དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ལ་སླེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13



     ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་ཕ་གཡང་དྲུང་གིས་རོགས་སྐྱོར་བྱས་པར་བརྟེན། ལོ་13ཡིན་པའི་བུ་མོ་ཚེ་རིང་གཡང་དཀར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་རི་འགོར་འཛེགས་ནས། རྩྭ་གསེབ་ཏུ་སྐྱེས་པའི་དབྱར་རྩྭ་དགུན་འབུ་གཟབ་གཟབ་ནན་ནན་གྱིས་འཚོལ་བཞིན་འདུག མོ་རང་གིས་བློ་རྩེ་གཅིག་སྒྲིམ་ངང་ཉིན་གཅིག་གི་ཡོང་འབབ་ཡག་པོ་ཐོབ་པར་འབད་པ་བྱེད་བཞིན་ཡོད། 
    ཚེ་རིང་གཡང་དཀར་གྱི་ཁྱིམ་ཚང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཤང་གད་དམར་གྲོང་ཚོ་ནས་ཡིན་ཞིང་། ཆུ་དམར་ལེབ་རྫོང་ནི་རྒྱ་མཚོའི་ངོས་མཐོ་ཚད་སྨི་4500ཡན་ཡོད་པ་དང་། གནའ་ནས་“རྨ་ཆུའི་ཆུ་འགོའི་རྫོང་དང་པོ”འབོད་སྲོལ་ཡོད། ཚེ་རིང་གཡང་དཀར་དང་ཁྱིམ་མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་གནས་ནི་རྫོང་དེའི་འབའ་དགོན་ཤང་གི་རི་གཉིས་བར་གྱི་ལུང་ཁུག་ཅིག་ཡིན་པ་རེད། 
    ཟླ་5པའི་ཟླ་མཇུག་ནས་ཟླ་6པའི་ཟླ་མཇུག་བར་ནི་གཙང་གསུམ་ཆུ་འགོ་ཁུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ལེགས་ཤོས་དེ་རེད། རང་རྒྱལ་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ལོ་རེའི་དུས་ཚོད་འདི་ལ། ཡུལ་ཤུལ་གྱི་སློབ་མ་ཚོས་དབྱར་རྩྭ་དགུན་འབུ་བརྐོ་བའི་གུང་གསེང་བསུས་ནས། ཕ་མ་ཚོ་དང་མཉམ་དུ་རི་འགོར་དབྱར་རྩྭ་དགུན་འབུ་བརྐོ་བར་འགྲོ་བ་རེད། 
    ལོ་མང་པོའི་རིང་། དབྱར་རྩྭ་དགུན་འབུ་ནི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་འབྲོག་པ་ཚོའི་ཡོང་འབབ་གཙོ་བོ་དེ་རེད། འབའ་དགོན་ཤང་མཐུན་སྒྲིལ་གྲོང་ཚོའི་འགོ་འཛིན་ཚེ་དབང་གིས། དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ། ཕྱི་ནས་ཡོང་མཁན་དང་དེ་བཞིན་རྩྭ་ཐང་ལ་གཏོར་བཤིག་གཏོང་མཁན་སོགས་ཀྱི་བྱ་སྤྱོད་སྔོན་འགོག་ཚོད་འཛིན་ནན་པོ་བྱ་ཆེད། གྲོང་ཚོའི་ལུང་མདོ་ཚང་མར་འགག་སྒོ་བཙུགས་ཡོད་ཟེར། 
    ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་འབྲོག་པའི་ཡོང་འབབ་སྔར་བས་མང་དུ་ཕྱིན་ཡོད་ཅེས་ཡུལ་ཤུལ་ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་བཀྲ་ཡིས་འདི་ལྟར་བཤད། ཡུལ་ཤུལ་ནི་འབྲོག་ལས་ཀྱི་ཁུལ་ཆེན་པོ་ཞིག་ཡིན་པ་དང་ཁུལ་ཡོངས་ཀྱི་ཕྱུགས་ཟོག་ཁྲི་200ལས་བརྒལ་ཡོད། སྲིད་གཞུང་གི་འགོ་ཁྲིད་འོག མིག་སྔར་ཡུལ་ཤུལ་དུ་ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་གསར་པ་206བཙུགས་པ་དང་། མཉམ་ལས་ཁང་གིས་རང་བྱུང་གནོད་འཚེ་འགོག་པ་དང་འབྲི་གཡག་བཤས་གཏོང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཏེ། འབྲོག་པའི་ཡོང་འབབ་མཐོ་རུ་ནུས་ལྡན་ཕྱིན་ཡོད།
    “མཉམ་ལས་ཁང་དར་སྤེལ་གཏོང་བ་ཕུད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས་འབྲོག་པ་མང་པོ་སྐྱེ་ཁམས་བདག་སྐྱོང་པར་བསྐོས་ཡོད། ”ཅེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ཁྲུའུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་སྐལ་ཐར་གྱིས་བཤད།
    མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་སྐྱེ་ཁམས་བདག་སྐྱོང་པ་17211ཡོད་པ་དང་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་21600ཟིན་ཡོད། སྐྱེ་ཁམས་སྤྱི་ཕན་ལས་གནས་བཙུགས་པ་དེས་སྐྱེ་ཁམས་སྲུང་སྐྱོང་དང་བོད་རིགས་ས་ཁུལ་གྱི་གནད་སྨིན་དབུལ་སྒྲོལ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1