༄༅།།བརྩེ་བའི་ཇ་སྐྱེམས།

མ་བྱན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-06


མ་བྱན།
སྣང་བའི་ཆུ་ཐིགས་ཀྱི་ཟིལ་བ་ཙག་རླུང་གིས་བསེད་དེ། །
ཞེ་འདང་གསེར་ཡིག་གི་ཁ་ཞགས་ཡིད་སེམས་ལ་འཁྱིལ་དུས། །
འཇིག་རྟེན་དཀར་ངོགས་ཀྱི་སྐྱིད་སྡུག་ཕྱག་ཟུང་གིས་བསྐྱོར་བཞིན། །
འཁོར་བའི་གྲུ་ཆེན་གྱི་རྨི་ལམ་མཉམ་གཅིག་ཏུ་རུམ་ཆོག །
རྟོག་པའི་འཕྱང་འཕྲུལ་གྱི་སྲུང་མདུད་དམར་པོ་ཞིག་བསླས་ཏེ། །
བརྩེ་བའི་དབུ་ཁྱུད་ཀྱི་དན་རྟགས་བརྗེད་མེད་ཅིག་ཡིན་ཞེས། །
ལས་ཀྱི་ཚུར་ནང་གི་གཞོན་པ་བདག་ཕྱོགས་སུ་སྤྲིངས་ན། །
ཡིད་ཀྱི་དྭངས་མ་རུ་བསུ་བའི་སེམས་འདུན་ཞིག་འཁོར་རམ། །
སྤྱན་ཟུང་མེ་ཏོག་གི་འདབ་མ་བསིལ་བསིལ་ངང་གཡུགས་ན། །
གནག་སྣུམ་སྐྲ་ལོ་ཡི་ལན་བུ་རྒྱབ་ཕྱོགས་སུ་དཔྱངས་ན། །
སོ་དཀར་ཚེམས་ཕྲེང་གི་ཡིད་འོང་སྙིང་ཀ་ལ་ཕོག་ན། །
དྲན་ཤེས་གཙང་པོ་ཡི་ཆུ་རིས་ཁྱེད་ཕྱོགས་སུ་མཆེད་འོང་། །
བརྩེ་གཞས་ཆུ་མིག་གི་མགོ་ཁུངས་གང་ཕྱོགས་ལ་གཏད་ཡོད། །
སེམས་པའི་རྡོག་ཁྲེས་ཀྱི་ངལ་བ་གང་ཞིག་ཏུ་ཕོག་ཡོད། །
སྙིང་དབུས་གུར་ཁང་གི་འཇའ་འོད་གསལ་གྱི་ལེར་འཕྲོས་ན། །
ལས་སྣང་ལྗང་སེར་གྱི་ལན་ཆགས་གང་ཞིག་ཏུ་བཏབ་ཡོད། །
ལམ་གྱི་ཞིང་ཚུགས་སུ་བཞད་པའི་སེར་ཆེན་གྱི་མེ་ཏོག །
ཞེ་འདང་དཀར་དམར་རུ་སྦྲུམ་པའི་ལས་མཐུན་གྱི་ཆུང་འདྲིས། །
སྣང་བ་སྤྲིན་དཀར་དང་འདྲེས་ནས་རྒྱང་རིང་ལ་བཞུད་ཀྱང་། །
དམ་ཚིག་ཕྲེང་སེར་ལ་བརྒྱུས་པའི་ཚིག་གསུམ་རང་མི་འགྱུར། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1