ཧ་བུར་དྷི་སློབ་ཆེན་གྱིས་ཨ་རིའི་འཐུས་མཆན་སྒྲིག་སྲོལ་ཐད་རྒྱལ་ཕྲན་མཉམ་འབྲེལ་ལ་གཏུག་བཤེར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-10



    ཤིན་ཧྭ་གསར་འགྱུར་ཁང་གི་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་8ཉིན། ཨ་རིའི་ཧ་བུར་དྷི་སློབ་ཆེན་དང་མཱ་སཱ་ཐུའུ་སཱའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གཉིས་ཀྱིས་ཨ་རི་སྲིད་གཞུང་གིས་ཕྱི་འགྲིམས་སློབ་མའི་འཐུས་མཆན་ཐད་ཀྱི་སྒྲིག་སྲོལ་གསར་པ་ལག་བསྟར་བྱེད་པ་བཀག་འགོག་བྱེད་ཆེད་རྒྱལ་ཕྲན་མཉམ་འབྲེལ་ལ་གཏུག་བཤེར་བྱས་ཡོད།
    སློབ་ཆེན་འདི་གཉིས་ཀྱིས་ཉིན་དེར་མཱ་སཱ་ཐུའུ་སཱ་མངའ་སྡེའི་པོ་ཧྲི་ཏོན་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཨ་རི་སྲིད་གཞུང་གིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཕྱི་འགྲིམས་སློབ་མའི་ འཐུས་མཆན་ལ་གནས་སྐབས་ཚོད་འཛིན་བཀའ་རྒྱ་དང་དེ་བཞིན་ཐོག་མའི་བཀག་སྡོམ་དང་དུས་གཏན་དུ་འགོག་པའི་བཀའ་རྒྱ་ལག་བསྟར་བྱ་རྒྱུ་རེ་བ་བཏོན་པ་རེད། གཏུག་ཡིག་ནང་། འཐུས་མཆན་སྒྲིག་སྲོལ་གསར་པ་འདི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི《སྲིད་འཛིན་གོ་རིམ་བཅའ་ཁྲིམས》དང་འགལ་ཞིང་། ལུགས་མཐུན་གྱི་རྒྱུ་མཚན་གང་ཡང་བཏོན་མེད་པ་དང་སྤྱི་དམངས་ཀྱིས་དཔྱད་མོལ་བྱས་མེད་པ་མ་ཟད་བསམ་གཞིག་ཡག་པོ་བྱས་མེད་པའི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་ཡོད་པ་བཤད། 
    ཧ་བུར་དྷི་སློབ་ཆེན་གྱི་སློབ་གཙོ་ལའོ་ལུན་སི་པ་ཁོའོ་ཡིས་ཡོངས་བསྒྲགས་ཡི་གེ་ཞིག་གི་ནང་། ཕྱི་འགྲིམས་སློབ་མའི་འཐུས་མཆན་སྒྲིག་སྲོལ་གསར་པ་ནི་སྔོན་ལ་བརྡ་ཐོ་མ་བཏང་བའི་གནས་ཚུལ་འོག་ཁྱབ་བསྒྲགས་བྱས་པས། དེ་ནི་གདུག་རྩུབ་ཆེ་ཞིང་ཧོལ་རྒྱུག་ཆེ་བ་ཞིག་རེད།  ཁོང་གིས་བྱེད་ཐབས་དེ་ནི་སློབ་ཆེན་བསྐྱར་དུ་སྒོ་ཕྱེ་བ་ལ་གནོན་ཤུགས་སྤྲོད་པ་ཡིན་པ་ལས། སློབ་མ་དང་དགེ་རྒན། ལས་བཟོ་བ་ཚོའི་བདེ་ཐང་དང་བདེ་འཇགས་སྣང་མེད་དུ་བཞག་ཡོད་ཅེས་བཤད། 
    པ་ཁོས་བཤད་དོན། ཧ་བུར་དྷི་སློབ་ཆེན་དང་མཱ་སཱ་ཐུའུ་སཱ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་གཏུག་བཤེར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཕྱི་འགྲིམས་སློབ་མས་མུ་མཐུད་སློབ་སྦྱོང་ཐུབ་རྒྱུ་ལས་མཐར་སྐྲོད་གཏོང་བའི་ཉེན་ཁ་མི་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པར་བརྗོད།
    ད་ལོའི་ལོ་སྟོད་དུ་ཏོག་གསར་ནད་དུག་མཆེད་པར་དོགས་ཟོན་བྱ་ཆེད། ཨ་རིའི་སློབ་གྲྭ་ཆུང་འབྲིང་ཡོངས་ཁྱབ་ཏུ་སློབ་མཚམས་བཞག་ནས་དྲ་རྒྱའི་སློབ་ཁྲིད་སྤེལ་བཞིན་ཡོད། སློབ་སྐབས་གསར་པ་འཚོག་ཉེ་བ་དང་བསྟུན་ནས། ཨ་རིའི་སློབ་གྲྭས་སློབ་ཁྲིད་སླར་གསོ་བྱེད་པའི་འཆར་གཞི་ལ་བསམ་བློ་གཏོང་བཞིན་ཡོད། ཡིན་ཡང་ཨ་རིར་རིམས་ནད་ཀྱི་གནས་ཚུལ་ད་དུང་ཚོད་འཛིན་ཐུབ་མེད་ཅིང་། ཐ་ན་མངའ་སྡེ་ཁ་ཤས་སུ་ད་དུང་བསྐྱར་དུ་མངོན་གསལ་བྱུང་ཡོད་པའི་རྐྱེན་གྱིས། སློབ་གྲྭ་མང་པོས་སྟོན་ཁའི་སློབ་སྐབས་སུའང་མུ་མཐུད་དུ་དྲ་རྒྱའི་སློབ་ཁྲིད་བྱེད་དུ་འཇུག་རྩིས་ཡོད་པས། དེ་ལ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ཡི་རང་བྱུང་མེད། 
    ཉེ་ཆར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་མངའ་སྡེ་ཁག་གི་དཔལ་འབྱོར་སླར་གསོ་བྱེད་པའི་དུས་མཚུངས་སུ། མུ་མཐུད་དུ་རིམས་ནད་རྐྱེན་གྱིས་སྒོ་བརྒྱབ་པའི་སློབ་གྲྭ་སྒོ་བསྐྱར་དུ་ཕྱེ་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཚེས་8ཉིན། ཁོང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་དོན། གལ་ཏེ་སློབ་གྲྭ་བསྐྱར་དུ་སྒོ་མི་ཕྱེ་ན། རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོན་དངུལ་གཅོག་སྲིད་པར་བཤད། 
    ཨ་རིའི་སློབ་ཆེན་སླར་གསོ་ཡོང་བར་གནོན་ཤུགས་སྤྲོད་ཕྱིར། ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའི་ཁོངས་གཏོགས་རྒྱལ་ཁོངས་སུ་ཡོང་བ་དང་འགག་སྒོའི་ཁྲིམས་འཛིན་ཅུས་ཀྱིས་ཚེས་6ཉིན་བརྡ་ཁྱབ་བཏང་དོན། 2020ལོའི་སྟོན་དུས་སློབ་སྐབས་ཀྱི་ཕྱི་འགྲིམས་སློབ་མ་གལ་ཏེ་དྲ་རྒྱའི་སློབ་ཚན་ཁོ་ནར་ཞུགས་རྒྱུ་ཡིན་ན། ཨ་རིར་བསྐྱོད་པའི་འཐུས་མཆན་ནམ་ཡང་ན་མིག་སྔའི་འཐུས་མཆན་རྒྱུན་འཁྱོངས་བྱེད་མི་ཐུབ་པར་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1