རྒྱ་གར་དུ་ཏོག་གསར་གློ་ཚད་འགོས་མཁན་ས་ཡ་གཅིག་ལ་ཉེ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-09



     ཤིན་ཧྭ་གསར་འགྱུར་ཁང་རྡི་ལི་གསར་པ་ནས་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་རྒྱུན་མི་ཆད་པར་མཆེད་པ་དང་བསྟུན་ནས། ཚེས་7ཉིན་རྒྱ་གར་རྒྱལ་ཡོངས་སུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་འབུམ་7ལས་བརྒལ་ལ། ཚེ་འདས་ནད་དཔེ་ཁྲི་2ལས་བརྒལ་བ་རེད། ཉེ་ཆར། རྒྱ་གར་དུ་ཉིན་གཅིག་ནང་གསར་དུ་འཕར་བའི་ནད་དཔེ་ཁྲི་2ཡན་རྐྱང་རེད། རྒྱ་གར་གྱི་སྨྱན་སྦྱོར་མང་པོས་འབྱུང་འགྱུར་གྱི་ཉིན་10ནང་རིམ་རྩིས་བྱས་པའི་ནད་གཞི་གཏན་འཁེལ་གྱི་ནད་དཔེ་ས་ཡ་གཅིག་ལས་བརྒལ་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད།
     རྒྱ་གར་འཕྲོད་བསྟེན་པུའི་ཚེས་7ཉིན་གྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་8ཉིན(པེ་ཅིང་དུས་ཚོད་ཚེས་7ཉིན་གྱི་ཆུ་ཚོད་5དང་སྐར་མ་30)བར། རྒྱ་གར་དུ་གཏན་འཁེལ་བྱུང་བའི་ནད་དཔེ་22252གསར་འཕར་བྱུང་ལ། རིམ་རྩིས་བྱས་ན་ནད་དཔེ་719665ཟིན་ཡོད། ཚེ་འདས་ནད་དཔེ་467གསར་འཕར་བྱུང་ལ། རིམ་རྩིས་བྱས་ན་ནད་དཔེ་20160ཟིན་ཡོད། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་བའི་ནད་དཔེ་439948ཟིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་གར་གྱི་རིམ་རྩིས་བྱས་པའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེའི་གྲངས་འབོར་དེ་གླིང་ཆེན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཁྲོད་མང་ཤོས་ཡིན་འདུག
ད་ཆ་རྒྱ་གར་རིམས་ནད་གནས་མང་པོ་ནས་ཐོན་པའི་དུས་རིམ་དུ་སླེབས་ཡོད། དུས་འགོར། རྒྱ་གར་རིམས་ནད་ཀྱི་ལྟེ་བ་དེ་འབོམ་སྦེ་གྲོང་ཁྱེར་དང་དེ་གནས་པའི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེ་ཡིན། དེ་རྗེས་རྒྱལ་ས་རྡི་ལི་གསར་པ་རིམ་གྱིས་རིམས་ནད་ཀྱི་ལྟེ་བར་གྱུར་བ་མ་ཟད། ཟླ་6པའི་ཟླ་མཇུག་ཏུ་འབོམ་སྦེ་ལས་བརྒལ་ནས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་མང་ཤོས་ཀྱི་གྲོང་ཁྱེར་དུ་གྱུར། ཟླ་5པའི་ཟླ་མཇུག་ནས་བཟུང་ཅིན་ནའེ་གྲོང་ཁྱེར་དང་དེ་གནས་པའི་ཐའེ་སྨིར་ན་ཏེ་མངའ་སྡེའི་ནད་དཔེ་གྲངས་འབོར་ཡང་མགྱོགས་མྱུར་ངང་འཕར་ནས། རིམས་ནད་ཀྱི་ལྟེ་བ་གསར་པར་གྱུར་ཡོད།  
