམས་ཀྱི་བདེ་བ་གོང་ནས་གོང་དུ་སྤེལ་འདོད་པ་དེ་ཡིན་ན།  དེའང་ཐོག་མར་དགེ་སྡིག་གི་བླང་དོར་ཚུལ་བཞིན་ངོས་བཟུང་རྒྱུ་དེ་ཡིན་ཅིང་དེ་ཚུལ་བཞིན་དུ་ངོས་བཟུང་མི་ཐུབ་ན་འཆགས་པ་དང་སྡོམ་པའི་བློ་ནམ་ཡང་སྐྱེ་དཀའ་བས་ཉེས་ལྟུང་གི་སྦུབས་སུ་ཚུད་འགྲོ།  རང་གཞན་གྱི་སྡུག་བསྔལ་ཐ་དག་ཀྱང་དགེ་སྡིག་གི་རྣམ་གཞག་མེད་པ་ལས་བྱུང་བས་དེ་འདྲའི་འདུན་པ་དམིགས་ཐོག་ལ་དབབ་དགོས་ན་ཐབས་བླ་ན་མེད་པ་ནི་དམ་པའི་ཆོས་ཀྱི་གོ་རྟོགས་ལེགས་པར་རྒྱུད་ལ་སྐྱེ་ཐུབ་པར་བྱ་རྒྱུ་དེ་ཡིན་སྙམ།  འོན་ཀྱང་སྐབས་དེའི་མི་ཕལ་ཆེར་ནི་འཚོ་བས་འཕོངས་ཤིང་ཡིག་རྨོངས་དང་ཡང་ན་ཚུལ་མིན་ཡིད་བྱེད་ཀྱི་རྗེས་སུ་འབྲངས་པ་ཞེ་ཅིག་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་ལས་མཐོང་ཐུབ་པ་བཞིན་ཡིན་ཏེ།  ངེད་ཀྱི་སྤྲས་ཀྱི་འོ་ཐང་ན།  ཆུ་མེད་པས་ལོ་ཡག་ཙམ་མི་འོང་།  ལྷང་ཟན་བཟའ་བས།  ལན་ཅིག་ཕ་སྤད་གསུམ་གྱིས་སྨེའུ་ཟན་བྱས་པས།  བུ་ཆུང་ཤོས་སྤྱང་ཤས་ཆེ་རེ་བ་ཞིག་གིས་ཁོ་རང་གི་ཟན་སྐལ་རྒྱབ་ཏུ་སྦས་ནས།  ཕ་དང་ཕུ་བོའི་ཟན་ལས་ཟོས་པས།  ཁོ་རང་གི་ཟན་རྒྱབ་ནས་ཁྱིས་ཁྱེར་བས་ངུས།  ཟན་ཁྱིས་ཁྱེར་བ་ལ་ངུའམ་མ་ངུ་བྱས་པས།  བརྒྱ་མ་ལན་ཅིག་གི་རྨེའུ་ཟན་དེ་ཁ་ན་ཁྱིས་ཁྱེར་ཟེར།[9] ཞེས་པ་དང་།  ཡང་།  དེ་ཡང་བྱང་དུ་མུ་གེ་ཞིག་གི་དུས།  དབུལ་ཕོངས་བཟའ་མི་མང་ཙམ་ཞིག་ལ་ཟས་སུ་ཤ་གཟུག་གཅིག་ལས་མེད་པས།  ཕ་དེས་བསམ་པར།  ནང་མི་མང་པོ་འདི་ལ་ཤ་གཟུག་འདིས་གར་མི་ཕྱིན་པས།  ངས་ཡུལ་གཞན་ནས་འཚོ་བ་བཙལ་ལོ་སྙམ་ནས་ཤ་གཟུགས་ཀྱང་དེས་ལམ་གྱི་འཚོ་བར་འཁྱེར་ནས་ལ་འུར་ཡུལ་གཞན་དུ་ཕྱིན་ནས་འཚོ་བ་བཙལ་ཏེ་ནང་མི་དེ་རྣམས་གསོས་ནས། ཁོ་ཤེད་ངས་ཁྱེད་ཅག་ནང་མི་རྣམས་ལ་ཤ་གཟུག་དེ་མ་བྱིན་པར་ང་རང་གིས་ཁྱེར་བ་དེ་ཁྱེད་ཅག་ལ་བརྩེ་བ་མེད་པ་མིན།  ངས་ཁྱེད་ཅག་བློས་མ་ཐོངས་པར་འཚོ་བ་འདི་ལྟར་བཙལ་བ་ཡིན་ཟེར་རོ།[10]ཞེས་པོ་ཏོ་བའི་དཔེ་ཆོས་སུ་དྲངས་པ་ལྟར་དེ་འདྲའི་དཔེ་ཤིན་ཏུ་མང་བ་དག་ལས་སྐབས་དེའི་འཚོ་གོས་ཀྱི་ཁ་སྟབས་ཇི་ལྟར་ཡིན་མིན་གསལ་པོར་རྟོགས་ཐུབ་པ་དང་།  ཡང་།  དབུས་སུ་རྒན་མོ་ཞིག་གིས་མོ་རང་གི་ཚོད་ཐལ་གྱི་ཁ་ནས་བཏོགས་ནས་ཚོགས་གསོག་ཅིག་བྱས་པས།  དགེ་བཤེས་པས(པོ་ཏོ་བ) ཚོགས་བསགས་པའི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བྱའོ་གསུངས་པས།  རྒན་མོ་ན་རེ།  ཨ་ཅེ་མ་རྒན་མོས་དཀའ་ལས་དེ་ཙམ་བྱས་པའི་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོ་རྒྱུ་གང་ན་མཆི།  རྒན་མོ་རང་གི་དོན་དུ་བསྔོ་བར་ཞུ་ཟེར་རོ།[11]ཞེས་ལས་འབྲས་ཀྱི་རྣམ་གཞག་སྟེ་དགེ་སྡིག་གི་འབྱུང་རྩ་ངོས་མི་ཟིན་པའི་དབང་རྟུལ་ཅན་དང་།  བུད་མེད་གཤིས་ངན་མ་ཞིག་མོ་ཁྱོ་དང་འགྲོགས་མ་ཤེས་ནས་བྲལ་ནས་འགྲོ་ཙམ་ན།  གྲོང་ལས་ཅུང་ཟད་འཕགས་པ་དང་།  འོ་དོད་འབོད་ཅིང་སྡུག་གྲོང་བ་ཁྱེད་རྣམས་དང་།  ང་མ་འཐབ་པ་སུ་ཡོད་ཟེར་ལོ(རོ)།[12] ལྟ་བུ་རང་སྐྱོན་ཕུགས་སུ་སྦས་ནས་གཞན་སྐྱོན་རླུང་ལ་འཕྱར་བ་མཚོན་བྱེད་དང་། ཡང། སྔགས་པ་ཡེ་འབྱུང་བྱ་བས་དབུས་སུ་མར་ནག་འཚོང་བས།  སྲང་དབྱིབས་འདྲ་བ་ཆེ་ཆུང་གཉིས་བྱས་ནས།  དང་པོ་སྲང་ཆུང་ཤོས་ཕུ་དུང་ནང་དུ་སྦས།  སྲང་ཆེ་བ་མི་ལ་བསྟན།  ཚོང་བྱེད་ཁར་གཞན་གྱིས་བྲེ་སྲང་བསྡུར་བས།  སྲང་ཇོ་བོའི་ཆེ་བར་བྱུང་བས།  ཁོ་ན་རེ།  སེམས་ཅན་་ཉོན་མོངས་པ་སྙིང་རེ་རྗེ།  བྲེ་སྲང་གང་དགའ་བ་ལ་གྱིས་ཟེར་ཏེ།  དེ་ནས་ཉོ་བ་བག་ཙམ་ཡེངས་པ་ལ།  ཕུ་དུང་ནང་གི་སྲང་དང་བརྗེས་ནས་ཚོང་བྱས་ལོ(སོ)།[13]ཞེས་པ་ལྟ་བུས་ཆོས་ལ་བསྙད་ནས་གཞན་མགོ་རྡུང་རྡེག་བྱེད་པའི་རིགས་མཚོན་པ་དང་།  