གསོ་རིག་མཁས་པ་ཀྲུང་གོར་ཏོག་གསར་རིམས་ནད་ཁུངས་འདེད་བྱེད་པར་ཡོང་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-10



    མིཟླ་7ཚེས་8ཉིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་8ཉིན་ར་སྤྲོད་བྱས་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པ་ཀྲུང་གོར་ཡོང་ནས་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་མཉམ་ལས་བྱས་ཏེ་ནད་དུག་ཁུངས་འདེད་ལས་དོན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་པོའི་རིགས་གཅིག་མཁས་ཅན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ལས་ཀའི་ཁྱབ་ཁོངས་དང་ལས་འགན་ཡིག་ཆ་ཞིབ་འཇུག་བྱ་རྒྱུ་རེད།
   ཀྲའོ་ལི་ཅན་གྱིས་ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་སྤེལ་སྐབས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་ཚོས་ནད་དུག་འབྱུང་རྩ་དང་འགོས་ལམ་ཐད་ཀྱི་གོ་ལ་ཧྲིལ་པོའི་ཚན་རིག་ཞིབ་འཇུག་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཞུགས་ནས་ཏོག་གསར་གློ་ཚད་དང་འབྲེལ་བ་ཡོད་པའི་གྲོས་ཆོད་བཏོན་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཙོ་ཁྲིད་འོག་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ནད་དུག་སྲོག་ཆགས་ཀྱི་འབྱུང་རྩ་སོགས་ཀྱི་ཁྱབ་ཁོངས་ཐད་ཀྲུང་གོས་མཉམ་ལས་བྱས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཤད། 
    ཀྲའོ་ལི་ཅན་གྱིས། རིམས་ནད་ཐོན་པ་ནས་བཟུང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འབྲེལ་གཏུག་དང་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད་པ་སྟེ། ཁོང་གིས་འདས་ཟིན་པའི་དུས་ཡུན་ནང་རྒྱལ་ཁབ་མང་པོར་བྱུང་བའི་འགོས་ནད་རང་བཞིན་གྱི་རིམས་ནད་ལས་གསལ་པོར་བསྟན་དོན། གསར་དུ་བྱུང་བའི་ནད་དུག་རང་བཞིན་གྱི་ནད་རིགས་ཁུངས་འདེད་ཀྱི་ལས་དོན་ཧ་ཅང་རྙོག་འཛིང་ཆེ། འཆར་འགོད་ལེགས་པོ་དང་ཚན་རིག་ཞིབ་འཇུག་རབ་དང་རིམ་པ་ལག་བསྟར་བྱས་ན། ནད་དུག་སྲོག་ཆགས་ཀྱི་ནད་བདག་དང་འགོས་ལམ་རྒྱུས་ལོན་བྱེད་པར་སྐུལ་འདེད་བྱེད་ཐུབ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཛ་དྲག་རྣམ་གྲངས་ལག་བསྟར་ཀྲུའུ་རེན་རུའེ་ཨན་གྱིས། ནད་དུག་གི་འབྱུང་རྩ་ནི་ཧ་ཅང་རྙོག་འཛིང་ཆེ། དེའི་འཕེལ་རིམ་སྐུལ་འདེད་གཏོང་བ་དང་བསྟུན་ནས། ནད་དུག་གི་འབྱུང་ཁུངས་མང་པོ་ཡོད་སྲིད་པའི་རང་བཞིན་ལ་གུ་ཡངས་ཀྱི་རྣམ་འགྱུར་འཛིན་དགོས་པ་བསྟན། 
    “ཕྱོགས་གཉིས་པོས་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་པེ་ཅིང་དུ་ཡོང་ནས། ཀྲུང་གོའི་ཚན་རིག་མཁས་ཅན་དང་གསོ་རིག་ཆེད་མཁས་པ་བར་ཏོག་གསར་གློ་ཚད་ནད་དུག་ཁུངས་འདེད་ཀྱི་ཚན་རིག་མཉམ་ལས་ཀྱི་འབྲེལ་ཡོད་ལས་དོན་ཐད་མཉམ་ལས་སྤེལ་རེས་བྱ་རྒྱུར་མོས་མཐུན་བྱས་པ་རེད།” ཀྲའོ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་གཞི་རྩའི་ངོས་འཛིན་གཅིག་མཐུན་ཡོད་པ་སྟེ། ཁུངས་འདེད་ནི་ཚན་རིག་གི་གནད་དོན་ཞིག་ཡིན་པས། ཚན་རིག་པས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་དང་མཉམ་ལས་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་ཁུངས་འདེད་ནི་རྒྱུན་མཐུད་འཕེལ་རྒྱས་བརྒྱུད་རིམ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་མང་པོ་དང་ས་ཆ་མང་པོ་དང་འབྲེལ་བ་ཡོད་སྲིད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་མཁོ་ལྟར་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་དེ་དང་འདྲ་བའི་རྟོག་ཞིབ་བྱེད་དགོས་པར་འདོད་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1