     གོང་གསལ་ས་ཁུལ་གསུམ་གྱི་རིམ་རྩིས་བྱས་པའི་ནད་དཔེའི་གྲངས་འབོར་དེ་རྒྱལ་ཡོངས་བསྡོམས་འབོར་གྱི་60%ལས་བརྒལ་ཡོད། དེ་མིན། ཟླ་7པ་ནས་བཟུང་ཀུའུ་ཅི་ལ་ཐེ་མངའ་སྡེ་དང་བྱང་ཕྱོགས་མངའ་སྡེ་སོགས་ཀྱི་ཉིན་རེའི་ནད་དཔེ་གསར་པ་བྱུང་ཚད་ཀྱང་མགྱོགས་པོར་འཕར་བས་རིམས་ནད་ཐོན་མང་བའི་ས་ཁུལ་གསར་པར་འགྱུར་སྲིད།
     རྒྱ་གར་གྱི་སྨྱན་སྦྱོར་མང་པོས་མིག་སྔའི་རིམས་ནད་ཀྱི་འཕེལ་ཕྱོགས་དང་ཟུང་འབྲེལ་བྱས་ན། རྒྱ་གར་གྱི་གཏན་འཁེལ་བྱས་པའི་རིམ་རྩིས་ནད་དཔེ་གཟའ་འཁོར་རྗེས་མར་ས་ཡ་གཅིག་ལས་བརྒལ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད། 
     《མིང་ཐེ་ཚགས་པར》ཐོག་ཚེས་4ཉིན་གནས་ཚུལ་སྤེལ་ནས། རྒྱ་གར་གྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་ཚེ་འདས་ནད་དཔེ་འདས་པའི་ཉིན་20ཡི་ནང་ཧ་ལམ་ལྡབ་གཅིག་ཙམ་འཕར་ཡོད། གལ་ཏེ་མྱུར་ཚད་འདིའི་ཐོག་མུ་མཐུད་འཕར་ཚེ། ཟླ་7ཚེས་7ཉིན་ནད་དཔེ་འབུམ་7ཟིན་རྒྱུ་དང་ཉིན་10སོང་རྗེས་ནད་དཔེ་ས་ཡ་གཅིག་ལས་བརྒལ་རྒྱུ་རེད་ཅེས་བརྗོད། 
     ཚེས་5ཉིན་རྒྱ་གར་གྱི“པར་འདེབས”དྲ་ཚིགས་ཀྱིས་རྒྱ་གར་གསོ་རིག་ཞིབ་འཇུག་ལས་འཛིན་ལྷན་ཚོགས་ཀྱི་སྙན་ཞུ་ལུང་དྲངས་ནས། མིག་སྔར་རྒྱ་གར་གྱི་ནད་དུག་ཞིབ་དཔྱད་ཚད་ལེན་དང་ལེན་བྱེད་མཁན་100རེའི་ཁྲོད་མི་10ཙམ་ནད་གཞི་གཏན་འཁེལ་བྱས་ཡོད།   ཟླ་6ཚེས་28ཉིན་ནས་ཟླ་7ཚེས་4ཉིན་བར་གདགས་གཤིས་མངོན་ཚད་ནི་9.25%ཡིན། དུས་འཁོར་སྔོན་མའི་ནང་གི་གདགས་གཤིས་ཀྱི་ཚད་8.29%ལས་བརྒྱ་ཆའི་གཞི་གྲངས་གཅིག་ཙམ་འཕར་ཡོད། དེས་རིམས་ནད་མཆེད་ཚད་མགྱོགས་སུ་ཕྱིན་པ་དང་སྡེ་ཁུལ་དུ་མཆེད་ཚད་ཅུང་མཐོ་བ་གསལ་བཤད་ཐུབ་ཡོད་ལ། ནད་གཞི་ཡང་བའི་ནད་པ་དང་ནད་རྟགས་མེད་པའི་ནད་པ་མང་པོ་ད་དུང་ཤེས་རྟོགས་ཐུབ་མེད་པའང་མཚོན་གྱི་ཡོད་ཅེས་བརྗོད་པ་རེད། 
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པར་གཞིགས་ན། རིམས་ནད་ལ་ཚོད་འཛིན་ཐུབ་པའི་མཚོན་རྟགས་ནི་གཟའ་འཁོར་གཉིས་རིང་བསྟུད་མར་གདགས་གཤིས་ཀྱི་ཚད་5%ལས་དམའ་བ་ཡིན། གདགས་གཤིས་ཀྱི་ཚད་10%ལས་བརྒལ་ཚེ། ཞིབ་དཔྱད་ཚད་ལེན་གྱིས་ད་དུང་ནད་དཔེ་འཕར་བའི་གོམ་སྟབས་ཀྱི་རྗེས་ཟིན་མེད་པ་མཚོན་པ་རེད། 
     རིགས་གཅིག་མཁས་ཅན་གྱིས། ཉེ་དུས་རྒྱ་གར་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་མགྱོགས་མྱུར་ངང་འཕར་བའི་རྒྱུ་མཚན་ནི་ཞིབ་དཔྱད་ཚད་ལེན་ནུས་པ་ཆེ་རུ་བཏང་བ་དང་ས་གནས་ཁག་གིས་དོ་དམ་ཚོད་འཛིན་ལྷོད་དུ་བཏང་བའི་རྒྱུ་རྐྱེན་ཆེན་པོ་གཉིས་ཡིན་པའི་ངོས་འཛིན་བྱས་པ་རེད།
