ཡུལ་སྐོར་གཞུང་ལམ་གསར་དུ་བསྐྲུན། གྲོང་ཚོ་ཆུང་ངུར་རེ་བས་ཁེངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-08



 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། དབྱར་སྒང་དུས་ཀྱི་སི་ཁྲོན་ནུབ་རྒྱུད་ས་མཐོ་སྔོ་ཐིང་ཐིང་དུ་གནས་ཤིང་། ཆུ་ཚན་དང་། རྩྭ་ཐང་། མཚེའུ། དགོན་སྡེ་སོགས་གཅིག་ལ་གཅིག་སྦྲེལ་གྱི་ཡུལ་ལྗོངས་ཀྱིས་བརྒྱན་པའི“ཡུལ་སྐོར་གཞུང་ལམ”གྱི་ཨར་སྐྲུན་ལས་གྲྭ་ཡང་ཨར་སྐྲུན་བྱེད་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས། ལམ་བཅག་འཕྲུལ་འཁོར་མང་པོ་རང་ཁྱིམ་གྱི་སྒོ་ཁ་ནས་སྐྱོད་པ་མཐོང་སྐབས་ལོ་48ལ་སླེབས་པའི་གྲོང་མི་བློ་དགའ་སྤྲོ་བ་རབ་ཏུ་བརྟས།
   སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་ཚ་ལུ་ཤང་སྙེ་སྐོར་གྲོང་ཚོ་ནི་མཐའ་བཞི་གངས་རིས་བསྐོར་བའི་གྲོང་ཚོ་ཆུང་ངུ་ཞིག་ཡིན་པ་དང་། སྔོན་མ་སྲོལ་རྒྱུན་གྱི་འབྲོག་ལས་གཙོ་བོར་བརྟེན་དགོས་སྟབས་དཔལ་འབྱོར་གྱི་ཡོངས་ཁུངས་གཞན་མེད། ཉེ་བའི་ལོ་ཤས་རིང་། ཉེ་འཁོར་གྱི“འདབ་པའི་ཉི་རྟེན”སོགས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་སོང་བས་སྙེ་སྐོར་གྲོང་ཚོའི་གྲོང་མི་རྣམས་དེར་ཡིད་སྨོན་ཆེན་པོ་སྐྱེས།
   “ང་ཚོའི་ཕ་ཡུལ་གྱི་ཡུལ་ལྗོངས་ཀྱང་ཧ་ཅང་མཛེས་པོ་ཡོད། གཙོ་བོ་འགྲིམ་འགྲུལ་སྟབས་བདེ་མེད”ཅེས་བློ་དགའ་ཡིས་གསར་འགོད་པར་བརྗོད། ལོ་གཅིག་གོང་དུ་ཡང་སྙེ་སྐོར་གྲོང་ཚོའི་གྲོང་མི་ཕར་འགྲོ་ཚུར་འོང་བྱེད་པར་འབར་ཅིང་འབུར་བ་དང་ཆར་དུས་སྐབས་སུ་འདམ་རྫབ་ཀྱིས་ཁེངས་པའི་འགྲོ་ལམ་འགྲིམ་དགོས་པས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཚོད་འཛིན་ཆེན་པོ་ཕོག
   ཉེ་བའི་ལོ་ཤས་རིང་། ཁྲོན་བོད་གཞུང་ལམ་གྱིས་ལམ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། 2019ལོའི་ཟླ་2པར་ཨར་སྐྲུན་ཚན་པ་སྟེ། ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་ཀུང་སི་གསུམ་པ་སྙེ་སྐོར་གྲོང་ཚོར་བཅའ་སྡོད་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲབས་བྱས།
   གངས་ལྗོངས་ཀྱི་ལམ་བུ་གསར་པ་དེ་འདྲ་ཞིག་ཤར་གཏོང་ཐུབ་པ་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ལོ་གཅིག་གོང་ཐིག་ལེན་ཨར་སྐྲུན་མཁན“ཐང་རྒོད”དེར་ཐོག་མར་ཡོང་སྐབས་གསོ་རླུང་མི་འདང་བ་དང་། ཀྱག་ཀྱོག་གི་ལམ་བུ་མང་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དཀའ་ངལ་དུ་མ་ཁྱད་བསད་བྱས་ཡོད།
   ཨར་སྐྲུན་ལས་མིས་ངོ་སྤྲོད་བྱས་དོན། མཚོ་པུ་རོང་གི་སྣོད་བཅུད་མ་ལག་ཉམས་ཞན་ཡིན་པ་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ཨར་སྐྲུན་རྣམ་གྲངས་པུས་ཧོལ་རྒྱུག་མ་བྱས་པར་ཨར་སྐྲུན་འཆར་འགོད་དང་ལག་རྩལ་གྱི་ཇུས་གཞི་བཀོད་སྒྲིག་ཚགས་ཚུད་བྱས་པ་རེད།
   ས་གནས་དེ་གའི་མི་སེར་དང་སྐྱེ་དངོས་ལ་ལས་ཡུལ་དངོས་ཀྱི་ཐལ་རླུང་སོགས་ཀྱི་ཤུགས་རྐྱེན་མི་ཕོག་པ་བྱ་ཆེད། རྣམ་གྲངས་པུས་ཆུ་སྟོར་འཕྲུལ་འཁོར་བཀོད་སྒྲིག་བྱས་ཏེ་ཉིན་ལྟར་ཨར་སྐྲུན་བྱ་ཡུལ་དུ་ཆུ་སྟོར་གྱི་ཡོད། གཞན་ཡང་ཨར་སྐྲུན་བྱ་ཡུལ་གྱི་ས་རོ་རྡོ་རོ་སོགས་རྣམ་གྲངས་འཛུགས་སྐྲུན་པུས་གཙང་འཕྱག་བྱས་ཏེ་ཉེ་འཁོར་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་དམའ་རུ་གཏོང་གང་ཐུབ་བྱས་པ་རེད།
   སྙེ་སྐོར་གྲོང་ཚོའི་འགྱུར་ལྡོག་ནི་ས་ཆ་དེ་གའི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་པོ་སོང་བའི་བསྡུས་རིས་ལྟ་བུ་ཞིག་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། ཡུལ་སྐོར་ཐོན་ལས་ནི་དཀར་མཛེས་རང་སྐྱོང་ཀྲོའུ་ཡི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཀྲོའུ་ཡིས་ཁུལ་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ཐབས་ཇུས་རྒྱུན་མཐུད་ལག་བསྟར་བྱས་པ་དང་། གྲོང་ཚོར་ཤར་གཏོང་གི་གཞུང་ལམ་མང་པོ་བསྐྲུན་ནས་མི་སེར་ཚོར“ཕྱུག་འགྱུར་ལམ་བུ”བཏོད་ཡོད། 2019ལོར་ཀྲོའུ་དེར་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་3300ལྷག་ཙམ་ཟིན་ནས་གྲོང་མི་མི་ཉུང་བ་ཞིག་ལ་ཡུལ་སྐོར་ཡོང་འབབ་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1