བོད་ཀྱི་སློབ་མ་ལོང་བ་གཉིས་མཐོ་རྒྱུགས་ནང་ཞུགས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། 07-09


          དེ་རིང་ནི་སྤྱི་ལོ་༢༠༢༠ལོའི་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་གཏོང་འགོ་ཚུགས་པའི་ཉིན་མོ་རེད།  གསར་འགོད་པས་སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར།  འདི་ལོར་ཧྲན་ཤི་དང་། ཨན་ཧུད། ཧྲང་ཧེ། བོད་ལྗོངས་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སུ་ལོང་བའི་ཡིག་རྒྱུགས་གཏོང་མཁན་སློབ་མ་༥ཡོད་པ་དང་།  དེའི་ཁྲོད་དུ་བོད་ལྗོངས་སུ་བོད་རིགས་སློབ་མ་ལོང་བ་གཉིས་ཡོད་ཅིང་།  ཁོ་གཉིས་ཀྱིས་ལོང་བའི་བོད་ཡིག་ཡིག་ཚད་བཏང་ཡོད་པ་རེད།  

          ལོང་བའི་མཐོ་རྒྱུགས་འདོན་མཁན་ནང་དུ།  མཐོ་རྒྱུགས་ཡིག་ཚད་གཏན་འཁེལ་ཚོ་ཆུང་གི་ཁོངས་མི་ཕུད།  ད་དུང་འབྲེལ་ཡོད་ལོང་བའི་སློབ་གསོའི་ཆེད་ལས་མཁས་པ་ཡོད་པ་རེད།  ཡིག་རྒྱུགས་པར་འདེབས་རྙོག་འཛིང་ཆེ་བ་དང་། ལོང་ཡིག་གྲུ་བཞི་རེ་ཡི་གེ་གཅིག་ཡིན་པ་དང་། ཡི་གེ་གཅིག་ཚེགས་དྲུག་ལས་གྲུབ་ཅིང་།  ཚེགས་དེ་དག་གི་གནས་སྟངས་ལ་བརྟེན་ནས། དོན་མི་འདྲ་བ་སྟོན་གྱི་ཡོད།  སྤྱིའི་ཆ་ནས་ལོང་ཡིག་གྲུ་བཞི་གཉིས་ཀྱིས་རྒྱ་ཡིག་ཡིག་འབྲུ་གཅིག་གི་དོན་སྟོན་གྱི་ཡོད།   
          ལོང་བས་ཡིག་ཚད་གཏོང་བའི་སྐབས་སུ་ལག་པས་རེག་ནས་ཡིག་ཚད་ཀྱི་དྲི་གཞིར་ལན་འདེབས་དགོས་ཀྱི་ཡོད་པས།  དུས་ཚོད་ཐད་བདེ་ཐང་སློབ་མ་ལས་མང་ཞིང་།  སློབ་བསྡུའི་སྐབས་སྐར་གྲངས་ཀྱང་སློབ་མ་དཀྱུས་མ་དང་མི་འདྲ་ལ།  སྐར་མ་ཁ་སྣོན་སོགས་ཀྱི་གཟིགས་སྐྱོང་མེད། 
 
          མཐོ་རྒྱུགས་འོས་མཚམས་དང་སྟབས་བདེ་ཞེས་པའི་ནང་གཏན་འབེབས་བྱས་པར། མིག་ཤེས་ཉམས་པའི་ཡིག་རྒྱུགས་གཏོང་མཁན་སློབ་མར་ལོང་བའི་ཡིག་རྒྱུགས་དང་། ཡི་གེ་ཆེ་བའི་ཡིག་རྒྱུགས།  ཡིག་རྒྱུགས་དཀྱུས་མ་བཅས་སྤྱད་དགོས་ཤིང་།  དྲི་ལན་འདེབས་པར་དགོས་ངེས་ཀྱི་ལོང་བའི་སྨྱུ་གུ་དང་།  ལོང་ཡིག་འབྲི་དེབ། ལོང་ཡིག་རི་མོའི་ལག་ཆ།  ཚི་སྣའི་གདན། གསོག་འཇོག་ནུས་པ་མེད་པའི་ལོང་ཡིག་ཡིག་བཏགས་འཕྲུལ་ཆས།  གསོག་འཇོག་ནུས་པ་མེད་པའི་གློག་རྡུལ་ཉན་བྱེད་འཕྲུལ་ཆས།  ལོང་བའི་འཁར་བ། གློག་སྒྲོན། འོད་རིག་པའི་ཆེ་ཤེལ་སོགས་ཀྱི་རོགས་སྐྱོར་འཕྲུལ་ཆས་སམ་སྒྲིག་ཆས་འཁྱེར་ཆོག་གི་ཡོད།  ལོང་བའི་སློབ་མས་ཡིག་ཚད་དེའི་དུས་ཚོད་ཡོངས་ཀྱི་རྨང་གཞིའི་ཐོག་བརྒྱ་ཆའི་༥༠ནར་འགྱངས་བྱེད་ཆོག་གི་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1