འཕན་ཡུལ་གྱི་རྨ་སྒྲོ་གཉིས་འཐབས་པས།  རྨ་རྒྱལ་ནས།  སྒྲོའི་ཕྱ་མཁར(འཕན་པོའི་ལྷུན་གྲུང་རྫོང་ཡིན་ཏེ་རྗེ་ཕ་བོང་ཁའི་ལམ་རིམ་རྣམ་གྲོལ་ལག་བཅངས་ལས་སྔོན་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་ལམ་རིམ་གསུངས་པའི་སྐབས་མི་ཞིག་གིས་དེ་རིང་བློ་སྐྱེད་ཆེན་པོ་བྱུང་འཕན་ཡུལ་རྨ་ཡི་ཕྱ་མཁར་ཟེར་བ་ལྷུན་གྲུབ་རྫོང་རེད་གསུངས་བྱུང་ལྟ་བུར་མི་འགྲོ་བ་དགོས་ཞེས་གསལ)རྨ་ཡིས་ཐོབ་པས།  རྨའི་རྒན་པོ་ཚེ་རིང་བ་ཅིག་ན་རེ།  སྒྲོའི་ཕྱ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་ཟེར་སྐད།[14]ལྟ་བུས་ན་སོ་རྒས་ཤིང་ལུས་ཕུང་གོག་པོར་སོང་ཡང་ད་དུང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཅན་མང་དུ་མཆིས་པ་རྟོགས་ཐུབ་པ་སོགས་དེ་འདྲའི་ཤེས་བྱེད་ཤིན་ཏུ་མང་བས།  དེ་དག་གི་རྒྱུས་ལ་དགེ་སྡིག་གི་བླང་དོར་བསྟན་ཅིང་ཚུལ་བཞིན་ཡིད་ལ་ངེས་ཤིང་ལག་ལེན་དུའང་འཁྱོལ་བར་དགོས་ན་གང་བསྟན་བྱའི་ཡུལ་གྱི་ཁམས་དབང་མོས་པ་དང་སྤྱོད་པ་བརྟུལ་ཞུགས་སོགས་དང་འཚམ་པའི་ཐབས་སྟེ་སྒྱུ་རྩལ་གྱི་ཐབས་ལམ་ལ་རེ་དགསོ་པ་ཡིན་སྙམ།  སངས་རྒྱས་ཀྱིས་ཆསོ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའང་སྒྱུ་རྩལ་གྱི་རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་དུ་ངེས་པ་མིན་ཞེས་སུ་ཞིག་གིས་སྨྲ་བར་སྤོབས།  དེས་ན་བཀའ་གདམས་པའི་རྩོམ་རིག་ལ་མཚོན་ན་སྤྱི་ཚོགས་ཀྱི་གནས་བབ་ཁྱད་པར་བ་ལ་བརྟེན་ནས་བརྗོད་བྱའི་དོན་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཞིག་ཡིན་ཀྱང་།  དེ་དག་གི་རྗོད་བྱེད་ཚིག་གི་སྤེལ་སྟངས་ལ་གནས་སྐབས་དེ་དང་མཐུན་པའི་སྒྱུ་རྩལ་གྱི་ཐབས་ལམ་ཞིག་བསྟར་དགོས་པའི་དགོས་པ་ཞིག་ངང་གིས་བྱུང་ཡོད་དོ།  །གོང་དུ་བརྗོད་པའི་དགོས་པ་གཙོ་བོ་དེ་གཉིས་འགྲུབ་ཕྱིར་བཀའ་གདམས་རྩོམ་རིག་ལ་གཤམ་གྱི་ཁྱད་ཆོས་སམ་སྒྱུ་རྩལ་གྱི་རྣམ་གྲངས་དག་བྱུང་བར་སེམས་སོ།  །
གསུམ་པ།  དགོས་པ་གཉིས་པོ་དོན་དུ་གཉེར་བྱེད་ཀྱི་སྒྱུ་རྩལ། 
           1. བརྩམས་ཆོས་གྲུབ་མཐའ་མ་འདྲེས་ཆོས་སྐད་བཟང་པོར་བསྟེན་པ། 
           གང་གདུལ་བྱའི་སྐད་གཤིས་དང་མཐུན་པར་འཆད་པ་དང་འབྲི་བ་ནི་འཆད་པ་པོའམ་རྩོམ་པ་པོར་འཆད་འབྲི་སླ་མིན་ཅི་རིགས་ཀྱི་ཁྱད་པར་མཆིས་ཀྱང་ཉན་པ་པོ་རྣམས་ལ་གོ་བདེ་ཁ་གསལ་དོན་གྱི་འཇལ་ལོན་མྱུར་བ་སོགས་ཀྱི་ཡོན་ཏན་མང་དག་ལྡན་པས་ན།  དེ་འདྲའི་སྐད་གཤིས་ལ་བརྟེན་ན་རང་གི་སེམས་ལ་འཛིན་རྒྱུ་དང་གཞན་ལ་འཆད་རྒྱུ་གཉིས་ཀ་ཡོད་པས།  བརྗོད་དོན་ཚིག་གི་ལོ་མས་མ་བསྒྲིབས་པས་དོན་ལ་ངེས་ཤེས་སྐྱེ་བདེ་བ་སོགས་ཀྱི་དགོས་པ་དུ་མ་ཡོད་པ་ལགས། དེ་ལྟར་མ་ཡིན་ན་ཉན་ན་དོན་མི་གོ་བས་ཇི་ལྟར་བསམས་ཀྱང་དོན་མི་ཤེས། དགེ་བ་སྒྲུབ་ཚུལ་དང་སྡིག་པ་སྤོང་ཚུལ་དེ་བས་མི་ཤེས་པས་བཀའ་གདམས་པའི་དུས་ཀྱི་བརྩམས་ཆོས་ཕལ་ཆེར་མང་མང་གིས་གོ་བདེ་བའི་ཆོས་སྐད་དམ་ཡང་ན་གནས་སྐབས་ཀྱི་ཉན་པ་པོའི་འཁོར་གྱི་སྐད་གཤིས་་དང་མཐུན་པར་བྱས་པའི་ཁྱད་ཆོད་ལྡན་ཡོད། གནས་སྐབས་ཉན་པ་པོའི་ འཁོར་ལ་དམིགས་པའང་ངག་ནས་འཆད་པོ་དང་ཡི་གེར་འགོད་པོ་དེ་དག་ཡུལ་སྐད་དག་གིས་བསླུས་པ་མིན་གྱི་ཉན་པ་པོའི་བློ་དང་བསྟུན་པའམ་བླ་མའི་ཚིག་ལ་རང་གི་བསྲེ་ལྷད་མི་འཇུག་པའི་དོན་དུ་དམིགས་པར་སེམས། སྐབས་དེའི་བརྩམས་ཆོས་དང་ཆོས་བཤད་སོགས་ཟིན་བྲིས་སུ་བཏབ་ནས་ཕྱོགས་གཅིག་ཏུ་བསྒྲིགས་པ་དག་ལ་བལྟས་ན། གསུང་རྩོམ་དག་གི་ཚིག་སྦྱོར་ནི་བཀའ་གདམས་པའི་ཆོས་བཤད་ཀྱི་ཁྱད་ཆོས་སྟེ། བརྒལ་ལན་སུན་འབྱིན་ཆོས་དམག་ཟེར་མཆུ་ཉུང་། །ཟུར་ཟ་རང་བཟོ་བསྡུས་དོན་མི་མཛད་ཅིང་། །དོན་གྱི་མཐའ་ཆོད་ཚིག་ཉུང་དོན་ཀུན་གོ །མང་ཐོས་ལུང་ལྡན་དོན་གྱི་ས་མཚམས་ཕྱེས། །གྲུབ་མཐའ་མ་འདྲེས་ཆོས་སྐད་བཟང་ལ་བརྟེན།  །ཅི་བཤད་སྒོམ་དོན་བློ་སྣ་སྒྱུར་ལ་མཁས།  །ཉམས་པ་ཟུར་གསོ་ཚིག་འབྲུ་དམ་པ་བཀྲོལ།  །འཁྲུགས་པ་ཀུན་བསྡེབས་འབྱམས་པ་ངག་ཏུ་འདྲིལ།  །བཀའ་ཆད་འགྱུར་འཁྲུགས་འགྱུར་མང་དག་ལ་བལྟ།  །མཁས་པའི་རྩོམ་ལུགས་འགྲེལ་ཊིག་དུ་མ་དང་།  །བླ་མའི་མན་ངག་རང་གི་བློ་གྲོས་ལ།  །བརྟེན་ནས་རྣམ་དག་ཆོས་བཤད་དེ་ལྟར་མཛོད།  །ཅེས་པ་ལྟར་གསུང་རྩོམ་ཕལ་ཆེར་ཆོས་སྐད་དེ་སྤྱི་སྐད་ཀྱི་ལམ་ནས་བརྩམས་པ་དང་། ཚོགས་ཆོས་སོགས་ནི་ཉན་པོའི་སྐད་གཤིས་ལ་དམིགས་ནས་གསུངས་པ་མང་བས་དེ་གཉིས་ཀའི་དམིགས་པ་འབབ་སའང་དོན་གྱི་མཐའ་ཆོད་ཅིང་ཚིག་ཉོག་གིས་མ་བསླད་པར་གོ་སླ་བའི་དོན་དུ་ཡིན་ནོ།  །བཀའ་གདམས་པའི་དགེ་བཤེས་ཤ་ར་བ་ལྟ་བུར་མཚོན་ནའང་།  ཁོ་བོས་རོམ་སྐད (རང་སྐྱེས་ཡུལ་རོམ་པོ་སྟེ་དེའི་ཁ་སྐད)འདི་འཇོག་པར་ཡང་སློབ་གཉེར་རབ་ཅིག་བྱས་པ་ཡིན།[15]ཅེས་གསུངས་པའང་བསྟན་བཅོས་རྩོམ་པ་དང་ཆོད་བཤད་ཀྱི་དོན་དུ་དམིགས་པ་ཡིན་པ་རྟོགས་ཐུབ་ཅིང་།  འོན་ཏེ་ཆོས་གསུངས་ཚེ་དགོས་པའི་དབང་གིས་ཉན་པ་པོའི་སྐད་གཤིས་དང་བསྟུན་པའང་ངེས་པར་སྲིད་སྙམ།  ལས་ཆེན་གྱི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་ཤ་ར་བས་ཕལ་སྐད་དང་བསྲེས་པའི་ཆོས་གསུངས་བར་མི་མཛད་དེ།  ཞེས་གསུངས་པ་ནི་གསུང་རབ་དང་སྡེ་སྣོད་ཀྱི་དགོངས་འགྲེལ་སོགས་རྩོམ་དུས་དང་ཚོགས་སུ་ཆོས་བཤད་ཀྱི་སྐབས་སོགས་ནམ་ཡིན་རུང་ཡུལ་ལུང་བྱེ་བྲག་པའི་སྐད་ཀྱིས་དོན་གྱི་ཁ་ངོ་མི་སྒྲིབ་པའི་དོན་དུ་ཡིན་ཏེ།  དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བའི་གསུང་རྩོམ་གྱི་མ་དཔེ་དངོས་རང་ལག་དུ་མ་སོན་ཡང་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་མར་གྱི་ཉིང་ཁུར་དེའི་གསུང་སྒྲོས་འགའ་ཞིག་དྲངས་པ་དག་ལ་བལྟས་ན་འདི་ལྟ་སྟེ།  ཤ་ར་བ་ཉིད་ཀྱི་ཞལ་ནས།  བོད་རྣམས་ཀྱང་ཆོས་ཀྱི་ཁུངས་མིན།  རྒྱ་ནག་ཀྱང་རང་བཟོ་དང་སྣོན་འདེབས་ལ་དགའ་ཞིང་ལན་གཉིས་སུ་ལྡབ་རྒྱང་དུ་བསྒྱུར་བ(སྔ་ཕྱིའི་འགྱུར་དོན་རྒྱང་ཁད་རིང་བ) ཡིན་པས་ཁུངས་མི་བཙུན།  ཆོས་ཀྱི་ཁུངས་རྒྱ་གར་ཡིན་ལ།  རྒྱ་གར་སྐད་ཀླད་དུ་བྲིས་པས་ཆོས་དེ་དེ་ནས་བྱུང་བ་ཡིན་པས་ཁུངས་བཙུན་པའི་དོན་དུ་སྟེ།  སྔོན་རྣམ་གཞག་མ་ཉམས་པའི་དུས་ན་བོད་མ་ལ་གང་ཡང་མེད།  རྒྱ་ནག་མ་ལ་རྒྱ་སྐད་དུ་ཟེར།  རྒྱ་གར་ནས་འགྱུར་ཡང་སྐད་གསར་བཅད་ཀྱིས་བཅོས་མ་གྲུབ་པ་དང་ཞུ་ཆེན་མ་བྱས་པ་ལ་རྒྱ་གར་སྐད་དང་ཞུས་རྒྱ་དང་རྒྱལ་པོའི་མཐེབ་རྒྱ་ཀུན་ཕྱིན་ནས་མེད།  དེ་ཀུན་ཐམས་ཅད་ཀྱིས་གཏན་ལ་ཕབ་པ་ལ་དབུ་རུ་རྒྱ་གར་སྐད་བྲིས།  ཞབས་སུ་ཞུས་རྒྱ་དང་རྒྱལ་པོའི་མཐེབ་རྒྱས་ཀྱང་བཏབ་ནས་བཞུགས་པ་ལགས་པར་གདའ་སྟེ། བར་དུ་བསྟན་པ་ལ་སྐེད་ཉག་བྱུང་།  རྒྱལ་པོའི་ཁྲིམས་ནི་མེད་པས་བོད་མ་ལྡག་ལྡོག་ཀུན (རྡག་གེ་རྡོག་གེ་སྟེ་ཆེ་ཆུང་ཀུན)ལ་ཡང་རྒྱ་གར་སྐད་བཅུག  རྒྱ་ནག་མ་ཀུན་ལ་ཡང་གར་དེ་ཆད་པ་ཡིན་སྙམ་ནས་བཅུག་པས་དེང་སང་ཐམས་ཅད་འདྲེས་ནས་སོང་བ་ཡིན།[16]ལྟ་བུའི་གསུང་ལ་བརྟགས་ན་ཡང་ཕལ་ཆེར་ཡུལ་སྐད་ཀྱིས་བསྒྲིབས་མེད་པ་བཞིན།  འབྲོམ་སྟོན་སོགས་ཀྱི་བརྩམས་ཆོས་ཀྱང་དེ་བས་ཆོས་སྐད་བཟང་པོར་བརྟེན་པས་ཚིག་ལ་མཁས་ཉམས་མེད་ཀྱང་དོན་གྱི་རྡོ་ཁ་གསལ་བས་བློའི་ནུས་པ་ཞན་པའི་མང་མང་གི་དྲན་པའི་གསོས་སུ་འགྱུར་སླ་བ་ཡིན་ཏེ།  དཔེར་ན་འབྲོམ་གྱིས་ཞང་འཕྲང་ཁ་བ་ལ་བཏང་བའི་འཕྲིན་ལས། ཆགས་ན་ལྷ་ལ་ཆགས་ཀྱང་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ཀྱང་འཆིང་བའི་རྒྱུ།  །ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས།  །ཐར་པའི་བར་དུ་གཅོད་ལ་ཁྱད་པར་མེད། །ཤི་བའི་རོ་དེ་ཙན་དན་མེར་བསྲེགས་སམ། །ཆུར་བརོ་དངོ་བསྐྱུར་བྱ་ཁྱིས་ཟསོ་པར་མཉམ།  །ཤུལ་དུ་གཏམ་སྙན་གཏམ་ངན་ཅི་བྱུང་ཡང་། །བདག་གི་རྗེས་སུ་འབྲངས་ནས་མི་འོང་སྟེ། །གསོན་ཚེ་དགེ་སྡིག་གཉིས་པོ་གང་བྱས་པའི། །འབྲས་བུ་དེ་ཡི་དུས་སུ་འབྱུང་བར་འགྱུར། །རྣལ་འབྱོར་པ་ཡི་འཆི་ལུགས་རྣམ་པ་གསུམ། །སྨྱོན་པ་ལྟ་བུར་ཤི་བ་རབ་ཡིན་ཏེ། །རི་དྭགས་ལྟ་བུར་ཤི་བ་འབྲིང་ཡིན་ནོ། །རྒྱལ་པོ་ལྟ་བུར་ཤི་བ་ཐ་མ་ཡིན། །ཅེས་པ་ལྟ་བུ་དང་། དགེ་བའི་བཤེས་གཉེན་ཆེན་པོ་ཏོ་བ་རིན་ཆེན་གསལ་གྱི་ཆིག་ལབ་རིང་མོ་ལས།  དེས་ན་སྐྱེ་གནས་དེ་རྣམས་སུ་མཇུག་མ་ཁྲ་རིལ་ལེའམ། ནོག་ལྐོག་ཤལ་ཅ་རེའམ། རྭ་ཅོ་རྐང་ལག་ཟིང་ངེ་བའམ།  མཆུ་སྡེར་དང་འདབ་གཤོག་དང་མཆེ་བ་གཙིགས་སེ་སྐྱེས་ཕྱིན་ཆད་འགང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་བསྐལ་པར་ཡང་ལྷ་མིའི་ལུས་ཙམ་ཡང་ཐོབ་པའི་བྱ་བ་འདས་ཆོས་སུ་སོང་བས་ཐབས་གང་ཡང་མེད་པར་སྒྱོགས་ཐག་ནམ་མཁར་ཆད་པ་དང་འདྲ་བ་ཞིག་བྱུང་སོང་།  ཞེས་པ་སོགས་ཀྱིས་མཚོན་པའི་བརྩམས་ཆོས་ཇི་ཡོད་མཁས་པའི་རྩོམ་ལུགས་དང་བླ་མའི་མན་ངག རང་གི་ལག་ལེན་དང་དུས་ཀྱི་དགོས་མཁོ་ལས་བྱུང་བའི་རྩོམ་ཉམས་ཏེ།  ཚིག་ཉུང་ཞིང་དོན་ཇི་བཞིན་གོ་སླ་ཞིང་།  གོ་སླ་ཚུལ་ཡང་བྱིས་པ་དག་གི་ངག་བཞིན་བློ་ལ་ཤར་ཚུལ་ངག་གིས་བཅད་གཏུབ་མེད་པ་ལྟ་བུ་མ་ཡིན་ལ།  ཉན་པ་པོའི་ཡིད་འཁུལ་ཐུབ་ཀྱང་རྒན་མོས་རྒད་པོར་སླ་ཡུས་ཀྱི་ངུ་བཤུམ་ལྟ་བུ་ཡང་མ་ཡིན།  རང་བཟོ་མེད་པས་ཡིད་ཐུབ་ཀྱང་ལུག་ལ་བལྟས་ཏེ་འབའ་འབའ་དང་ར་ལ་དམིགས་ནས་སླེ་སླེ་ལྟ་བུ་དེ་བས་མིན།  བསྡུས་དྲགས་པས་དོན་གྱི་རང་ཞལ་མི་འཇལ་བ་སེར་སྣ་ཅན་གྱི་ལག་སྒམ་དང་རྒྱས་ཆེས་པས་དོན་ཕྱོགས་གཅིག་ཏུ་བསྡུ་མི་ཐུབ་པ་གཉིད་ལ་ཤོར་བའི་ལུག་རྫིའི་ལུག་ཁྱུ་ལྟ་བུ་མ་ཡིན་ཅིང་།  དེ་བས་ཉན་པ་པོའི་བློ་སྣ་སྒྱུར་ལ་མཁས་པའི་ངག་གི་དཔལ་དུ་ངོམས་ཆོག་པའི་སྒྱ་རྩལ་གྱི་རྣམ་གྲངས་དུ་མ་ནས་དུ་མར་སྤུངས་ཡོད།  བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་དག་ཅིག་གི་གསུང་རྩོམ་གྱི་ཚིག་སྦྱོར་ལ་གོང་བརྗོད་ཀྱི་ཁྱད་ཆོས་དེ་འདྲ་ལྡན་དོན་ཀྱང་རྩོམ་པ་པོ་རང་རང་ཚིག་ལ་མཁས་ཉམས་དང་དོན་གྱི་སྒྲོབ་ཉམས་བོར་ཏེ།  ཡུལ་ཉན་པོའི་བློ་རིག་གི་ཁ་སྟབས་དང་བསྟུན་ཅིང་།  ཞི་བ་དང་བདེ་བའི་སྐེད་ཉག་ཕྲ་བའི་གནས་སྐབས་ཀྱི་སྐྱེ་བོ་རྣམས་བདེ་སྐྱིད་ཀྱི་སྐེད་རགས་ཉྭ་སྟེང་དུ་ལྷུང་བའི་ཚུལ་ལ་སྙིང་རྗེའི་བསམ་པ་རབ་ཏུ་གཡོས་པའི་ཐུགས་སྐྱེད་ལས་བྱུང་བ་ཡིན་སྙམ་མོ།  ། 
           2. བརྗོད་བདེ་འཛིན་སླ་འདུས་ཆེ་བའི་ཁྱད་ཆོས། 
           ཚོགས་ཆོས་སམ་ཆོས་བཤད་ཀྱི་སྐབས་སུ་གསུངས་པའི་ངག་སྦྱོར་ནི་གསུང་རྩོམ་དག་དང་མི་འདྲ་བར་ཚོགས་སུ་བསྡུས་པའི་ཉན་པ་པོ་ཕོན་ཆེ་བའི་གོ་བདེ་མིན་ལ་དམིགས་པ་མང་ཞིང་།  དེ་ཡང་ཆོས་གསུང་པ་པོའི་ངག་ལ་གོམས་པའི་སྐད་གཤིས་དེ་རྩད་ནས་བསྒྱུར་བཏུབ་པ་དཀའ་ཡང་།  སྤྱད་བྱའི་མིང་བརྡ་ཐ་སྙད་རྣམས་ཕལ་ཆེར་གྱི་གོ་བ་ཆགས་ཚུལ་བཞིན་བརྗོད་ཆོག་ཆོག་ཡིན་པས།  བཀའ་གདམས་པའི་དགེ་བཤེས་མང་དག་གི་གསུང་ཇི་ལྟ་བ་བཞིན་ཕྱིས་ཀྱི་རྗེས་འཇུག་པ་ཚོས་གླེགས་བམ་གྱི་ཕྱོགས་གཅིག་ཏུ་བསྐྱིལ་བ་དག་ལ་བལྟས་ན། ཕལ་ཆེར་བརྗོད་བདེ་འཛིན་སླ་འདུས་ཆེ་བའི་ཁྱད་ཆོས་མངོན་པར་གསལ་ལོ།  །དེའི་རྒྱུ་མཚན་མཐར་ཐུག་པ་ཡང་། བརྗོད་བདེ་བས་ཉན་པ་པོ་དག་གིས་རང་གིས་བསམ་རྒྱུ་དང་གཞན་ལ་བརྗོད་རྒྱུ་གཉིས་ཀ་མཆིས་པས་ཆོས་བཤད་དང་བརྩམས་ཆོས་སོགས་ཀྱིས་དམིགས་པའི་འབྲས་བུ་ཚེགས་ཆུང་ངུས་རྒྱ་ཆེར་སྨིན་ཐུབ་པ་དང་། ངག་ལ་འཁྱེར་བདེ་བས་ཡིད་ལ་བཟུང་སླ་ཞིང་དོན་ལག་ལེན་གྱི་སྐུལ་འདེབས་སུའང་ནམ་དགོས་སུ་ངང་གིས་འཆར་ནས་ཡོང་བ། འདུས་ཆེ་བས་དཔྱད་ན་དོན་ཟབ་ཅིང་བློའི་འཁུལ་ཁྱད་ཟབ་པ་དང་། མྱངས་ན་གནས་ལུགས་ཟབ་མོའི་ རོ་མངར་བས་ལེགས་སྤེལ་ཉེས་འགོག་གི་ཡོན་ཏན་དུ་མ་ངང་གིས་འདུས་ནས་ཡོང་བ་སོགས་ཀྱི་དགོས་པ་རྒྱ་ཆེར་ལྡན་པ་ཡིན་ནོ། །དེ་ཡང་འགའ་ཞིག་གིས་དེ་འདྲའི་སྣང་ཚུལ་ནི་དགེ་བའི་བཤེས་གཉེན་དེ་དག་གིས་རང་གི་སྐྱེས་འཚར་བྱུང་བའི་ཡུལ་གྱི་ཁ་སྐད་སྤྱད་པར་སེམས་མོད།  མཐའ་གཅིག་ཏུ་དེ་ལྟར་ཡིན་པར་ཡང་མི་སེམས་ཏེ།  ས་པཎ་གྱིས།  བློ་ཅན་རྣམས་ལ་ཟབ་རྒྱ་ཆེ།  །བློ་ཆུང་བཟུང་བདེ་གོ་སླ་བ།  །དེ་ལས་ལྡོག་ན་མཁས་རྨོངས་ཀྱིས།  །སློབ་མ་དགའ་བ་སྐྱེད་མི་ནུས།  །[17]ཞེས་པ་ལྟར་བཀའ་གདམས་པའི་དགེ་བཤེས་དེ་དག་བཟུང་བདེ་བ་ཡང་གོ་སླ་བ་ལས་བྱུང་བའི་གོ་བ་མ་ཆགས་པ་མི་སྲིད་ཅིང་།  བཟུང་བདེ་གོ་སླ་ཡང་ངེས་པར་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་འབྱུང་དགོས་པས་ཉན་པ་པོའི་སྐད་གཤིས་ལོགས་སུ་བོར་ཏེ་རང་གི་ངག་ན་ཇི་ལྟར་བྱང་བ་དེ་ལྟར་བརྗོད་ན་དོན་ལ་གོ་བརྡ་འཕྲོད་དཀའ།  གོ་བརྡ་མ་འཕྲོད་པས་གང་འཆད་བྱའི་ཆོས་ཀྱི་དགོས་དོན་དང་།  བསྡུས་དོན་དང་།  ཚིག་དོན་གང་ཡིན་ཆ་མེད་པར་འགྱུར་བས་དེ་འདྲས་དགོས་པ་དོན་དུ་གཉེར་མི་ཐུབ་པ་དང་།  པོ་ཏོ་བ་སོགས་ཆོས་སྟོན་པ་ལ་ཤིན་ཏུ་མཁས་པས་བློ་རབ་འབྲིང་མཐའ་གསུམ་གང་གིས་ཀྱང་གོ་བདེ་བ་ཡང་གཙོ་བོ་བཀའ་གདམས་པ་གོང་མ་རྣམས་ཀྱི་བརྗོད་དོན་ཚིག་ཏུ་ཇི་ལྟར་སྤེལ་བའི་ཐབས་བཟང་པོ་རྒྱུད་འཛིན་བྱས་པ་ཡིན་སྙམ་ཏེ། པོ་ཏོ་བས། ཨ་ཕའི་སྐད་དུ་ཞེས་པ་ནི། བུས་པ་ཞིག(བྱིས་པ་ཞིག)ཕ་མི་འདུག་ཤུལ་དུ་རྐུན་མ་བྱུང་གིས་དོགས་ནས། ཕའི་སྐད་དུ་བཅོས་ནས་ཁྱི་ཟའོ་ཟེར་ལོ(རོ)།  དེ་བཞིན་དུ་ངས་ཀྱང་དགེ་བཤེས་སྟོན་པའི་གསུང་དུ་བརྫུས་ནས་བཤད་དེ།[18]ཞེས་པོ་ཏོ་བ་རང་ཉིད་ཀྱི་བརྗོད་དོན་ཚིག་གི་པང་བར་བཅལ་དུ་འགྲེམ་ཚུལ་ཡང་དགེ་བཤེས་སྟོན་པའི་ཇི་བཞིན་ཡིན་པར་གསུངས་པ་དང་།  འབྲོམ་སྟོན་པས།  ཐེག་ཆེན་གྱི་བླ་མ་བྱ་བ་བཤད་ན་འབྱམས་ཀླས་པར་གོ་བར་སྐྱེད་ལ།  ལག་ཏུ་ལེན་པ་ན་བསྟན་པའི་མཐའ་མ་ལ་གང་ཕན་དང་།  ཐད་ཀར་ངན་དུ་གང་གྱུར་སྟོན་པ་ཞིག་དགོས་གསུང་།[19]ཞེས་ཆོས་གསུངས་པ་དེ་ཡང་གཙོ་བོ་གོ་བདེ་ཁ་གསལ་དོན་གནད་ཕུག་པ་ཞིག་དགོས་པར་བསྟན་ཏོ། །དེ་ལྟར་ཉན་པ་པོ་ཀུན་གྱི་ཡིད་འགྱུར་གྱི་མྱོང་བ་འདོན་དགོས་ན་ངག་རིག་ཁྱད་འཕགས་ལ་བརྟེན་དགོས་ཤིང་ངག་རིག་དེའང་མདོར་བསྡུས་ན་དོན་གྱི་གོ་བ་སྟེར་བའི་རྨང་གཞིའི་སྟེང་ནས་བྱུང་བའི་སྒྱུ་རྩལ་ཁྱད་འཕགས་ཤིག་ཡིན་པ་ལས།  འགའ་ཞིག་གིས་གོ་བ་སྟེར་དཀའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཅི་ཡང་མི་སེམས་པར་ཧམ་ལི་ཐི(哈姆雷特)བརྒྱ་ཐམ་པ་ལ་ཀློག་པ་པོ་བརྒྱ་ཐམ་པ་ཞེས་གཞན་གྱི་སྐད་ཆའི་སྙིང་པོ་ཅི་ཡིན་ལ་འདང་རྒྱག་མེད་པར་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་ཡིད་ཚིམ་པའི་རྣམ་འགྱུར་སྟོན་པ་ནི།  དང་པོ་ཚིག་མ་ཟིན།  དེ་ནས་དོན་མ་གོ མཐའ་མར་རང་གི་བློར་སྐྱེར་མི་བཏུབ་པར་ཅི་དྲན་འདི་དྲན་མི་ཡོང་བ་ལ་དགའ་བར་བྱས་པ་ཙམ་ལས་གཞན་ཅི་ཡིན།  ས་པཎ་གྱིས།  འགའ་ཞིག་འགོག་པ་སྒྲུབ་པའི་ཚིག  །ལ་ལ་སྒྲུབ་པ་དགག་སྒྲ་ཅན།  །ཁ་ཅིག་དོན་བཞིན་འཇུག་པས་ན།  །ཕལ་ཆེར་གནས་སྐབས་གཙོ་བོ་ཡིན།  །ཅི་སྟེ་མེད་ཅིའི་ཕྱིར་མི་ཤེས།  །ཞེས་གསུངས་པ་བཞིན་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་སྦས་དོན་དང་ངེས་དོན་སོགས་རྟོགས་དཀའ་སླ་མང་དུ་ཡོད་མོད།  