ཁྱིམ་སྡོད་རྒན་གསོ་ལ་བརྩེ་སེམས་དང་དྲོ་སྐྱིད་སྦྱིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 07-10



        རྒན་རྒོན་ལ་དོན་དངོས་བསྒྲུབས་ནས་རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་སློབ་རྒྱུ་ཡོད་པ་བཅས་བྱེད་དགོས། ཉེ་བའི་ལོ་ཤས་རིང་ཛམ་ཐང་རྫོང་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་དམངས་ཕན་བྱེད་ཐབས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་སྟེ། ལོ་༦༠ཡན་གྱི་རྒན་རྒོན་ཚོར་དྲོ་སྐྱིད་དང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་ཀྱིན་ཡོད།    རྒན་རྒོན་གྱི་བསམ་བློ་འཕེལ་ཕྱོགས་དང་འཚམ་པའི་ཀྲུང་ཧྭ་མི་རིགས་ཀྱིས་རྒན་བཀུར་དང་། རྒན་རྒོན་ལ་གཅེས་སྐྱོང་། རྒན་རྒོན་ལ་རོགས་རམ་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་དང་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་བཏང་ཆེད། ཛམ་ཐང་རྫོང་དམངས་སྲིད་ཅུས་ཀྱིས་ལོ་༦༠ལ་སླེབས་པའི་རྒན་རྒོན་བསྡོམས་རྩིས་བྱས་པ་མ་ཟད །གསུམ་མེད་རྒན་རྒོན་ལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་གྲངས་ལག་ལེན་བསྟར་ཡོད། ཁོང་ཚོས་ཞབས་ཞུའི་ཁྱབ་ཁོངས་ནང་གི་རྒན་རྒོན་ཚང་མར་རྒྱུས་ལོན་པ་དང་། རྒན་རྒོན་གྱི་འཚོ་བའི་གནས་ཚུལ་ཐད་ཞབས་ཞུའི་དགོས་མཁོར་བརྟག་དཔྱད་བྱས་པ་མ་ཟད་དམིགས་སའི་རང་བཞིན་གྱི་ཞབས་ཞུའི་ནང་དོན་ཡང་མཁོ་འདོན་བྱས། 


        ཛམ་ཐང་རྫོང་གད་ཐོག་ཡུལ་ཚོའི་རྒན་རྒོན་ཨོ་པན་གྱིས་གསར་འགོད་པར་བཤད་རྒྱུར།  དམངས་སྲིད་ཅུས་ཀྱིས་ང་ཚོར་སྲིད་ཇུས་དེ་དག་དོན་འཁྱོལ་དང་། ད་དུང་སྨན་དོན་མི་སྣས་སྐྲ་བཞར་བ་དང་། ལུས་པོ་འཁྲུ་བ་སོགས་ཞབས་ཞུ་གང་མང་བྱས་སོང་།  ཐུགས་རྗེ་ཆེ།


        བགྲེས་སོང་གི་ཁྲོད་དུ་གསར་འགོད་པས་མཐོང་གསལ། ལས་དོན་མི་སྣས་རྒན་རྒོན་ཚོར་གྱོན་གོས་ལྟེབ་པ་དང་། གཙང་སྦྲ་བྱེད་པ།སྒོ་ར་ལེགས་སྒྲིག་བྱེད་པ། ཁྲག་ཤེད་ལྟ་བ་སོགས་ཀྱི་ལས་དོན་ལ་རོགས་རམ་བྱེད་བཞིན་ཡོད་པས་བགྲེས་སོང་ཚོའི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།


        རྒྱུས་ལོན་བྱུང་བ་ལྟར་ན། ཛམ་ཐང་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་ཡོངས་ཀྱི་ཞབས་ཞུའི་ནང་དོན་ལ་དམིགས་ནས་སེམས་ཁུར་དང་། འཚོ་བའི་ཞབས་ཞུ། འཕྲོད་སྦྱོར་སྨན་བཅོས། སྨན་ཉོ་བ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། བསྡོམས་རྩིས་བྱས་པར་ལྟར་ན།ཛམ་ཐང་རྫོང་དུ་ལོ་༦༠ལ་སླེབས་པའི་རྒན་རྒོན་༢༧༥༠ཡོད་པ་རེད། མིག་སྔའི་བར་བུག་རྗེས་ཡུལ་ཚོ་དང་། ཕོ་ཤུལ་ཡུལ་ཚོ། རྡོ་སྟོད་ཡུལ་ཚོ་སོགས་རྒན་རྒོན་༢༡༠༠ཡི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལེགས་སྒྲུབ་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1