ནང་སོག་ཏུ་བྱི་རིམས་ཐོན་འདུག གཞུང་ཕྱོགས་ནས་ཛ་དྲག་ཉེན་བརྡ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-08



          ཟླ་7ཚེས་6ཉིན། གསར་འགོད་པས་ནང་སོག་གི་པ་ཡན་ནོར་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར། བྱི་རིམས་ཕོག་མཁན་དེའི་ནད་གཞི་ཅུང་བརྟན་འཇགས་ཡིན་ལ། ནད་པ་དང་འབྲེལ་འདྲིས་བྱུང་མཁན་རྗེས་སྙེག་བརྟག་དཔྱད་བྱས་དང་བྱེད་བཞིན་ཡོད་འདུག པ་ཡན་ནོར་གྲོང་ཁྱེར་གྱིས་ཟླ་7ཚེས་5ཉིན་ད་ལྟ་ནས་བཟུང་2020ལོའི་ལོ་མཇུག་བར་ཉེན་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་བ་རེད།

          ཟླ་7ཚེས་5ཉིན། པ་ཡན་ནོར་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱི་སྐད་འཕྲིན་སྤྱི་སྟེགས་སུ་བརྡ་ཁྱབ་སྤེལ་ཏེ། ཚེས་4ཉིན་ཝུའུ་ལ་ཐེ་ཀྲུང་ཆིའི་སྨན་ཁང་གིས་གོང་ཞུ་བྱས་པའི་དོགས་ཡོད་ནད་པ་དེ་བྱི་རིམས་ཕོག་པའི་ནད་དཔེ་ཡིན་པ་གཏན་འཁེལ་བྱུང་ཚུལ་ཡོངས་བསྒྲགས་བྱས། 
          ཉིན་དེར་པ་ཡན་ནོར་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཁྱབ་སྤེལ་ཏེ། ཝུའུ་ལ་ཐེ་ཀྲུང་ཆིའི་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ཝུན་ཀེན་གྲོང་རྡལ་གྱི་འབྲོག་པ་ཞིག་ལ་གཤེར་རྨེན་བྱི་རིམས་ཕོག་པ་ཡོད་ཚུལ་ཁྱབ་བསྒྲགས་བྱས་ལ། ནད་པ་དེ་བྱི་རིམས་ཀྱི་རིམས་ནད་འབྱུང་གནས་སུ་བསྐྱོད་མྱོང་ཡོད་འདུག 
          པ་ཡན་ནོར་གྲོང་ཁྱེར་གྱིས་《ནང་སོག་རང་སྐྱོང་ལྗོངས་ཀྱི་བྱི་རིམས་ཀྱི་སྔོན་བརྡ་གཏོང་བའི་ལག་བསྟར་ཇུས་གཞི་》དང་《རང་སྐྱོང་ལྗོངས་ཀྱི་བྱི་རིམས་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས(2020ལོའི་པར་གཞི)》ཀྱི་བླང་བྱ་ལྟར། ཟླ་7ཚེས་5ཉིན་ནས་བཟུང་སྔོན་ཚུད་ཉེན་བརྡ་བཏང་ལ། ཉེན་བརྡ་དེ་2020ལོའི་ལོ་མཇུག་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།
          ཟླ་7ཚེས་6ཉིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན་མིག་སྔར་ནད་པ་དེའི་ནད་གཞི་བརྟན་འཇགས་ཡིན་པ་དང་། དེ་དང་འབྲེལ་འདྲིས་བྱུང་མཁན་རྗེས་སྙེག་བརྟག་དཔྱད་བྱེད་པའི་ལས་ཀ་མུ་མཐུད་དུ་སྤེལ་བཞིན་ཡོད་འདུག་ལ། ནད་པར་འགོ་ནད་ཚན་ཁག་གི་ནད་ཁང་དུ་ལོགས་བཀར་སྨན་བཅོས་བྱེད་ཀྱི་ཡོད་པས། སྨན་ཁང་གི་ཚན་ཁག་གཞན་དག་རྒྱུན་ལྡན་ཡིན་འདུག
          བྱི་རིམས་ཀྱི་ཁྱད་ཆོས་དང་ནད་རྟགས།
          བྱི་རིམས་ནི་ཡེར་སེན་འབུ་ཕྲ་ཡིས་བསླངས་པའི་འགོས་ནད་རྙིང་པ་ཞིག་ཡིན། འགོས་ནད་རིམ་པ་ཀ་བར་གཏོགས། སྤྱིར་ཉིན་1ནས་6བར་ནད་རྟགས་ཐོན་པ་ཡིན་མོད། ཉིན་8ནས་9བར་ནད་རྟགས་མི་ཐོན་མཁན་ཡང་ཡོད།
          བྱི་རིམས་ཕོག་མཁན་གྱི་ནད་རྟགས་ལ་གཤེར་རྨེན་བྱི་རིམས་དང་གློ་བའི་བྱི་རིམས། ཁྲག་དུག་ཅན་གྱི་བྱི་རིམས་སོགས་ཡོད།