ས་པཎ་གྱིས་ཚིགས་སུ་བཅད་པ་ལྔ་པོ་དེའི་འགྲེལ་པར།  ཚིག་གི་སྒྲའི་སྦྱོར་བ་དེ་དག་ཚིག་གི་ཤུགས་དང་དོན་གྱི་སྐབས་ཀྱིས་ཤེས་པར་འགྱུར་རོ་ཞེས་གསུངས་པ་ཡིན་པས།  མཐའ་གཅིག་ཏུ་རང་གཞན་གྱིས་རྟོགས་དཀའ་བའི་ཚིག་སྦྱོར་ལ་སྒྱུ་རྩལ་གྱི་ཐབས་མཆོག་ཏུ་སེམས་པ་ནི།  སྨྱོན་པའི་གཏམ་ལ་ཅི་ཡིན་འདི་ཡིན་གྱི་གོ་བ་སྟེར་དཀའ་བ་ལ་ཡ་མཚན་མཆོག་ཏུ་འཛིན་པའི་བརྟུལ་ཞུགས་བཟུང་བའོ་ཞེས་ཞར་དུ་བརྗོད་པར་བྱས་སོ།  །ད་ནི་སྐབས་བབ་ཀྱི་དོན་ལ་འཇུག་ན།  པོ་ཏོ་བས།  དཔེར་ན་ཏི་ཏོས་མར་མཐོང་ན་ཤི་མ་ཤི་མེད་པར(སྲོག་ལ་མི་འཛེམས་པ)འོང་།  ཁྱིས་ཁྲག་མཐོང་ན་བདག་པོ་དང་ལའང་དམར་འཁྲེན་བྱེད་ཅིང་འོང་།  དཔེ་དེ་བཞིན་དུ་འོ་སྐོལ་ཡང་འདོད་པ་མཐོང་ཙམ་ན།  སྦྱིན་པ་མི་དྲན་གྱི་སྟེང་དུ་གཞན་ཚུན་ཆད་ལ་དམར་འཁྲེན་བྱེད་ཅིང་འོང་བ་འདིས་མ་བཏུབ།  འུ་ཅག་ལྟོ་འགྲངས་པས་མི་ཆོག་ཞིམ་ཞིམ་པོ་ཞིག་དགོས།  རྒྱབ་དྲོས་པས་མི་ཆོག་བཟང་བཟང་པོ་ཞིག་དགོས།  འཚོ་བ་འཕྲལ་གང་ཕྱིས་པས་མི་ཆོག་ནམ་ཕུགས་ཀྱི་གསོག་རུན་བྱེད།[20]ཅེས་པ་ལྟ་བུ་དང་།  འབྲོམ་གྱིས།  དགེ་བཤེས་གསང་ཕུ་བ་འདི་ཁ་རྩང་ནས་ཇི་ཙམ་པ་རྣ་བར་བཏང་ཡང་།  དེ་རིང་དེ་མི་ཤེས་པར་དེ་ཙམ་ཞིག སྤྱན་རས་གཟིགས་ཀྱི་སྐུ་དངོས་དང་།  སྙད་ཏ་སྙོད་ཏ་མ་མང་།  མིང་དངོས་ནས་འབོད་ན།  རྒྱལ་བའི་འབྱུང་གནས་བྱས་པས་ཆོག  བསྟོད་ར་གཏོང་སྙིང་འདོད་ན་དགེ་བཤེས་སྟོན་པ་ཙམ་བྱས་པས་ཆོག  སྨད་ར་ཙམ་བྱེད་ན་འབྲོམ་ཁོའི་ཙམ་བྱས་པས་ཆོག་པ་ལ།  མི་ཐོབ་པའི་བསྟོད་ར།  ཁྱི་ལ་སེང་གེ།  ང་སྤྱན་རས་གཟིགས་མ་ཡིན་པས།  དུས་དིང་སང་གི་བར་དུ་འདི་འདྲ།  དི་རིང་ངའི་སྐྱེས་རབས་དང་ཟ་ཏ་ཟི་ཏ་མང་པོ་མི་དགོས།[21] ཞེས་མཁས་བཙུན་མང་པོ་དང་།  སྐྱེ་བོའི་ཚོགས་དུ་མ་དང་བཅས་པའི་དབུས་སུ་གསུངས་པའི་གཏམ་འདི་འདྲ་བ་སོགས་རེ་རེ་བཞིན་བརྗོད་ཀྱིས་མི་ལངས་ཤིང་།  དེ་དག་ཐམས་ཅད་ཀྱང་གོ་བདེ་བ་གཙོ་བོར་བྱས་ཤིང་ཉན་པོ་ཕལ་ཆེར་ཀྱང་འཕན་ཡུལ་ཕྱོགས་ཀྱི་མང་བར་ངེས་པས་དེ་དག་གི་སྐད་གཤིས་དང་བསྟུན་པ་མང་བ་ཙམ་མ་ཟད།  ཚིག་གི་ཟུར་ངོས་གང་ནས་ཀྱང་ཉན་པོའི་བློ་འཁུལ་ཐུབ་རྒྱུར་སྨན་པའི་སྒྱུ་རྩལ་གྱི་ལག་ཐབས་ཀྱང་མང་པོ་ཞིག་བསྟར་ཡོད་དོ་སྙམ།  གསུང་དེ་དག་ཀྱང་ཡི་གེར་འགོད་པོ་དང་ཕྱིས་ཀྱི་ཞུས་དག་པ་སོགས་ཀྱི་སྐད་གཤིས་རྩད་ནས་མ་བསྲེས་པ་ཞིག་ནི་དཀའ་མོད། འོན་ཏེ་ཕལ་ཆེར་རང་སོར་བཞག་པ་མངོན་ཏེ།  《བེའུ་བུམ་སྔོན་པོའི》རྩ་འགྲེལ་ལས།  དེ་ཡང་ཅི་ཐོད་ཐོད(ཐོས)ཀྱང་འབྲི་བ་མིན།  བླ་མའི་གདམ་ངག་བཀའ་དང་བསྟན་བཅོས་རྣམས་དང་མི་འགལ་བ་ཞིག་འབྲི་དགོས་པ་ཡིན་ཏེ།  འདི་རྣམས་པོ་ཏོ་བའི་གསུང་ལྷད་མེད་པ་ལྟ་བུ་ཡིན།  སྤྱན་སྔ་བ་དང་ཕུ་ཆུང་བའི་གསུང་ཅིག་གེ་བ་ལས་མེད་པས་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་ཏེ། དེའང་ཅིས་ཤེས་ཞེ་ན།  དགེ་བཤེས་རིན་པོ་ཆེས་འདི་སྐད་གསུངས་པའི་ཕྱིར་རོ་བྱ་བ་པོ་ཏོ་བས་གསུངས་གསུང་བ་ཡིན།[22]ཅེས་གསུངས་པ་སོགས་ལས་རྟོགས་ཐུབ་པ་ཡིན་ནོ།  །དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་འཕན་པོའི་སྐད་ཤུགས་ཆེ་བའི་གསུང་རྩོམ་ལ་དགེ་བཤེས་པོ་ཏོ་བས་བརྩམས་པའི《བེའུ་བུམ་སྔོན་པོ》དང་《དཔེ་ཆོས་འགྲེལ་པ》སོགསཡོད།[23]ཅེས་གསུངས་པའང་དོན་ལ་གནས་ཤིང་།  ཕྱིས་སུ་ཨ་ཀྱཱ་ཡོངས་འཛིན་སོགས་ཀྱིས་ཚིག་འགྲེལ་ཀྱང་མང་དུ་བརྩམས་དགོས་པ་བྱུང་ཞིང་།  ཡུལ་སྐད་འགའ་ཞིག་ཕྱིས་ཀྱི་མཁས་པ་རྣམས་ལ་གོ་བ་ལེན་ཚུལ་མི་འདྲ་བའང་མང་དུ་བྱུང་མོད།  ཞིབ་པར་བསམས་ན་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་པ་དོན་དུ་གཉེར་བ་ལ་དེ་འདྲའི་ངག་སྦྱོར་གྱི་ཁྱད་ཆོས་འཚམ་ཤོས་སུ་སྣང་སྟེ། གོ་སླ་ཡང་དོན་ཟབ་པའི་ཁྱད་ནུས་མ་ཤོར་པ་དང་། ཕྱིའི་ངག་ལ་འཁྱེར་བདེ་ཡང་གཏིང་གི་སྙན་རོ་ཟད་དུ་མེད་པ། འདུས་ཆེ་བས་དཔྱད་ན་དོན་ཆེ་ཞིང་ངེས་ཤེས་སྟེར་ཚབས་ཆེ་བ་སོགས་ཀྱི་ཡོན་ཏན་དུ་མས་སྤུད་ནས་ཡོད་པས་སོ། །གཞན་ཡང་ཕྱོགས་སྣེ་དུ་མ་ནས་སྒྱུ་རྩལ་གྱི་རྣམ་གྲངས་དུ་མར་དཔྱད་རྒྱུ་མཆིས་མོད། རེ་ཞིག་འདི་ཙམ་གྱིས་རང་གི་དཔྱད་དོན་ཆོག་པར་བྱས་སོ། ། 
