གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ལྷ་རྒྱལ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༣ཉིན།

༄༅།།《ཆོས་རྒྱལ་ནོར་བཟང》དང་དེའི་སྒྱུ་རྩལ་ཁྱད་ཆོས་མདོ་ཙམ་བརྗོད་པ།


ལྷ་རྒྱལ་ཚེ་རིང་།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་ཀྱི་ཟློས་གར་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་གནས་བབ་གཞིར་བཟུང་སྟེ། 《ཆོས་རྒྱལ་ནོར་བཟང》གི་ངོ་མཚར་བརྗོད་དོན་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་ཁྱད་ཆོས་སོགས་རྩོམ་རིག་གཞུང་ལུགས་དང་འོས་འཚམ་སྦྱར་བ་དང་། ལུང་དང་རིགས་པའང་ཟུང་སྦྲེལ་བགྱིས་ནས་མངོན་པར་བསྟན་འདུག་གོ།
[གནད་ཚིག] ཟློས་གར་རྩོམ་རིག སྒྱུ་རྩལ་ཁྱད་ཆོས། གཏམ་རྒྱུད་བྱུང་རིམ། འདོད་དོན་བརྩེ་ཞེན། མི་སྣའི་སྣང་བརྙན། བསམ་བློའི་རང་བཞིན།
དང་པོ། གླེང་གཞི།
         དེ་ཡང་ཟློས་གར་རྩོམ་རིག《ཆོས་རྒྱལ་ནོར་བཟང》ཞེས་བྱ་བའི་གཏམ་རྒྱུད་དེ་ནི་བོད་ལྗོངས་ལྷ་སའི་ཆུ་ཤུར་གཞི་རྫོང་ཤེས་གྲོང་ས་ཆར་བྱུང་བ་ཞིག་ཡིན་ནོ་ཞེས་བོད་རིགས་དམངས་ཁྲོད་དུ་བྱུང་བའི་གཏམ་རྒྱུད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། དོན་དངོས་སུ་དེ་ལྟ་མ་ཡིན་ཏེ། ཟློས་གར་རྩོམ་རིག་འདི་ཉིད་ཀྱི་དབུ་རྩོམ་པའི་སྐབས་སུ། སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ཏུ། ཡུལ་ཞིག་བྱ་བ་རྒྱ་གར་ཤར་གླིང་ན། ལྷོ་ཕྱོགས་རིགས་ལྡན་པ་དང་བྱང་ཕྱོགས་མངའ་ལྡན་པ་ཞེས་བྱ་བའི་རྒྱལ་ཁབ་གཉིས་ཡོད་པ་ན་ཞེས་གཏམ་རྒྱུད་འདི་ཉིད་བྱུང་བའི་གནས་ནི་རྒྱ་གར་འཕགས་པའི་ཡུལ་དུ་ངོས་བཟུང་འདུག་པ་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་རེ་བཞི་བ་སྟེ། འཁོར་བ་ལ་ཞེན་ཅིང་འཆིང་བར་བྱེད་པའི་ཞེན་པ་ལ་ཡིད་འབྱུང་བའི་ཆོས་སྐོར་ཞེས་བྱ་བ་ལས་ལོགས་སུ་བཏོན་པའི་སངས་རྒྱས་ཀྱི་སྐྱེས་རབས་གཏམ་རྒྱུད་དེ་ཉིད་གཞིར་བཟུང་ནས་བརྩམས་པར་སྣང་ངོ་། །གང་དེའི་བསྟན་དོན་ནི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་ཁོང་རང་ཉིད་ཀྱི་སྐྱེ་བ་སྔོན་མའི་རྣམ་ཐར་ཡིན་པར་གསུངས་པ་སྟེ། སྔོན་ཡབ་རྒྱལ་པོ་ཟས་གཙང་གིས་ཡང་ཡང་ནན་ཞུ་མཛད་པས་ན། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་དུ་ཕེབས་ནས་བཙུན་མོ་གྲགས་འཛིན་མར་ཞལ་མཇལ་གནང་བ་ལ། སྔར་གྱི་བག་ཆགས་སད་ཅིང་དྲན་པར་གྱུར་ནས། ཁོ་མོ་ད་ནི་གང་ཉིད་ལ་འགྲོགས་པ་དང་འཁྱུད་པ། ཉེ་བར་རེག་པའི་རེ་བ་གཏན་ནས་མེད་དོ་བསམ་ནས་སྡུག་བསྔལ་ཆེན་པོ་དང་བཅས་ཁང་བརྩེགས་ཀྱི་བ་གམ་རྩེ་མོ་ནས་མཆོང་པར་རྩོམ་པ་ན་སངས་རྒྱས་ཀྱི་ཐུགས་རྗེས་རྣམ་པར་བསྐྱབས་པ་དང་། དེའི་རྗེས་སུ། སངས་རྒྱས་བཅོམ་ལྡན་འདས་ནི་ཉེ་འཁོར་དང་བཅས་ནགས་ཚལ་དུ་འདུས་པའི་ཚེ། རྗེས་འཇུག་པ་རྣམས་ཀྱིས་དེ་ལྟར་བྱུང་བའི་རྒྱུ་མཚན་ཁོང་ཉིད་ལ་དྲིས་པས་ན། ཁོང་ཉིད་ཀྱིས་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འདི་ལེགས་པར་གསུངས་ཤིང་། སྔོན་གྱི་དུས་དེར་ཆོས་རྒྱལ་ནོར་བཟང་ནི་སངས་རྒྱས་ཁོང་རང་ཉིད་དང་ཡིད་འཕྲོག་ལྷ་མོ་ནི་བཙུན་མོ་གྲགས་འཛིན་མ་ཡིན་པར་ངོས་བཟུང་མཛད་པ་དེ་ཡིན་ནོ། །དུས་རབས་བཅོ་བརྒྱད་པར། སྡིངས་ཆེན་སྨྱོན་པ་ཚེ་རིང་དབང་འདུས་ཀྱིས་ཆོས་རྒྱལ་ནོར་བཟང་གི་རྟོགས་བརྗོད་མི་གཅིག་པ་དུ་མ་བྱུང་བ་རྣམས་དཔྱད་གཞིར་བཟུང་སྟེ་ཕན་ཚུན་ཁ་བསབས་ནས་རྩོམ་འབྲི་གང་ལེགས་གནང་བ་ཞིག་ཡིན་ཅིང་། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འདི་ཉིད་ནི་སངས་རྒྱས་ཀྱི་སྐྱེས་རབས་གཞིར་བཟུང་ནས་གྲུབ་པ་ཞིག་ཡིན་ནའང་། རྩོམ་པ་པོས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་རྟོགས་དང་མཚུངས་པ་མེད་པའི་བློ་གྲོས་ཀྱི་ནུས་རྩལ་ལ་ཉེ་བར་བརྟེན་ནས། གངས་ཅན་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་དང་། ཆོས་ལུགས་དད་མོས། མཛེས་དཔྱོད་རིག་པ། སྒྱུ་རྩལ་རོལ་མྱོང་། རིན་ཐང་ལྟ་ཚུལ། ཕུགས་བསམ་རེ་འདུན། བསམ་བློ་འདུ་ཤེས་དང་བསྟུན་ཅི་ཐུབ་མཛད་དེ། ཟློས་གར་རྩོམ་རིག་འདིའི་ཁྲོད་ཀྱི་མི་སྣ་ལ་འཕྲི་སྣོན་འོས་འཚམ་དང་། བརྗོད་དོན་ལ་ཁ་གསབ་གང་ལེགས། ཚིག་སྦྱོར་ལ་ཉམས་སྣང་ཀུན་ནས་རྫོགས་པ།བྱུང་རིམ་ལ་ཛ་དྲག་རང་བཞིན་ལྡན་པ་བཅས་བགྱིས་པས་ན། བོད་ཀྱི་ཟློས་གར་རྩོམ་རིག་གམ་འཁྲབ་གཞུང་གི་མ་གཞི་མཆོག་ཏུ་གྱུར་པ་ཞིག་ཏུ་རྣམ་པར་གྲུབ་བོ། །རྒྱ་གར་འཕགས་པའི་ཡུལ་ནས་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་རྣམ་ཐར་འདི་ཉིད་ཀྱི་ཟློས་གར་འཁྲབ་སྟོན་ནི་དུས་རབས་བརྒྱད་པའི་སྐབས་ནས་བཟུང་སྟེ་ཐེ་གོ་དང་། འབར་མ། ལའོ་ཝའོ། ཁམ་ཕུ་ཁྲེ་སོགས་ཕྱིའི་རྒྱལ་ཁབ་དག་ལའང་རིམ་བཞིན་དར་ཁྱབ་ཏུ་སོང་འདུག་གོ །
གཉིས་པ། 《ཆོས་རྒྱལ་ནོར་བཟང》གི་བསམ་བློའི་ནང་དོན་མདོར་བསྟན་པ།
         1. མི་ཕྱེད་ལྷད་མེད་ཀྱི་ཕོ་མོའི་འདོད་དོན་བརྩེ་ཞེན་ལ་བསྔགས་བརྗོད་མཛད་པ། མིའི་རིགས་ཀྱི་སྤྱི་ཚོགས་དང་མི་སྒེར་གང་ལ་མཚོན་ནའང་། ཕོ་མོ་དག་གི་འདོད་དོན་བརྩེ་དུངས་ནི་མི་རྣམས་ལ་ཚོར་ཤེས་ཟབ་མོར་འཇོག་པའི་རྒྱུན་ལྡན་གྱི་འབྲེལ་འདྲིས་ཤིག་ལ་གཏོགས་ཤིང་། ཕོ་མོའི་འདོད་དོན་བརྩེ་ཞེན་མངོན་འགྱུར་བྱ་བའི་གོ་རིམ་ཁྲོད་དུ་ནི་མི་སྣ་དེ་དག་གི་སླད་མེད་མཆོག་གྱུར་གྱི་རང་གཤིས་མངོན་པར་མཐོང་ཐུབ་ལ། ལོ་རྒྱུས་དུས་རིམ་ངེས་ཅན་ཞིག་གི་ཁྲོད་དུ་གནས་པའི་མི་རིགས་ཤིག་གི་འཚོ་གཞེས་ཀྱི་རྣམ་པ་དང་རིག་གནས་སྙིང་སྟོབས་ཀྱང་རྣམ་པར་མཚོན་ཐུབ་བོ། །ཕོ་མོའི་འདོད་དོན་བརྩེ་དུངས་ཀྱི་གཏིང་ལ་བྱིང་ཞིང་། གང་དེའི་སླད་དུ་འབད་བརྩོན་རེ་སྙེག་མི་ལྡོག་པར་མཛད་པའི་མི་དེ་ནི། ཁྲེལ་གཞུང་རང་གཤིས་ཀུན་ནས་ལྡན་པའི་སྐྱེས་བུ་ཞིག་ཡིན་ཕྱིར། ལོ་རྒྱུས་དུས་རབས་དེ་ལ་ནི་རང་དབང་དང་བདེ་སྐྱིད་བརྩོན་ལེན་བྱེད་པའི་སྔོན་ཐོན་མི་སྣའི་འཐུས་ཚབ་ཉིད་དུ་གྱུར་པ་ཞིག་ཡིན་ནོ། །ཕོ་མོའི་འདོད་དོན་བརྩེ་དུངས་ནི་གནའ་རབས་རྩོམ་རིག་གི་བརྗོད་བྱ་གལ་ཆེན་ཞིག་ཏུ་བཞེད་པའི་རྒྱུ་མཚན་ནི། དེ་ནི་ལོ་རྒྱུས་དུས་སྐབས་དེའི་དབང་སྒྱུར་གྲལ་རིམ་གྱི་མི་བཟད་བཙན་དབང་འོག་ཏུ་བྱུང་བས་ཡིན་ཅིང་། དེར་བརྟེན། གཏམ་རྒྱུད་དེ་དག་གིས་མངོན་པར་མཚོན་པའི་འདོད་དོན་བརྩེ་ཞེན་གྱི་གཏན་འདུན་དང་རེ་སྙེག་ལ་ནི་ནམ་ཡང་རྨད་བྱུང་མི་གཤིས་ཀྱི་འོད་སྣང་འཕྲོ་བ་ཡིན་ནོ། །དེའི་ཕྱིར། ཆོས་རྒྱལ་ནོར་བཟང་ལ་དྲི་ཟའི་བུ་མོ་ཡིད་འཕྲོག་ལྷ་མོ་བཙུན་མོར་ཐོབ་རྗེས། རྒྱལ་བུས་དེ་ཉིད་ལ་འགྱུར་བ་མེད་ལ་གཏིང་མཐའ་ཟབ་པའི་བརྩེ་དུངས་བཅངས་པ་དང་། བླ་ན་མེད་ལ་འགྱུར་ལྡོག་མེད་པའི་བརྩེ་དུངས་དེའི་ཆེད་དུ། ཁོང་གིས་དཀའ་སྡུག་ཁྱད་དུ་བསད་ནས་ལམ་དགྲ་མང་དུ་བཏུལ་བ་དང་ལྗོན་པའི་ཡུལ་དུ་དྲི་ཟའི་རྩལ་པོ་ཆེ་དང་དཔའ་རྩལ་གང་མང་འགྲན་པ་སོགས་མཛད་དེ། ཡིད་འཕྲོག་ལྷ་མོའམ་རྨད་བྱུང་བརྩེ་དུངས་ཀྱི་དཔྱིད་དཔལ་མཆོག་སླར་ཡང་བསོད་ནམས་ཀྱི་བགོ་སྐལ་དུ་ལེགས་པར་བསུས་པ་དང་། ཡིད་འཕྲོག་ལྷ་མོས་ཀྱང་འཇིག་རྟེན་མི་ཡུལ་གྱི་འཚོ་བ་སྟེ། ཆོས་རྒྱལ་ནོར་བཟང་དང་གང་དེའི་མཛའ་གཅུགས་ལ་ཞེན་པ་རབ་ཏུ་ཆགས་ཏེ་དུས་གཏན་དུ་ཆོས་རྒྱལ་ནོར་བཟང་དང་མཉམ་དུ་འཚོ་བ་རོལ་ཆེད་བློ་སེམས་རྩེ་གཅིག་གིས་ཐབས་བརྒྱ་ཇུས་སྟོང་འཐེན་ཞིང་འབད་བརྩོན་ལྷོད་མེད་བྱས་པ་དེ་ལ་ནི། ཚད་མཐོན་པོའི་སྒོ་ནས་དགའ་གུས་དང་བསྔགས་བརྗོད་མཛད་པ་སྟེ། དཔེར་ན། རྔོན་པ་སྤང་ལེབ་འཛིན་གྱིས་ཡིད་འཕྲོག་ལྷ་མོ་རྒྱལ་བུ་ནོར་བཟང་ལ་ཕུལ་བས་ན། རྒྱལ་བུ་རྣམ་པར་དགྱེས་ཤིང་། ཡིད་འཕྲོག་ལྷ་མོ་ན་རེ། ཁམས་གསུམ་འདི་ན་འགྲན་ཟླ་བྲལ་བ་ཁྱེད། །བུ་མོའི་གྲོགས་སུ་ཡོང་བའི་བསོད་ནམས་དེ། །མགོན་སྐྱབས་དཀོན་མཆོག་གསུམ་གྱི་ཐུགས་རྗེའོ། །ཁྱོད་ཉིད་མཐོང་བ་ཙམ་གྱིས་དུག་གསུམ་གྱི། །སྡུག་བསྔལ་ཀུན་འཇོམས་མུན་སེལ་བདེ་བ་དང་། །ཡིད་ལ་འཆར་སྒོ་ཟབ་ཅིང་དབང་བོ་རྣོ། །ཟས་ལ་རོ་མཆོག་ལྡན་ཞིང་སྡུག་བསྔལ་བརྗེད། །དུས་རིང་མྱུར་འགྲོ་དགའ་བ་བསྐྱེད་པ་ཡིས། །འདི་འདྲ་ལྷ་ཡུལ་ལའང་ཆེར་དཀོན་གཤིས། །བུ་མོའི་སྲོག་བླུ་མཛད་པའི་དྲིན་ཆེན་པོ། །ནམ་ཡང་བདག་ཅག་ཐུགས་ནས་མ་འདོར་ཞིག །ཅེས་ཞུས་པ་ལ། རྒྱལ་བུ་ཉིད་ནས་ཡིད་འཕྲོག་ལྷ་མོའི་ཕྱག་ལ་འཆང་ནས། རབ་མཛེས་སྙིང་དུ་སྡུག་པའི་ལང་ཚོ་མ། །ལེགས་པར་དགོངས་དང་ལྷ་སྲས་ཡིད་འཕྲོག་མ། །ཁྱོད་ཉིད་ལྷ་ཡུལ་ཀུན་གྱི་མཛེས་པའི་རྒྱན། །འཁོར་ལོ་སྡོམ་པའི་གནས་ཀྱི་ཊཱ་ཀིའི་གཙོ། །འགྲོ་བའི་དོན་དུ་ང་ཡི་རིག་མར་བྱོན། །དགྱེས་པར་རོལ་ཅིག་སྙིང་གི་དགའ་སྟོན་མ། །ཞེས་གསུངས་ཤིང་། གཅིག་གིས་གཅིག་ལ་གཟིགས་ཤིང་ཕན་ཚུན་མཐོང་བ་ཙམ་གྱིས་ཡིད་འཕྲོག་པར་གྱུར་ནས། གཅིག་ལ་གཅིག་ནི་འཆང་སྟེ་འབྲལ་མི་ཕོད་པར་གྱུར་པ་ལྟ་བུ་དང་། དེ་ནས་ཡབ་རྒྱལ་པོས་རྒྱལ་བུ་ནོར་བཟང་བྱང་ཕྱོགས་མི་རྒོད་འདུལ་དུ་མངགས་པས་ན། ནོར་བཟང་གི་ཞལ་ངོ་ནག་པོར་སོང་ནས་ཕྱིར་གཟིམ་ཆུང་དུ་ཕེབས་པ་ཡིད་འཕྲོག་ལྷ་མོས་མཐོང་སྟེ། རྒྱལ་པོའི་ཕྱག་ལ་འཆང་ནས་རྒྱུ་མཚན་དྲིས་པས་ན། རྒྱལ་བུས་གསོལ་ཇ་བཞེས་འཕྲོ་བཞག་སྟེ་ཡིད་འཕྲོག་ལྷ་མོར་བརྩེ་བའི་སྤྱན་གྱིས་གཟིགས་ཀྱིན་ཡབ་རྒྱལ་པོའི་བཀའ་གསུང་ཇི་བཞིན་སྨྲས་པ་ལ། ཡིད་འཕྲོག་ལྷ་མོ་རྒྱལ་པོའི་ཕྱག་ལ་འཆང་ནས་རང་ཉིད་ཀྱི་དབུ་རྒྱལ་པོའི་དཔྲལ་བར་སྦྱར་ནས་སྤྱན་ཆབ་བསིལ་བ་དང་། དེ་ནས་ནོར་བཟང་བྱང་ཕྱོགས་མི་རྒོད་འདུལ་དུ་ཕེབས་པར་ཆས་པས་ན། ཡིད་འཕྲོག་ལྷ་མོས། ཡིད་འཕྲོག་སྲོག་ལ་བབས་པར་གྱུར་ནའང་། རྒྱལ་པོའི་ཕྱག་ཕྱིར་བུ་མོ་ཁྲིད་དུ་འཚལ། །བདག་ཉིད་འཇོག་པ་ཐུགས་ནས་ཕོད་ལགས་སམ། །ཞེས་རྒྱལ་བུ་དང་ཁ་འབྲལ་དཀའ་བར་གྱུར་པ་དང་། རྒྱལ་བུས། དབུ་རྨོག་འདི་ནི་དགྲ་བོ་འདུལ་བ་ལ་དགོས་སོ། །རྒྱ་གྲི་འདི་ནི་མཛེས་མའི་སེམས་རྟེན་དུ་མཛོད་ཅིག །ཤ་སྒྲད་འདི་ནི་མདའ་མོའི་ལྟོང་ཚོད་ལ་དགོས་སོ། །མཛུབ་རྒྱུད་འདིས་ནི་མཛེས་མའི་སེམས་རྟེན་ཡང་གནང་མཛོད། །སྟག་དོང་འདི་ནི་དགྲ་བོ་འདུལ་བ་ལ་དགོས་སོ། །གཡས་ཤག་འདི་ཡང་མཛེས་མའི་སེམས་རྟེན་དུ་མཛོད་དང་། །གསན་པ་ཨེ་བྱུང་ལྷ་སྲས་ཡིད་འཕྲོག་གི་ལྷ་མོ། །ད་ནི་བུ་ཆུང་བྱང་དུ་གཏོང་གྲོགས་རང་མཛོད་ཅིག །ཅེས་རྒྱལ་པོས་ཕྱག་གིས་ཡིད་འཕྲོག་མའི་ཞལ་རས་ཕྱིས་པ་ལ། ཡིད་འཕྲོག་ལྷ་མོས། བུ་མོར་སེམས་ཀྱི་རྟེན་ཆས་གནང་བ་བཀའ་དྲིན་ཆེ་སྟེ། །ཡིད་འཕྲོག་གཞོན་ནུ་དྲན་པས་ཉིན་མཚན་འཁྱོལ་དུས་མི་འདུག །རྒྱལ་པོ་བྱང་ལ་འཐབ་དགོས་རྒྱ་གྲི་ཁྱེད་རང་བསྣམས་དང་། །བདག་ལ་གཞོན་ནུ་ཁྱེད་ཀྱི་སྐུ་འབྱར་ནང་མ་ཞོག་དང་། །དེ་ལ་བུ་མོ་བདག་གི་རེ་བའི་བློ་གཏད་བཅོལ་ལོ། །ཞེས་ཞུས་པས་རྒྱལ་པོས་རྒྱ་གྲི་དེ་བཞེས། སྐུ་འབྱར་ནང་མ་དེ་ཡིད་འཕྲོག་ལྷ་མོར་གནང་བས་ན་སྐུ་འབྱར་དེ་ཁོ་མོའི་ངོ་གདོང་ལ་བཀབ་ནས་སྤྱན་ཆབ་བསིལ་ཞིང་བཞུགས་པས་ན། ནོར་བཟང་དཔོན་གཡོག་སྐད་ཅིག་ཉིད་ལ་རིང་པོའི་སར་ཕེབས་པ་དང་། ཡིད་འཕྲོག་ལྷ་མོ་དུམ་ཞིག་ཞལ་ཏ་མ་རྣམས་ཀྱིས་བསྐོར་ཏེ་ལུས་ཤིང་། དེ་ནས་ཡར་བཞེངས་ཏེ་རྒྱལ་པོའི་ཕྱི་རྗེས་སུ་རིང་པོའི་སར་སྤྱན་གྱིས་གཟིགས་ཤིང་བཞུགས་ཞེས་པ་ལྟ་བུ་དང་། དེ་ནས་རྒྱལ་བུ་ནོར་བཟང་གིས་བྱང་ཕྱོགས་མི་རྒོད་བཏུལ་ནས་ཕྱིར་རྒྱལ་པོའི་ཕོ་བྲང་དུ་ཕེབས་པ་ན། ཡིད་འཕྲོག་ལྷ་མོ་དྲི་ཟའི་ཡུལ་དུ་ཕེབས་ཟིན་པ་རྟོགས་ཏེ། ལྷ་མོ་མེད་པའི་ལྷ་འདྲས་བདག་ལ་དགོས་པ་མེད་དོ། །ཡིད་འཕྲོག་མེད་པའི་རྒྱལ་གཞིས་བདག་ལ་དགོས་པ་མེད་དོ། །ཡིད་འཕྲོག་མ་རྙེད་བར་དུ་བདག་ཉིད་འཚོལ་དུ་འགྲོའོ། །ཡིད་འཕྲོག་མ་རྙེད་གཞན་དུ་འཁྱམས་པ་ལས་འོས་མེད། །ཅེས་སྡུག་བསྔལ་ཆེན་པོས་ཡབ་རྒྱལ་པོར་སྨྲས་པ་དང་། སྨྲས་ནས་ཀྱང་ཡིད་འཕྲོག་ལྷ་མོ་འཚོལ་དུ་ཕྱིན་པ་དང་། ཕྱིན་ནས་ཀྱང་ལམ་དགྲ་བཏུལ་ཅིང་དྲི་ཟའི་དཔའ་རྒོད་དག་དང་དཔའ་རྩལ་འགྲན་པ་དང་། ཐམས་བརྒྱ་ཇུས་སྟོང་འཐེན་ནས་ཡིད་འཕྲོག་ལྷ་མོ་སླར་ཡང་རང་ཉིད་ཀྱི་བཙུན་མོར་གདན་དྲངས་པ་ལྟ་བུ་ཡིས་ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ལྷ་མོ་གཉིས་ཀྱི་འགྱུར་བ་མེད་ལ་གཏིང་མཐའ་ཟབ་པའི་འདོད་ཞེན་བརྩེ་དུངས་ནི་ཆེས་ཡིད་འགུལ་ཐེབས་ལ་གསོན་ཉམས་ལྡན་པའི་སྒོ་ནས་བསྟན་བྱུང་ངོ་། །
         2. རྨོངས་རྟུལ་གྱི་བསམ་བློ་དང་ཚུལ་མིན་གྱི་བྱེད་སྤྱོད་ཐེར་འདོན་བྱས་པ། ཟློས་གར་རྩོམ་རིག་འདིར་བླང་དོར་གྱི་གནས་ལ་ཀུན་ནས་རྨོངས་ཤིང་ལེགས་ཉེས་སྤང་བླང་ལ་མགོ་བོ་འཐོམས་པའི་བྱང་ཕྱོགས་མངའ་ལྡན་པའི་ཡབ་རྒྱལ་པོ་ནོར་ཆེན་གྱི་རྨོངས་རྟུལ་གྱི་བསམ་བློ་དང་ཚུལ་མིན་གྱི་བྱེད་སྤྱོད་ལ་ཐེར་འདོན་དང་མཚང་འབྱིན་ནན་མོ་མཛད་ཡོད་དེ། དཔེར་ན། གཡོ་འཕྲུལ་ལ་མཁས་པ་དོན་གྲུབ་དཔལ་མོ་སོགས་ཀྱིས་གཡོ་དང་སྒྱུ་ལ་གོམས་པའི་ཨ་མཆོད་ཧ་རི་ངན་སྐུལ་བྱས་པས་ན། ཨ་མཆོད་ཀྱིས་ཡབ་ནོར་ཆེན་ལ་རྨི་ལྟས་ངན་པ་རིམ་པར་ཡོང་ཐབས་བྱས་ཏེ། རྒྱལ་བུ་ནོར་བཟང་བྱང་ཕྱོགས་སུ་མི་རྒོད་འདུལ་དུ་འགྲོ་དགོས་པའི་ངན་ཇུས་འཐེན་ནས། དགྲ་བོ་འདུལ་བར་ནོར་བཟང་མི་གཏོང་རང་ཟེར་ན། །རྒྱལ་པོའི་ཆབ་སྲིད་དགྲ་བོས་བཟུང་བ་ལས་མི་འདུག ། ཅེས་སྨྲས་པ་དང་། རྒྱལ་པོས་བཙན་ལྗིད་བཀའ་ལུང་ནན་མོར་གནང་སྟེ། རྒྱལ་བུ་བྱང་ཕྱོགས་སུ་མི་རྒོད་འདུལ་དུ་བརྫངས་པ་དང་། དེ་ནས་དོན་གྲུབ་དཔལ་མོ་སོགས་བཙུན་མོ་དག་གི་ངན་གཡོ་དང་ཨ་མཆོད་ཧ་རིའི་སྦྱོར་ངན་གྱིས་ཡབ་ནོར་ཆེན་སྐུལ་སློང་བྱས་པས་ན། ཡབ་ཆེན་གྱིས་མིའམ་ཅི་ཡི་སྙིང་ཚིལ་ཏེ་ཡིད་འཕྲོག་ལྷ་མོའི་སྙིང་ཚིལ་ལེན་ཕྱིར། ཡིད་འཕྲོག་ལྷ་མོ་ཟེར་བ་འདི། །ལྷ་ཀུན་གླུད་དུ་བརྫངས་པའི་མིའམ་ཅི། །མོའི་སྙིང་གི་ཚིལ་བུ་ལེན་དགོས་པས། །ཁྱོད་ལྔ་བརྒྱ་སོང་ལ་མོ་བསྒྲལ་ནས། །མོའི་སྙིང་ཚིལ་དེ་མི་རིང་མྱུར་ཁྱེར་ཤོག །ཅེས་བཀའ་གསུང་གནང་བས་ན། ཡིད་འཕྲོག་ལྷ་མོ་མི་ཡུལ་དུ་སྡོད་ཐབས་བྲལ་ནས་ཕྱིར་དྲི་ཟའི་ཡུལ་དུ་ཕེབས་པ་ནི་ཡབ་ནོར་ཆེན་གྱི་རྨོངས་པའི་བློ་དང་རྟུལ་པོའི་སྤྱོད་པ་དང་འབྲེལ་ནས་བྱུང་བ་དང་། གདུག་རྩུབ་ཆེ་བ་དང་གཏུམ་དྲག་ལྡན་པ་དང་། གནས་ལུགས་དང་རྒྱུ་འབྲས་མི་བརྩི་བའི་ལྷོ་ཕྱོགས་རིགས་ལྡན་པའི་རྒྱལ་པོ་ཤག་པ་གཞོན་ནུའི་བྱེད་སྤྱོད་ངན་པ་དང་མཐའ་འབྲས་བཙོག་པོ་ལ་དགག་རྒྱག་དང་མཚང་འབྱིན་མཛད་ཡོད་དེ། དཔེར་ན། སྐབས་དེར་རྒྱལ་པོ་ཤག་པ་གཞོན་ནུ་ཞེས་ཁྲོ་གཏུམ་ང་རྒྱལ་ཅན། རང་འདོད་སེར་སྣ་ཅན། ལས་འབྲས་ལ་རྩིས་བཤེར་མི་བྱེད་པ་ཞིག་གིས་ཆབ་སྲིད་བཟུང་སྐབས། སྔོན་རོལ་བཟང་པོའི་ཡ་རབས་ཀྱི་ངང་ཚུལ་རྣམས་དོར། གོང་མ་རིམ་ཅན་གྱི་སྐྱབས་ཞུའི་བླ་མ་ལ་རྒྱབ་བརྟེན། ཡེ་ཤེས་ཀྱི་ལྷ་ལ་ཚད་མར་མི་འཛིན། དམ་སྲི་རྒྱལ་འགོང་ལ་བློ་ཕུགས་གཏད། ཟོག་པོ་རྫུན་རྐྱལ་ལ་སྐྱབས་གནས་ཞུ། མོ་མ་ཁྲམ་པ་ལ་ལེགས་ཉེས་བླང་དོར་འདྲི། མདུན་གྲོས་རྒན་སོང་རྣམས་ནི་དམངས་སུ་འབེབས། ཁྲ་མ་མཁན་དང་ཕྱོགས་ལྷུང་ཅན་གྱི་སྐྱེ་བོ་ཚད་མར་འཛིན། མ་རབས་ཀྱི་ལས་ཀུན་ཟིན་པའི་སྐབས། དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་བསྙེན་བཀུར། ལྷ་མཆོད་དུས་གཏོར་དང་ངན་སློང་སྦྱིན་གཏོང་སོགས་བསོད་ནམས་གསོག་པའི་ལས་ཀུན་རིམ་ཆག་ཏུ་སོང་བའི་རྐྱེན་གྱིས། ཆར་ཆུ་དུས་སུ་མི་འབེབས། ལོ་ཆུ་མི་ལེགས། མི་ནད་དང་ཕྱུགས་ནད་རྒྱུན་མི་ཆད། ནང་འཁྲུག་དང་མུ་གེས་ལུང་བ་གང་ཞིང་འཕྲོ་ལུས་དབུལ་པོར་གྱུར་པའི་སྐབས། མཐར་རྒྱལ་པོ་རང་གིས་ཀྱང་ཐུགས་ཀྱིས་མ་བཟོད་པར་བློན་པོའི་ཚོགས་ལ་བློ་འདྲི་གྲོས་བསྡུར་བྱས་པ་ལྟ་བུས་མངོན་པར་མཚོན་པ་དང་། དང་པོ་མི་དྲན་དགུ་དྲན་ལྔ་བརྒྱ་ཡིས་དྲན་འདུག ། དྲན་པ་ཐོག་ཏུ་འཁེལ་བ་ཨ་མཆོད་ངས་བྱས་སོང་། ། བྱས་པའི་སྔོ་ལོའི་རྒྱལ་མཚན་ཉི་མ་དེ་རིང་འཕྱར་སོང་། །ཡབ་ཆེན་རྒྱལ་པོའི་དྲུང་དུ་ད་ཆ་ག་འདྲ་ཞུ་བ། །ཞེས་ཨ་མཆོད་ཧ་རིས་ཕྱིན་ཆད་མི་འདོད་པ་བཟློག་ཚུལ་གྱི་རྫུན་གཏམ་གྱིས་མགོ་བོ་བསྐོར་བ་སོགས་བྱེད་སྤྱོད་དང་བསམ་སྦྱོར་ངན་པ་ཡིས་མཚོན་པའི་ཕྲག་དོག་དང་འགྲན་སེམས་ཀྱི་དུག་ཆུས་བློ་ཡིད་ཀུན་ནས་མྱོས་པའི་དོན་གྲུབ་དཔལ་མོ་སོགས་བཙུན་མོ་ལྔ་བརྒྱ་དང་། གནག་སེམས་དང་གནོད་སེམས་ཀྱིས་འཇུག་ལྡོག་རྩོམ་པའི་ཨ་མཆོད་ཨ་རི་བཅས་ཀྱི་བསམ་སྦྱོར་ངན་པ་དང་བྱ་སྤྱོད་ཐ་ཤལ་ལ་ཐོག་མཐའ་བར་གསུམ་དུ་ཟུར་ཟ་དང་དགག་པ་བརྒྱབ་འདུག་གོ།