          དེ་དག་ལས་གཤེར་རྨེན་བྱི་རིམས་ཐོན་མང་ཤོས་ཡིན་ལ། གཤེར་རྨེན་བྱི་རིམས་ལ་མྱུར་གཤིས་རྨེན་མདུད་ཚ་ནད་བྱུང་བ་དང་དྲག་སྐྱེད་འབྱུང་ཚད་མཐོ་བའི་ཁྱད་ཆོས་ཡོད།
          གཤེར་རྨེན་བྱི་རིམས་ཕོག་ཚེ། གློ་བུར་དུ་གྲང་འདར་རྒྱག་པ་དང་། ཚ་བ་རྒྱས་པ། མགོ་ན་བ། ཐང་ཆད་པ། ལུས་ཡོངས་ན་བ། སྐྱུག་མེར་ལངས་པ་དང་སྐྱུག་པ། སེམས་མི་སྐྱིད་པ། སྐྱི་པགས་འཆག་པ། ཁྲག་ཐོན་པ་སོགས་ཀྱི་ནད་རྟགས་མངོན་པ་ཡིན། བྱི་བའི་ལྗི་བས་སོ་བཏབ་ཤུལ་སྐྲངས་ནས་ན་ཟུག་སྐྱེད་པ་དང་། ཉིན་2~4ནང་ཆེས་ཆེར་སྐྱེད་པ་ཡིན། ཐེར་ཁུགས་གཙོས་པའི་མཆན་འོག་དང་མགྲིན་པ། མ་མགལ་འོག་ལ་རྨེན་མདུད་བྱུང་བ་ཡིན།
          རྨེན་མདུད་ཀྱི་མཐའ་འཁོར་དུ་གཉན་ཚད་དྲག་པོ་བྱུང་ནས་སྡོད་ཀྱང་མི་ཚུགས་པར་འགྱུར་བ་ཡིན་ལ། དུས་ལྟར་གསོ་བཅོས་མ་བྱས་ན། རྨེན་མདུད་ལས་རྣག་ཟགས་ཤིང་ཉིན་3-5ཡི་ནང་ཁྲག་ནད་སོགས་ཀྱིས་ཤི་བ་ཡིན། དུས་ལྟར་སྨན་བཅོས་བྱས་རིགས་སམ་ནད་གཞི་ཡང་མོའི་ནད་པའི་སྐྲངས་རྨེན་རིམ་གྱིས་ཞི་ཞིང་དྲག་སྐྱེད་འབྱུང་བ་ཡིན།

          འཕྱི་བ།
          བྱི་རིམས་ཀྱི་འགོ་ལམ།
          བྱི་རིམས་ནི་བྱི་བ་དང་འཕྱི་བ་སོགས་སོ་མི་བརྗེ་བའི་སྲོག་ཆགས་ལུས་སྟེང་གི་བྱི་རིམས་འབུ་ཕྲ་ནས་བྱུང་བ་ཡིན།
          1.བྱི་བའི་ལུས་ཀྱི་ལྗི་བའི་འགོ་མཆེད།
          བྱི་བའི་ལྗི་བ་ནི་བྱི་རིམས་འགོས་མཆེད་གཏོང་མཁན་གཙོ་བོ་ཡིན་ལ། དེས་མི་ལ་སོ་བཏབ་ཚེ་བྱི་རིམས་ཀྱི་མ་གཟུགས་ཡེར་སེན་འབུ་ཕྲ་མི་ལ་འགོས་ཏེ། བྱི་རིམས་མི་ལ་འགོ་བ་ཡིན། 
          2.དབུགས་ལམ་འགོ་མཆེད།
          བྱི་རིམས་ཕོག་མཁན་གྱི་མཆིལ་ཟེགས་སུ་བྱི་རིམས་ཡེར་སེན་འབུ་ཕྲ་མང་པོ་འདུས་ཡོད་པས། དབུགས་ལམ་བརྒྱུད་ནས་མི་དང་མིའི་བར་འགོས་མཆེད་འགྲོ་བ་ཡིན།
          3.སྐྱི་པགས་འགོས་ཁྱབ། 
         རེག་ཐུག་འགོས་ཁྱབ། བདེ་ཐང་གི་མིའི་རལ་སྐྱོན་བྱུང་བའི་པགས་པའི་འབྱར་སྐྱི་ནད་པའི་རྣག་ཁྲག་དང་ཁ་ལུད། ཡང་ན་སོ་མི་བརྗེ་བའི་སྲོག་ཆགས་ཀྱི་ཁྲག་གཤེར་སོགས་དང་ཕྲད་ཚེ་བྱི་རིམས་འགོས་ཁྱབ་འགྲོ་བ་ཡིན།

          འཕྱི་བ།
          མི་ཚོས་འགོག་ཟོན་ཇི་ལྟར་བྱ་དགོས་སམ་ཞེ་ན།
          ཆེད་མཁས་པས་དྲན་སྐུལ་ཞུ་རྒྱུར། བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་“མི་བྱེད་པ་གསུམ་དང་སྙན་སེང་ཞུ་བ་གསུམ་”གྱི་བླང་བྱ་ལྟར་འགོག་སྲུང་ནན་མོ་བྱས་ཏེ། རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ནུས་པ་ཇེ་ཆེར་གཏོང་དགོས།  
          1.“མི་བྱེད་པ་གསུམ་”ཞེས་པ་ནི། རང་དགར་རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་རྔོན་མི་རྒྱག་པ་དང་། རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་ཁ་ཟས་སུ་མི་བྱེད་པ། རང་དགར་རིམས་ནད་འབྱུང་ཁུངས་སྲོག་ཆགས་དང་དེའི་ཐོན་རྫས་འཁྱེར་བའི་ལས་མི་བྱེད་པ་བཅས་ཡིན།
