ཨ་རི་སང་ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་རྒྱུ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-09



    ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེསས་7ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས། ཨ་རིས་ཚེས་6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ལ་བརྡ་བཏང་ནས་སང་ལོའི་ཟླ་7པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་རྒྱུ་ཡིན་པར་བཤད། 
 ཏི་ཡ་ལི་ཁེ་ཡིས་ཉིན་དེར་སྦྲག་ཡིག་བརྒྱུད་ནས་སྨྱན་སྦྱོར་ལ་བདེན་དཔང་བྱས་དོན། ཨ་རིས་ཚེས་6ཉིན། ཀུའུ་ཐེ་ལེ་སི་ལ་དངོས་སུ་བརྡ་བཏང་ནས་2021ལོའི་ཟླ་7པའི་ཚེས་6ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་རྒྱུ་ཡིན་པར་བཤད་པ་དང་། ཀུའུ་ཐེ་ལེ་སིས་ཨ་རི་རྩ་འཛུགས་དེ་ནས་ཕྱིར་འབུད་ཆོག་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་མེད་ཐད་ལ་ཞིབ་དཔྱད་བྱེད་བཞིན་ཡོད། 
    ཏི་ཡ་ལི་ཁེ་ཡིས། ཨ་རི་ནི་1948ལོའི་ཟླ་6ཚེས་21ཉིན་ནས་བཟུང《འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྩ་འཛུགས་བཅའ་ཁྲིམས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཡིན། ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་ཞུགས་སྐབས་སུ་བཀོད་སྒྲིག་བྱས་པའི་ཆ་རྐྱེན་ལ་གཞིགས་ན། ཨ་རི་དངོས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་དགོས་ན་ལོ་གཅིག་གི་སྔོན་ལ་རེ་ཞུ་བྱས་དགོས་པ་དང་། ད་དུང་འབྲེལ་ཡོད་ནོར་སྲིད་ཀྱི་འོས་འགན་བསྒྲུབ་དགོས་པ་བཤད། 
    ཨ་རིའི་གྲོས་ཁང་གོང་མའི་ཕྱི་འབྲེལ་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དམངས་གཙོ་ཏང་གི་གྲོས་མི་རའོ་པོ་ཐི་མའེ་ནེན་ཏི་སི་ཡིས་ཚེས་7ཉིན། ཙུང་ཐུང་ཐེ་རོན་ཕུས་རྒྱལ་ཚོགས་ལ་དངོས་སུ་ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འབུད་རྒྱུ་ཡིན་པའི་བརྡ་བཏང་ཡོད། མའེ་ནེན་ཏེ་སིས་བྱེད་ཐབས་འདིས་ཨ་རིའི་མི་དམངས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་ཐབས་མེད་ལ། ཨ་རིའི་ཁེ་ཕན་ཡང་སྲུང་སྐྱོང་བྱེད་ཐབས་བྲལ། དེས་ཨ་རིའི་མི་དམངས་སྡུག་ལ་སྦྱོར་སྲིད་ཅིང་གྲོགས་མེད་ཁེར་རྐྱང་གི་གནས་སུ་ལྷུང་འཇུག་སྲིད་ཅེས་བཤད། 
    ད་ལོའི་ཟླ་5ཚེས་29ཉིན། ཐེ་རོན་ཕུས་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“ཨ་རི་ཕྱོགས་ཀྱིས་བཏོན་པའི་སྒྱུར་བཅོས་དང་ལེན་མ་བྱས་པའི”དབང་གིས། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་གྱི་འབྲེལ་བ་མཚམས་འཇོག་རྒྱུ་དང་། རྩ་འཛུགས་དེ་ལ་སྤྲོད་དགོས་པའི་ཚོགས་དངུལ་དེ་གནས་གཞན་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་བཤད། བྱེད་ཐབས་འདི་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རིའི་རྒྱལ་ནང་ནས་སྐྱོན་བརྗོད་དྲག་པོ་བྱས་ཡོད། སྐྱོན་བརྗོད་བྱེད་མཁན་གྱིས་ཐེ་རོན་ཕུ་ཡིས་ཨ་རིའི་སྲིད་གཞུང་གིས་རིམས་ནད་ལ་ཁ་གཏད་ཡག་པོ་འཇལ་མ་ཐུབ་པའི་འགན་འཁྲི་གཞན་ལ་དཀྲི་བ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་མཉམ་ལས་ལ་གཏོར་བཤིག་གཏོང་རྒྱུ་ཡིན་པ་ངོས་འཛིན་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1