         3. བསྟན་འགྲོ་ལ་གནོད་འཚེ་སྐྱེལ་བའི་གཡོ་སྒྱུ་ཟོལ་ཟོག་ལྡན་ལ་ཚུལ་འཆོས་ཕྲག་དོག་ཅན་གྱི་ཆོས་པ་རྫུན་མའི་ངན་མཚང་རྗེན་པར་བསྟན་པ། རྗེ་བཙུན་མི་ལ་རས་པས། གཡོ་སྒྱུ་ཟོལ་ཟོག་མ་སྤངས་པའི། །ཚུལ་འཆོས་ཁྲིམས་ཀྱིས་ཅི་ལ་ཕན། །ཉོན་མོངས་དུག་སྦྲུལ་མི་གསོད་པའི། །ཡེ་ཤེས་འདོད་པ་ལོག་ལྟ་ཡིན། །ཕྲག་དོག་འཚུབ་མ་མ་ཞི་བའི། །བྱང་སེམས་འདོད་པ་ལོག་ལྟ་ཡིན། །འགྲོ་ལ་འཚེ་བ་མ་སྤངས་པའི། །བཀུར་བསྟི་འདོད་པ་ལོག་ལྟ་ཡིན། །ངར་འཛིན་ཕྱོགས་རིས་མ་སྤངས་པའི། །མཉམ་ཉིད་འདོད་པ་ལོག་ལྟ་ཡིན། །ཞེས་གནད་ལ་འཁེལ་བར་གསུངས་པ་ཇི་བཞིན། མི་ངན་པས་ནི་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ཅིང་སངས་རྒྱས་ཆོས་ལུགས་བེད་སྤྱོད་བྱས་ནས་རྒྱལ་ཁབ་ཀྱི་སྲིད་དོན་ལ་ངན་ཇུས་ཐབས་བཀོད་ཅི་ཡང་འཐེན་པ་དང་། སངས་རྒྱས་བསྟན་པ་དང་འགྲོ་བ་ཀུན་ལ་གནོད་འཚེ་སྐྱེལ་བའི་ཆོས་པ་རྫུན་མ་ལྷོ་ཕྱོགས་རིགས་ལྡན་པའི་རྒྱལ་ཁབ་ཀྱི་སྦྲུལ་ནག་ཁ་འཛིན་དང་བྱང་ཕྱོགས་མངའ་ལྡན་པའི་རྒྱལ་ཁབ་ཀྱི་ཨ་མཆོད་ཧ་རིས་མཚོན་པའི་སྐྱུག་བྲོ་ལ་ཡིད་ཆད་པའི་གཏམ་སྤྱོད་ལ་སུན་འབྱིན་མཐིལ་ཕྱིན་པར་མཛད་པ་བཅས་སོ། །
གསུམ་པ། 《ཆོས་རྒྱལ་ནོར་བཟང》གི་སྒྱུ་རྩལ་ཁྱད་ཆོས་མདོར་བསྟན་པ།
         《ཆོས་རྒྱལ་ནོར་བཟང》གི་རྩོམ་སྟངས་ཁྱད་ཆོས་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། སྤྱིར་དེར་ཡང་ཟློས་གར་རྩོམ་རིག་གི་རྩོམ་སྟངས་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ལྡན་ཏེ། ཟློས་གར་ཁྲོད་དུ་མི་སྣ་དང་། བྱུང་རིམ། དུས་ཚོད། ཡུལ་ལྗོངས་སོགས་ཚད་མཐོན་པོས་གཅིག་བསྡུས་མཛད་ཅིང་། དུས་ཡུན་ཐུང་བའི་གར་སྟེགས་ཀྱི་འཁྲབ་སྟོན་དུས་ཚོད་ཁྲོད་དུ། རྣོ་ངར་ལྡན་ལ་ཛ་དྲག་ཆེ་བའི་འགལ་ཟླའི་འཐབ་རྩོད་ནི་མངོན་སུམ་དུ་ཐར་བཅད་ཅིང་རྒྱུན་བསྲིངས་ཏེ། མི་སྣ་དག་གི་གཤིས་གཟུགས་འགྲེང་ཚུགས་མངའ་བ་དང་འབུར་དུ་ཐོན་པ་དང་། བྱུང་རིམ་གྱི་འཕེལ་རྒྱས་ལ་ཤུགས་སྣོན་གྱི་སྒོ་ནས་བསམ་བློའི་ནང་དོན་ལེགས་པར་བསྟན་ཏེ། དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བའི་འཐབ་རྩོད་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ནས། མི་རྣམས་ལ་མཛེས་དཔྱོད་རིག་པའི་མྱོང་རོལ་ཡིད་ཚིམ་པར་སྩོལ་བ་དང་ཐབས་ཅིག་ཏུ་མི་ཆོས་ཀུན་སྤྱོད་ཀྱི་གོ་བསྐོན་སློབ་གསོ་ནན་མོར་གཏོང་བའི་ཁྱད་ཆོས་དང་ནུས་པ་ལྡན་ནོ། །
         1.གཏམ་རྒྱུད་ཀྱི་བྱུང་རིམ་ནི་ཛ་དྲག་ཆེ་བ་དང་འཁྱོག་འགྲོས་ཀྱི་རང་བཞིན་ལྡན་པར་མཛད་པ། ཨུ་རུ་སུའི་རྩོམ་པ་པོ་ཀོར་ཅི་ལགས་ཀྱིས། རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་རྐྱེན་གསུམ་པ་རུ་གྱུར་པ་ནི་གང་ཡིན་ཅེ་ན། དེ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་མོ། །དེ་ནི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་ཕན་ཚུན་དབར་བྱུང་བའི་འབྲེལ་བ་དང་མགལ་བ། མཛའ་བརྩེ་དང་འཁོན་རྩོད་སོགས་རྒྱུན