          2.“སྙན་སེང་ཞུ་བ་གསུམ་”ཞེས་པ་ནི། ནད་བྱུང་བའི་(ཤི་བ)བྱི་བ་སོགས་མཐོང་དུས་དུས་ལྟར་སྙན་སེང་ཞུ་བ་དང། བྱི་རིམས་ཕོག་པའི་དོགས་ཡོད་ནད་པ་བྱུང་དུས་སྙན་སེང་ཞུ་བ། རྒྱུ་རྐྱེན་གསལ་པོ་མེད་པའི་ཚ་བ་ཆེ་བའི་ནད་པ་དང་གློ་བུར་དུ་ཤི་བའི་ནད་པ་བྱུང་ཚེ་སྙན་སེང་ཞུ་བ་བཅས་ཡིན།
          3.མི་སྒེར་ལ་གཙང་སྦྲ་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པར་བྱེད་དགོས། མི་ཚོགས་ཆེ་བའི་གནས་སུ་འགྲོ་མི་དགོས་ཐབས་བྱེད་དགོས། སྨན་ཁང་དུ་སྨན་པ་བསྟེན་པའམ་ཡང་ན་མི་སྒེར་ལ་ཚ་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་འབྲེལ་ཡོད་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་ཁ་རས་རྒྱག་དགོས།
          4.རང་ཉིད་ནད་དཔེ་ལ་འབྲེལ་འདྲིས་བྱུང་བའི་དོགས་པ་ཡོད་ན་ས་གནས་དེ་གའི་ནད་ཡམས་སྔོན་འགོག་སྡེ་ཁག་ལ་རང་འགུལ་གྱིས་ཡར་ཞུ་བྱས་ནས་ཆེད་ལས་མི་སྣར་བསྟེན་དགོས། ཚ་བ་རྒྱས་པ་དང་གློ་ལུ་བ། རྨེན་མདུད་ན་བ། ཁྲག་ལུ་བ། ཁྲག་རྡོལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ་དུས་ལྟར་སྨན་པར་སྟོན་དགོས།
          5.ཡུལ་སྐོར་དུ་འགྲོ་སྐབས་བདེ་ཐང་གནས་ཚུལ་མི་གསལ་བའི་འཕྱི་བ་གཙོས་པའི་རི་སྐྱེས་སྲོག་ཆགས་ལ་མི་བཅར་བ་དང་། ལྗི་བ་འགོག་སྲུང་ཡག་པོ་བྱེད་པ། ལྗི་བའི་འགོག་སྨན་སྤྱོད་པ། རང་དགར་རི་སྐྱེས་སྲོག་ཆགས་རྔོན་པ་དང་ཤ་ཟ་བའི་ལས་མི་བྱེད་པ་བཅས་བྱེད་དགོས།
          རང་རྒྱལ་གྱི་བྱི་རིམས་རིམས་ནད་ཀྱི་གནས་ཚུལ།
          བྱི་རིམས་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་བ་ཡིན།  ལོ་རྒྱུས་ཐོག་འཛམ་གླིང་རང་བཞིན་གྱི་བྱི་རིམས་ཐེངས་གསུམ་བྱུང་མྱོང་ལ། སྔོན་ཆད་མི་ཚོས་དེ་ལ་“ཤི་ནད་”ཅེས་ཀྱང་འབོད། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་རང་རྒྱལ་གྱི་རིམས་ནད་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན།
          ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྲིད་གཞུང་གིས་བྱི་རིམས་ལ་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བས་གནས་ཚུལ་ཇེ་ལེགས་སུ་ཕྱིན་ལ། ལོ་རབས་80པའི་ནང་ཆ་སྙོམས་ལོ་རེར་ནད་པ20ཙམ་ལས་མེད་པར་གྱུར། ལོ་རབས་90པར་རང་རྒྱལ་ལྷོ་ཕྱོགས་སུ་བྱི་རིམས་དུས་ཡུན་ཐུང་ངུའི་ནང་འཕར་བའི་གནས་ཚུལ་ཞིག་ཐོན་མྱོང་། 2010ལོ་ནས་བཟུང་ལོ་རེར་ནད་དཔེའི་སྙན་ཞུ་རེ་ཐ་རེ་ཐོ་རེ་ཙམ་འབྱུང་གི་ཡོད་ལ། གཙོ་བོ་རང་རྒྱལ་ནུབ་བྱང་གི་ཞིང་ཆེན་ཁག་ཏུ་གཅིག་སྡུད་བྱས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1