     རྒྱ་གར་གྱིས་ཉེ་བའི་ཟླ་གཉིས་རིང་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་བཏང་ཡོད། རྒྱ་གར་གསོ་རིག་ལས་འཛིན་ལྷན་ཚོགས་ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ཟླ་7ཚེས་6ཉིན་བར་རྒྱ་གར་གྱིས་མི་ཐེངས་བྱེ་བ་1ལས་བརྒལ་བར་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཚེས་6ཉིན་ཞིབ་དཔྱད་ཚད་ལེན་གྱི་མི་ཐེངས་འབུམ་2ཁྲི་4ལས་བརྒལ་ཡོད་པ་རེད། དེ་དང་བསྡུར་ན་ཟླ་5པའི་ཟླ་འགོར་རྒྱ་གར་དུ་རིམ་རྩིས་བྱས་ན་ཞིབ་དཔྱད་ཚད་ལེན་བྱས་པའི་མི་ཐེངས་འབུམ་8ལས་མེད་པ་རེད།
     གཞན་ཡང་། རིམས་ནད་ཅུང་ཚབས་ཆེ་བའི་ས་ཁུལ་དུ་སྔར་བཞིན་དོ་དམ་ཚོད་འཛིན་ནན་པོ་བྱེད་བཞིན་པ་ཕུད། རྒྱ་གར་གྱི་ས་ཁུལ་མང་ཆེ་བ་བཀག་སྡོམ་མེད་པ་བཟོ་བའི་དུས་རིམ་གཉིས་པར་སླེབས་ཡོད། རྒྱ་གར་གྱིས་ཟླ་7པའི་ཟླ་སྟོད་ནས་བཟུང་རྒྱལ་ནང་གི་དུས་གཏན་གནམ་གྲུ་དང་། ལྕགས་ལམ། དེ་བཞིན་ཚོང་ལས་བྱེད་སྒོ་གཞན་དག་བཅས་ཀྱི་ཚོད་འཛིན་སྔར་བས་ལྷུག་ཏུ་བཏང་བ་རེད། རྒྱ་གར་དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་གྱི་གཞི་གྲངས་ལས་མངོན་པར་གཞིགས་ན། མིག་སྔར་དམངས་སྤྱོད་མཁའ་འགྲུལ་ཉིན་རེའི་འཕུར་འབབ་བྱེད་ཚད་ཐེངས་1600ཙམ་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་7པའི་ཟླ་དཀྱིལ་དུ་རྒྱལ་ནང་གི་དུས་གཏན་གནམ་གྲུ་དེ་རིམས་ནད་མ་ཐོན་གོང་གི་ཆུ་ཚད་ཀྱི་ཕྱེད་ཀ་ཙམ་ལ་སླར་གསོ་བྱུང་རྒྱུ་རེད།
     རྒྱ་གར་གྱིས་ལས་ཐོན་བསྐྱར་ཚུགས་བྱས་པ་དེས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོན་ཤུགས་སྦྱིན་ཡོད། བྱང་ཕྱོགས་མངའ་སྡེའི་ལག་ཐོགས་ཁ་པར་བཟོ་གྲྭ་ཞིག་གིས་གསར་འགོད་པར་ཟླ་6པ་ནས་བཟུང་ས་གནས་དེ་གའི་སྲིད་གཞུང་གིས་རྒྱུན་མི་ཆད་པར་བཟོ་གྲྭར་གང་མགྱོགས་ལས་ཐོན་བསྐྱར་ཚུགས་ཡོང་དགོས་པའི་བླང་བྱ་བཏོན་པས་ཐོན་སྐྱེད་སྒྲུབ་རིམ་གྱི་བཟོ་པ་ཕན་ཚུན་བར་ནད་འགོ་བའི་ཉེན་ཁ་ཆེ་རུ་བཏང་ཡོད། ཉེ་ཆར་བཟོ་པ་བསྡུ་ཐེངས་གཅིག་གི་ནང་། ཁ་རྒྱུགས་ནང་ཞུགས་པའི་མི་200ཡི་ནང་མི་80ལ་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་རྗེས་གདགས་གཤིས་མངོན་པས། རིམས་ནད་ཚོད་འཛིན་མ་ཐུབ་གོང་ལས་ཐོན་བསྐྱར་ཚུགས་ཀྱི་ཉེན་ཁ་མངོན་གསལ་དོད་པོ་ཡོད་པ་མངོན་ཡོད་ཅེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1