བཞི་པ།  བཀའ་གདམས་རྩོམ་རིག་གི་སྒྱུ་རྩལ་སྤྱི་ཙམ་པ། 
           སྤྱིར་རྩོམ་རིག་ནི་ཕྱི་སྣང་བའི་ཡུལ་སྣ་ཚོགས་པ་དག་སྒོ་ལྔའི་ཤེས་པ་བརྒྱུད་ནས་ནང་སེམས་སུ་ཇི་ལྟར་འཆར་ཚུལ་རྣམས་ལུས་ངག་གི་རྣམ་འགྱུར་དུ་དྲང་འཁྱོག་གི་ཐབས་ཅི་རིགས་པས་མཚོན་པ་ཞིག་ཡིན་ལ།  མིའི་རྣམ་རྟོག་ལ་འདི་འབྱུང་དང་མི་འབྱུང་གི་ངེས་པ་དཀའ་བས་བཀའ་གདམས་རྩོམ་རིག་དག་ལ་མཆིས་པའི་རྩོམ་གྱི་རིག་པའང་མཐའ་བཟུང་བར་དཀའ་མོད། འདི་ན་སྔོན་གྱི་བཀའ་གདམས་པ་དག་གི་གསུང་ལ་གྲགས་པ་དང་།  རང་གིས་ཅུང་ཟད་དཔྱད་འབྲས་ཟུང་ཁུ་སྡུད་ཀྱི་ལམ་ནས་བརྗོད་ན་འདི་ལྟ་སྟེ།  《པོ་ཏོ་བ་རིན་ཆེན་གསལ་གྱི་རྣམ་ཐར་མཛེས་པའི་པད་མོ》ལས།      བརྒལ་ལན་སུན་འབྱིན་ཆོས་དམག་ཟེར་མཆུ་ཉུང་།  །དབང་ཟ་རང་བཟོ་བསྡུས་དོན་མི་མཛད་ཅིང་།  །དོན་གྱི་མཐའ་ཆོད་ཚིག་ཉུང་དོན་ཀུན་གོ  །མང་ཐོས་ལུང་ལྡན་དོན་གྱི་ས་མཚམས་ཕྱེ།  །ཐོག་མཐའ་མ་འདྲེས་ཆོས་སྐད་བཟང་ལ་བརྟེན།  །ཅི་བཤད་སྒོམ་དོན་བློ་སྣ་བསྒྱུར་ལ་མཁས།  །ཉམས་པ་ཟུར་གསོ་ཚིག་འབྲུ་དམ་པ་བཀྲོལ།  །འཁྲུགས་པ་ཀུན་བསྡེབས་འབྱམས་པ་ངག་ཏུ་འདྲིལ།  །བཀའ་ཚད་འགྱུར་འཁྲུགས་འགྱུར་མང་དག་ལ་ལྟ།  །མཁས་པའི་རྩོམ་ལུགས་འགྲེལ་ཊིག་དུ་མ་དང་།  །བླ་མའི་མན་ངག་རང་གི་བློ་གྲོས་ལ།  །བརྟེན་ནས་རྣམ་དག་ཆོས་བཤད་དེ་ལྟར་མཛད།  །ཅེས་དང་།  ལས་ཆེན་གྱིས།  སྙན་ངག་ཤས་ཆུང་ཆོས་སྐད་བཟང་ལ་བརྟེན་པ་དང་། །བརྒལ་ལན་ཟེར་སྒྲོས་ཉུང་ལ་དོན་གཏན་ལ་ཕེབས་པ་དང་།  གཤགས་རལ་དང་ཟུར་ཟ་ཉུང་ལ་དོན་རྣ་བར་སྐྱེལ་མཁས་པ། ཞེས་སོགས་དང་། དེ་དག་གི་སྣོན་པའི་ཚུལ་དུ་རང་གིས་ཅུང་ཟད་དཔྱད་པའི་མྱོང་བ་ནི། ཚིག་སྦྱོར་བདེ་ཞིང་སྐད་གསར་ལུགས་སུ་གནས།  །སྤྱིར་ན་བརྡ་སྤྲོད་སུམ་རྟགས་ལུགས་དང་མཐུན།  །བརྗོད་བྱ་ལྷ་ཆོས་གཙོར་བྱས་འཇིག་རྟེན་གྱི། །མི་ཆོས་བཟང་པོས་ཟུར་ནས་ལེགས་པར་བརྒྱན། ། ཚིགས་བཅད་རྩོམ་ལུགས་སྡེབ་སྦྱོར་ཉམས་པ་ཉུང་། །ཤུ་ལོཀ་རྣམ་དབྱེའི་ལག་ལེན་འབྱུང་བ་ལ།  །མངོན་པར་ཕྱོགས་ཤིང་སྔོན་གྱི་རྩོམ་རིག་ལས། །སྒྱུ་ཐབས་འཕྲུལ་ཤེས་ཕུན་སུམ་ཚོགས་པ་སོགས།  །བོད་ཀྱི་གནའ་རྩོམ་འོ་མའི་མ་རྒན་ལས།  །འཁྲུངས་ཀྱང་མ་ལས་བུ་རྫིག་མར་གསར་ཡིན།  །ལེགས་སྦྱར་སྐད་ཉུང་མངོན་བརྗོད་སྤྱི་ན་མེད། །དཔེ་དང་དཔེ་ཆོས་རྩམ་དྲི་འོ་དྲི་འཐུལ། །བཙན་བརྗིད་ཚིག་སྡུད་ཆུང་བས་རྩོམ་གཤིས་འཇམ།  །བརྒལ་བརྟག་སུན་འབྱིན་མཆུ་དམག་རྩོམ་པ་ཉུང་། །སྐུང་ཡིག་ཨང་ཡིག་བྲིས་མགྱོགས་སྣག་ཤོག་གཅེས། །སྐབས་འགར་མིང་བརྡ་བཀོལ་ཁྱད་ཅུང་ཟད་མཆིས།  །སྔོན་གྱི་རྩོམ་རིག་རྒྱུན་བཟུང་རང་དུས་ཀྱི། །རིགས་པ་དང་ནི་གཞན་ལས་ཐོབ་པ་སོགས།  །ལེགས་པར་འདོན་ཞིང་སུམ་རྐང་མེད་པ་སོགས།  །མེ་ལོང་མ་ཡི་རྩོམ་གྱི་ཁྱད་ཆོས་ལས།  །མངོན་པར་གསལ་བའི་དགར་ཆོས་ཤིན་ཏུ་མང་།  །ཞེས་པ་སོགས་སོ།  ། 
           དེ་ཡང་བཀའ་གདམས་རྩོམ་རིག་ལ་ཕྱོགས་སྒོར་མོ་ནས་ཞིབ་འཇུག་གི་ཚགས་ཚུད་དགོས་ན། འདི་འདྲའི་རྩོམ་ཐུང་དག་གིས་གར་ཡང་མི་ཕྱིན་མོད། འོན་ཏེ་འདི་ལྟ་བུ་དག་རྨང་རྡོར་བྱས་ཏེ་རིམ་པར་རྒྱུན་བསྲིངས་ཏེ་དཔྱད་ན་མི་རིང་བར་བཀའ་གདམས་རྩོམ་རིག་གིས་སྦྲུམ་པའི་ངོ་མཚར་སྒྱུ་རྩལ་གྱི་བུ་ཆུང་དབང་པོ་མངོན་སུམ་པས་གཞལ་ཐུབ་པ་ཞིག་ཡོང་བ་གདོན་མི་ཟའོ་སྙམ་མོ། ། 
