ནང་སོག་གི་པ་ཡན་ཉའོ་ཨར་གྲོང་ཁྱེར་ཝུའུ་ལ་ཐེ་ཀྲུང་ཆིར་བྱི་རིམས་ཀྱི་ནད་དཔེ་ཞིག་གཏན་འཁེལ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-07



     ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ནང་སོག་པ་ཡན་ཉའོ་ཨར་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2020ལོའི་ཟླ་7ཚེས་5ཉིན། པ་ཡན་ཉའོ་ཨར་གྲོང་ཁྱེར་ཝུའུ་ལ་ཐེ་ཀྲུང་ཆིའི་ཝུན་ཀེན་གྲོང་རྡལ་གྱི་འབྲོག་པ་ཞིག་ཝུའུ་ལ་ཐེ་ཀྲུང་ཆིའི་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་རིང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནད་གཞི་བརྟག་དཔྱད་བྱས་པ་བརྒྱུད་བྱི་རིམས་ཡིན་པ་བཏན་འཁེལ་བྱུང་། ནད་པར་ནད་གཞི་མ་ཕོག་གོང་སྔོན་དུ་བྱི་རིམས་ཀྱི་རིམས་ནད་བྱུང་ཁོངས་སུ་བསྐྱོད་མྱོང་། མིག་སྔར་ནད་པ་དེ་ས་གནས་དེ་གའི་སྨན་ཁང་དུ་ལོགས་སུ་བཞག་ནས་སྨན་བཅོས་བྱས་པས་ནད་གཞི་བརྟན་པོ་བྱུང་ཡོད། གྲོང་ཁྱེར་དང་ཆི་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་ཡོད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཡོད།
     རིགས་གཅིག་མཁས་ཅན་གྱིས་རྒྱ་ཆེའི་སྤྱི་དམངས་ལ་དྲན་སྐུལ་བྱས་དོན། བྱི་རིམས་སྔོན་འགོག་དང་ཚོད་འཛིན་གྱི“མི་བྱེད་པ་གསུམ་དང་སྙན་སེང་ཞུ་བ་གསུམ”གྱི་བླང་བྱ་གཞིར་བཟུང་། མི་སྒེར་གྱི་འགོག་སྲུང་ཏན་ཏིག་བྱས་ཏེ་རང་ངོས་ནས་འགོག་སྲུང་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་པ་སྟེ།
     1.“མི་བྱེད་པ་གསུམ”ཞེས་པ་ནི། རང་དགར་རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་མི་རྔོན་པ་དང་། རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་མི་ཟ་བ། རང་དགར་རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་དང་དེའི་ཐོན་རྫས་མི་འཁྱེར་བ་བཅས་ཡིན།
     2.“སྙན་སེང་ཞུ་བ་གསུམ”ཞེས་པ་ནི། ནད་ཕོག་པའི(ཤི་བའི)འཕྱི་བ་དང་སྲོག་ཆགས་གཞན་དག་ཤེས་རྟོགས་བྱུང་ཚེ་སྙན་སེང་ཞུ་དགོས་པ་དང་། བྱི་རིམས་ཕོག་པའི་དོགས་ཡོད་ནད་པ་ཤེས་རྟོགས་བྱུང་ཚེ་སྙན་སེང་ཞུ་དགོས་པ། རྒྱུ་རྐྱེན་གསལ་པོ་མེད་པའི་ཚ་བ་མཐོ་པོ་རྒྱབ་པའི་ནད་པ་དང་གློ་བུར་དུ་ཤི་བའི་ནད་པ་ཤེས་རྟོགས་བྱུང་ཚེ་སྙན་སེང་ཞུ་དགོས་པ་བཅས་ཡིན།
     3.མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་བཟང་པོ་སྲུང་འཛིན་བྱ་དགོས་ཤིང་། མི་ཚོགས་དང་འཚང་ཁ་ཆེ་བའི་གནས་སུ་མི་འགྲོ་བ་དང་། སྨན་བཅོས་སྒྲིག་གཞིར་སོང་ནས་སྨན་བཅོས་བྱེད་པའམ་ཡང་ན་ཚ་བ་རྒྱག་པ་དང་གློ་རྒྱག་པ་སོགས་ཀྱི་འབྲེལ་ཡོད་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་ཁ་རས་བརྒྱབ་དགོས།
     4.གལ་སྲིད་རང་ཉིད་ནད་དཔེ་དང་འབྲེལ་གཏུག་བྱུང་མྱོང་བའི་དོགས་པ་སྐྱེས་ན་ས་གནས་དེ་གའི་ནད་ཡམས་སྔོན་འགོག་སྡེ་ཚན་ལ་རང་འགུལ་གྱིས་སྙན་ཞུ་འབུལ་ནས་ཆེད་ལས་ཀྱི་མཛུབ་སྟོན་དང་ལེན་བྱས་ཆོག  ཚ་བ་རྒྱབ་པ་དང་། གློ་རྒྱབ་པ། རྨེན་མདུད་ན་བ། ཁྲག་དོན་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་པ་བསྟན་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1