༄༅།།པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་གྱི་རྫུན་འགོག་ནུས་པ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-10


    ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་8ཉིན་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་11ཚེས་5ཉིན་ནས་བཟུང་། 2020ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཆ་ཚང་ཨང་ལྔ་པའི་སྒོར་5ཡི་ཤོག་སྒོར་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས་ཡོད་ཅིང་། པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་ལ་ལེགས་སྒྲིག་གང་བྱས་ཡོད་དམ། རྫུན་འགོག་ལག་རྩལ་དང་པར་འདེབས་སྤུས་ཚད་ལ་བཀྲག་མདངས་འཚེར་ས་དང་མཐོར་གཏོང་གང་ཡོད་དམ།   
   མི་དམངས་དངུལ་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་དོན། པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་ལ་རི་མོ་གཙོ་བོ་དང་ཚོས་གཞི་གཙོ་བོའི་གཞི་རྒྱུར་འགྱུར་བ་བཏང་མེད་པའི་སྔོན་འགྲོའི་འོག ཤོག་ངོས་ཀྱི་གྲུབ་ཆའི་རིམ་པ་དང་རྣམ་པར་ལེགས་བཅོས་བཏང་ཡོད། ཤོག་སྒོར་གྱི་རྫུན་འགོག་ལག་རྩལ་བེད་སྤྱོད་ནི་སྔ་བས་སྔོན་ཐོན་ཡིན་པ། བཀོད་སྒྲིག་སྔར་བས་ལུགས་མཐུན་བྱས་ཡོད། སྤྱིའི་རྫུན་འགོག་ནུས་པ་ད་ལྟ་བེད་སྤྱོད་གཏོང་བཞིན་པའི་2005ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཆ་ཚང་ལྔ་པའི་སྒོར་5དང་བསྡུར་ན་གོང་མཐོར་མངོན་གསལ་བཏང་ཡོད།
    བཀྲག་མདངས་འཚེར་ས་གཅིག ཀོང་པར་གཞོགས་ངོས་ཀྱི་གྲངས་ཀ་དང་ཀོང་པར་གཞོགས་ངོས་ཀྱི་གྱི་རི་མོ། 
    པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་གི་གཞོགས་ངོས་གཉིས་ལ་ཀོང་པར་ལག་རྩལ་བེད་སྤྱོད་ཐེངས་དང་པོ་བྱས་ཡོད། འདི་ནི་ཤོག་སྒོར་གཞན་ལ་མེད། པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་གྱི་མདུན་ངོས་ཀྱི་གཡོན་འོག་དང་གཡས་གོང་གི་ཟུར་དང་།  རྒྱབ་ངོས་ཀྱི་གཡོན་གོང་དང་གཡས་འོག་གི་ཟུར་གྱི་རི་མོ་ནི་ཀོང་པར་གཞོགས་ངོས་གཉིས་སུ་སྤྱད་ནས་གྲངས་ཀ་དང་རི་མོར་ལེགས་སྒྲིག་བྱས་ཡོད། གཞོགས་ངོས་གཉིས་ཀྱི་ཀོང་པར་ལག་རྩལ་སྤྱད་ནས། འོད་གསལ་ལྟ་ཞིབ་ལས་མདུན་རྒྱབ་ངོས་ཀྱི་རི་མོའི་ཆ་ཤས་ལས་གྲངས་ཀ་དང་པར་རིས་ཆ་ཚང་ཞིག་གྲུབ་པ་མཐོང་ཐུབ། རེག་ན་ཀོང་འབུར་ཚོར་ཐུབ།
    བཀྲག་མདངས་འཚེར་ས་གཉིས་པ། འོད་འཕྲོས་ཨང་ཀིའི་ཆོས་གཞི་འགྱུར་བ། 
    འོད་འཕྲོས་ལག་རྩལ་ནི་རྒྱལ་སྤྱིའི་དངུལ་ལོར་པར་འདེབས་ཁྱབ་ཁོངས་ཀུན་གྱིས་ཁས་ལེན་བྱེད་པའི་སྔོན་ཐོན་གྱི་རྫུན་འགོག་ལག་རྩལ་ཞིག་རེད། མང་ཚོགས་ཀྱིས་སྤྱོད་བདེ་པོ་ཡོད། པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་གྱི་མདུན་ངོས་ཀྱི་དཀྱིལ་དུ་འོད་འཕྲོས་ཨང་ཀིའི་ཚོས་གཞི་འགྱུར་བའི་ལག་རྩལ་སྤྱད་ཡོད། དངུལ་ལོར་ལྟ་ཞིབ་ཀྱི་ཟུར་ཚད་ལ་འགྱུར་བ་བཏང་ཡོད། ཤོག་ངོས་གྲངས་ཀ་“5”ཡི་ཚོན་མདོག་ནི་སེར་པོ་དང་ལྗང་མདོག་བར་འགྱུར་ལྡོག་འགྲོ་བ་དང་།  གོང་འོག་ཏུ་འགྲིལ་བཞིན་པའི་འོད་ཐིག་ཞིག་མཐོང་ཐུབ།
    བཀྲག་མདངས་འཚེར་ས་གསུམ་པ། བཙོག་འགོག་སྲུང་སྐྱོབ་རིམ་པ་བྱུག་པ།    
    པར་གཞི་གསར་པའི་སྒོར་5ཡི་ཤོག་སྒོར་ལ་ད་དུང་བྱ་ཐབས་གཞན་མང་པོ་སྤྱད་དེ་རྫུན་འགོག་ལག་རྩལ་དང་པར་འདེབས་སྤུས་ཚད་མཐོ་རུ་བཏང་ཡོད་པ་སྟེ། དཔེར་ན། ཆུ་རིས་གསལ་ཚད་དང་བང་རིམ་མངོན་གསལ་་ཇེ་མཐོར་བཏང་བ་དང་། ཤོག་སྒོར་གྱི་ཤོག་བུའི་མཁྲེགས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་འཁོར་རྒྱུག་བྱེད་ཡུན་རིང་བ། ཤོག་སྒོར་གྱི་མདུན་རྒྱབ་ངོས་སུ་བཙོག་འགོག་སྲུང་སྐྱོབ་རིམ་པ་བྱུག་པ། གཙང་བ་དང་གྲ་འགྲིག་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
    གཞན་ཡང་། 2005ལོའི་པར་གཞིའི་མི་དམངས་ཤོག་སྒོར་ཆ་ཚང་ལྔ་པའི་སྒོར་5དང་བསྡུར་ན། པར་གཞི་གསར་པའི་སྒོར་5ཡི་ཤོག་ངོས་དང་གྲུབ་ཚུལ་སོགས་ལ་ལེགས་སྒྲིག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1