           དཔྱད་རྩོམ་འདི་ནི2013ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་ལས་གཞི་སྟེ། ཆོག་མཆན་ཨང་རྟགས13BMZ028ཀྱི་དཔྱད་འབྲས་ཤིག་ཡིན་ནོ། །
           ཟུར་བལྟའི་དཔྱད་གཞི། 
           [1][6]དོར་ཞི་གདོང་དྲུག་སྙེམས་བློ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004:P50-51.20. 
           [2] 柏拉图著,朱光潜译 . 柏拉图文艺对话集 [M].北京:人民文学出版社,2008:6. 
           [3] 外国名作家传[M].北京:中国社会科学出版 社,1979:431.(ནཱ་ཐ་ཧྲ་ནི《དམག་འཁྲུག་དང་ཞི་བདེ》ཞེས་པའི་ནང་གི་མི་སྣ་བུད་མེད་ཅིག་ཡིན།  དེ་ཡང་རྩོམ་པ་པོ་རང་ཉིད་ཀྱི་ཆུང་མ་དང་ཚ་མོ་ཟུང་གི་གདོད་གཟུགས་སྲེ་འབྲི་བྱས་པ་ཞིག་ཡིན།) 
           [4]མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། མདའ་དང་འཕང་། སྟོད་ཆ།[M] ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་། 2007:51. 
           [5]དགེ་འདུན་ཆོས་འཕེལ་གྱིས་བརྩམས། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་སྔོན་དང་ད་ལྟའི་བར་གྱི་ཡུལ་སོ་སོའི་ཡིག་རིགས། [M]ནུབ་བྱང་མི་རིགས་སློབ་ཆེན་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས། 2003:6. 
           [7]ཇོ་བོ་རྗེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ།  ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ལྷ་བཞི་ལ་ཇི་ལྟར་གདམས་པའི་ལེའུ།   ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006:9. 
           [8]转引自朱立元主编 . 当代西方文艺理论[M]. 上海:华东师范大学出版社,2008:35.
           [9][10][19]བཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བློ་སྦྱོང་ཁྲིད་ཡིག་བདུད་རྩིའི་སྙིང་པོ།  གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། དེབ་བདུན་པ། [Z]མི་རིགས་དཔེ་སྐྲུན་ཁང་།1988:35. 75.21. 
           [11][12][13][14][18][20]ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེས་བསྒྲིགས། དཔེ་ཆོས་རིན་ཆེན་སྤུངས་པ། གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །[Z] དེབ་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། 1990:219.266.223.267.268.32.229. 
           [15]ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2003:465.
           [16]རྒྱལ་ཚབ་གྲགས་པ་དོན་གྲུབ། བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་མར་གྱི་ཉིང་ཁུ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009:35-36. 
           [17]ས་པཎ། མཁས་པ་འཇུག་པའི་སྒོ།[M] མི་རིགས་དཔེ་སྐྲུན་ཁང་།1981:94-95. 
           [21]ཇོ་བོ་རྗེ་དང་འབྲོམ་སོགས་ཀྱིས་མཛད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1994:549. 
           [22]པོ་ཏོ་བ་དང་ཇོ་བོ་ལྷ་འབྲི་སྒང་པས་མཛད། བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ། གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །དེབ་བཅུ་བདུན་པ། [Z]མི་རིགས་དཔེ་སྐྲུན་ཁང་། 1991: 52.
           [23]དུང་དཀར་བློ་བཟང་འཕྲིན་ལས། སྐད་ཡིག་དང་སློབ་གསོ། [M]  མི་རིགས་དཔེ་སྐྲུན་ཁང་། 320.  
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1