་ལྡན་གྱི་འབྲེལ་འདྲིས་ལ་ཟེར་ཞིང་། འཐུས་གཟུགས་སུ་གྱུར་པའི་མི་སྣའི་རང་གཤིས་མཚར་ལོང་བྱུང་བ་དང་ལེགས་གྲུབ་བྱུང་བའི་ལོ་རྒྱུས་གོ་རིམ་ཡིན་ནོ་ཞེས་གསུངས་པ་བཞིན། གཏམ་རྒྱུད་བྱུང་རིམ་ནི། མི་སྣ་དག་གི་རང་གཤིས་མངོན་པར་མཚོན་པ་དང་། མི་སྣའི་བྱེད་སྤྱོད་ལ་ཉེ་བར་འབྲེལ་བའི་འཚོ་བའི་དོན་བྱ་བསྟུད་མར་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་དེ་ཡིན་ནོ། །དངོས་ཡོད་འཚོ་བའི་ཁྲོད་ཀྱི་འགལ་རྐྱེན་འཐབ་རྩོད་ནི། ཟློས་གར་རྩོམ་རིག་གི་གཏམ་རྒྱུད་བྱུང་རིམ་གྱི་རྨང་གཞི་དང་འབྱུང་ཁུངས་སུ་གྱུར་པས་ན། འགལ་རྐྱེན་མེད་ན་བྱུང་རིམ་ཡོད་མི་སྲིད་ཅིང་། གཏམ་རྒྱུད་བྱུང་རིམ་ནི་ནམ་ཡང་འགལ་རྐྱེན་འཐབ་རྩོད་དང་དམ་པོར་འབྲེལ་ཅིང་མཆིས་སོ། །ཁྱད་དུ་འཕགས་པའི་རྩོམ་རིག་སྒྱུ་རྩལ་གྱིས་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྣོ་ངར་རྙོག་འཛིང་ཆེ་བའི་འགལ་བ་འཐབ་རྩོད་གསལ་རྗེན་དུ་སྟོན་པར་ནུས་ཏེ། བརྩམས་ཆོས་ལ་སེམས་པ་འཚབ་ཅིང་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་བྱུང་རིམ་ལྡན་ལ། སྤྱི་ཚོགས་འཚོ་བའི་ངོ་བོ་དང་ཆོས་ཉིད་ཇི་མ་ཇི་བཞིན་དུ་མཚོན་པར་ནུས་སོ། །ཟློས་གར་རྩོམ་རིག་འདི་ཉིད་ཀྱི་མགོ་རྩོམ་སྐབས། ཐད་ཀར་དུ་བྱང་ཕྱོགས་མངའ་ལྡན་པའི་རྒྱལ་ཁབ་དང་ཡུལ་དེར་འཚོ་ཞིང་གནས་པའི་མི་སྣ་ཞིབ་འབྲི་མ་མཛད་པར། ལྷོ་ཕྱོགས་རིགས་ལྡན་པའི་རྒྱལ་པོ་ཤག་པ་གཞོན་ནུའི་སྤྱོད་ལམ་ངན་པ་དང་རྒྱལ་ཁབ་དེ་ཉིད་ཀྱི་ཉམས་རྒུད་ཀྱི་རྣམ་པ་དེ་ཡིས་གཏམ་རྒྱུད་ཀྱི་སྒོ་མོ་ཁད་ཀྱིས་ཕྱེ་སྟེ། བྱང་ཕྱོགས་པདྨ་བླ་མཚོའི་ནང་གི་ཀླུ་མོ་ཕྱིར་འགུགས་པར་ཕེབས་པའི་སྔགས་འཆང་སྦྲུལ་ནག་ཁ་འཛིན་ལགས་ནི་གཏམ་རྒྱུད་བྱུང་རིམ་གྱི་རྒྱུན་ཐག་ཏུ་ཆེས་ཐོག་མར་འཐེན་པ་རེད། ཐོག་མར་འདི་ལྟར་བྲིས་པ་ནི་ཕན་ཚུན་བསྡུར་བའི་སྒྱུ་རྩལ་རྩོམ་སྟངས་སུའང་གྱུར་ཏེ། བྱང་ཕྱོགས་མངའ་ལྡན་པའི་རྒྱལ་ཁབ་དང་དེའི་རྒྱལ་བུ་ནོར་བཟང་ནི་སྐྱེ་བོ་གཞན་ཀུན་ལས་ཁྱད་པར་དུ་འཕགས་པའམ་འབུར་ཏུ་ཐོན་པར་བྱས་སོ། །བྱུང་རིམ་གྱི་རྒྱུན་ཐག་སྟེ་སྔགས་འཆང་སྦྲུལ་ནག་ཁ་འཛིན་དེ་ཉིད་བྱང་ཕྱོགས་པདྨ་བླ་མཚོའི་ཁར་ཀླུ་མོ་འགུགས་པར་ཕེབས་སྐབས། རྔོན་པ་སྤང་ལེབ་འཛིན་པ་ཞེས་པ་ཐོན་བྱུང་ནས་བཀག་འགོག་བྱས་ཏེ་སྔགས་འཆང་བསྒྲལ་མཐར་མཚོ་མོའི་ནང་གི་ཀླུ་རྣམས་ཀུན་ནས་བསྐྱབས་སོ། །དེར་བརྟེན། རྔོན་པ་སྤང་འཛིན་པ་ནི་ཀླུ་རྣམས་ཀྱི་གཉེན་དང་གྲོགས་སུ་གྱུར་ཏེ། ཀླུའི་རྒྱལ་པོ་ལས་དགོས་འདོད་ཀུན་འབྱུང་གི་ནོར་བུ་དཔལ་དུ་ཐོབ་པ་དང་། རྗེས་སུ་དྲི་ཟའི་ལྷ་མོ་ཡིད་འཕྲོག་ལྷ་མོ་འཛིན་པའི་ནོར་བུ་དོན་ཡོད་ཞགས་པའང་དཀའ་ལས་མེད་པར་ཡིད་བཞིན་དུ་ལག་ཏུ་ཐོབ་པར་གྱུར། དེ་བས་ན། གཏམ་རྒྱུད་ཀྱི་བྱུང་རིམ་དེ་སྔགས་འཆང་སྦྲུལ་ནག་ཁ་འཛིན་ལས་ནི་རྔོན་པ་སྤང་ལེབ་འཛིན་པ་ཡིས་མུ་མཐུད་དུ་རྒྱུན་བསྐྱངས་ཤིང་ཕྱོགས་གཞན་ཞིག་ཏུ་དཀྱོགས་ཏེ་ཁྲིད་པ་རེད། རྔོན་པ་སྤང་ལེབ་འཛིན་པ་ཡིས་ཀླུ་ཡུལ་ནས་ནོར་བུ་དོན་ཡོད་ཞགས་པ་བླངས་ཏེ། ཚངས་པ་འདུ་བའི་ཁྲུས་རྫིང་གི་ཁ་ནས་ཡིད་འཕྲོག་ལྷ་མོ་ནམ་མཁའ་ནས་ཐང་ལ་འཕངས་ནས་བདག་ཏུ་བཟུང་བ་ནི། གཞན་ཅི་དང་གང་གི་དོན་དུའང་མ་ཡིན་པར། རང་གི་དགའ་མ་ཉིད་དུ་འདོད་པ་ཡིན་ཀྱང་། ཡིད་འཕྲོག་ལྷ་མོ་ནི་རྔོན་པ་ལ་ཡིད་གཏན་ནས་མ་ཐད་པར་གྱུར་པས། གཏམ་རྒྱུད་ཀྱི་བྱུང་རིམ་ནི་བར་མཚམས་དེ་ནས་རྔོན་པའི་འདོད་མོས་དང་རྒྱབ་ཀྱིས་ཕྱོགས་ཏེ། དྲང་སྲོང་བློ་གྲོས་རབ་གསལ་གྱི་གསུང་ལུང་གིས་མུ་མཐུད་དུ་རྒྱུན་བསྐྱངས་ཤིང་ཕྱོགས་གཞན་དུ་དཀྱོགས་ཏེ་རྒྱལ་བུ་ཆོས་རྒྱལ་ནོར་བཟང་གི་གམ་དུ་ཉེ་བར་ཁྲིད་པ་རེད། ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ལྷ་མོ་གཉིས་ཞལ་སྤྲོད་རྒྱུ་དང་མཉམ་དུ་སྦྲེལ་རྒྱུ་ནི་རྣམ་ཐར་འདི་ཉིད་ཀྱི་དམིགས་ཡུལ་གཙོ་བོ་ཡིན་པའི་དབང་དུ་བཏང་ན། རྔོན་པས་ཡིད་འཕྲོག་ལྷ་མོ་ནི་རྒྱལ་བུ་ནོར་བཟང་གི་བཙུན་མོར་ཕུལ་རྗེས། གཏམ་རྒྱུད་འདི་ཉིད་ཀྱི་མཇུག་གཞི་ནས་རྫོགས་ཀྱང་རུང་མོད། འོན་ཀྱང་། གཏམ་རྒྱུད་འདི་ཉིད་དེ་ནས་དེ་ལྟར་མཇུག་མ་བསྒྲིལ་པར། བཙུན་མོ་ལྔ་བརྒྱའི་ཕྲག་དོག་འགྲན་སེམས་དང་ཨ་མཆོད་ཧ་རིའི་བསམ་ངན་སྦྱོར་རྩུབ་ཀྱིས་གཏམ་རྒྱུད་ཀྱི་བྱུང་རིམ་ཛ་དྲག་ཆེ་ལ་རྣོ་ངར་ལྡན་པའི་འཐབ་རྩོད་གསར་པ་ཞིག་ཏུ་མུ་མཐུད་དུ་དཀྱོགས་ཏེ་ཁྲིད་བྱུང་བ་རེད།
         རྒྱལ་བུ་ནོར་བཟང་ནི་བྱང་ཕྱོགས་ལ་མི་རྒོད་འདུལ་དུ་མངགས་པའི་ཤུལ་དུ། ཡིད་འཕྲོག་ལྷ་མོའི་ཚེ་སྲོག་ལ་མི་འདོད་ཉེན་ཁ་ཆེན་པོ་བྱུང་སྟེ། མི་ཡུལ་དུ་འདུག་ཐབས་བྲལ་ནས། སླར་ཡང་དྲི་ཟའི་ཡུལ་དུ་འཕུར་སོང་བ་རེད། གཏམ་རྒྱུད་བྲིས་ནས་གནས་སྐབས་འདིར་ཐོན་སྐབས། ཆོས་རྒྱལ་ནོར་བཟང་གི་ལྷག་བསམ་ཟོལ་མེད་དང་མི་ཕྱེད་མཛའ་གཅུགས། དཔའ་གདེང་སྙིང་སྟོབས་འབུར་དུ་ཐོན་པའི་ཕྱིར། ཁོང་ཉིད་ཀྱིས་ལམ་དགྲ་གང་མང་བཏུལ་ཅིང་དཀའ་སྡུག་ཚད་མེད་མྱངས་ཏེ། ལྗོན་པའི་ཡུལ་དུ་ཡིད་འཕྲོག་ལྷ་མོ་གདན་འདྲེན་དུ་ཕེབས་པ་དང་། ཕེབས་ནས་ཀྱང་དཔའ་རྩལ་འགྲན་ཞིང་མདའ་དར་འཕངས་ནས། ཡིད་འཕྲོག་ལྷ་མོ་སླར་ཡང་མི་ཡུལ་ཏེ་བྱང་ཕྱོགས་མངའ་ལྡན་པའི་རྒྱལ་སར་རྣམ་པར་བསུས་པའི་རྣམ་པ་ནི་འཆར་ཡན་རྫོགས་ལ་མཚར་སྣང་ལྡན་པའི་ངང་བྲིས་གནང་མཛད། དེར་བརྟེན། 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》འདིའི་བྱུང་རིམ་ལ་འཁྱོག་འགྲོས་ཀྱི་རང་བཞིན་ལྡན་པ་དང་། འཁྱོག་འགྲོས་སུ་ཁྲིད་པའི་གཏམ་རྒྱུད་ཀྱི་ཕྲེང་བའི་རྒྱུན་ཐག་སྟེ། སྔགས་འཆང་སྦྲུལ་ནག་ཁ་འཛིན་དང་། རྔོན་པ་སྤང་ལེབ་འཛིན་པ། དྲང་སྲོང་བློ་གྲོས་རབ་གསལ། བཙུན་མོ་ལྔ་བརྒྱ། ཨ་མཆོད་ཧ་རི། རྒྱལ་བུ་ནོར་བཟང་སོགས་ཐམས་ཅད་ནི། མཐར་གཏུགས་ནས་བཤད་ན།གཏམ་རྒྱུད་ཀྱི་འཕེལ་རིམ་གོང་འཕེལ་དུ་འགྲོ་བའི་ཐེམ་སྐས་རེ་རེ་དང་མཚུངས་ལ། གོ་རིམ་ཕན་ཚུན་སྦྲེལ་བའི་ལྕགས་ཐག་གི་ཨ་ལོང་རེ་རེ་ལྟ་བུར་སྣང་ལ། རྣམ་ཐར་གྱི་བརྗོད་དོན་འབུར་དུ་ཐོན་པའམ་དེར་ཞབས་འདེགས་ཞུ་བ་ལ་མེད་དུ་མི་རུང་བའི་རྒྱུ་རྐྱེན་དག་ཏུ་རྣམ་པར་གྲུབ་འདུག་གོ །
         2. མི་སྣའི་སྣང་བརྙན་དང་ཉམས་གཤིས་ཀུན་ནས་རྫོགས་པར་འབྲི་བཞེངས་མཛད་པ། རྩོམ་པ་པོ་ཀོར་ཅི་ལགས་ཀྱིས། སྒྱུ་རྩལ་བརྩམས་ཆོས་ནི་སྤྲོས་བཤད་མ་ཡིན་པར། ཉམས་སྣང་དང་མཛེས་རིས་ལ་བརྟེན་ནས་ཞིབ་འབྲི་མཛད་པའི་དངོས་ཡོད་འཚོ་བ་དེ་ཡིན་ནོ། །ཞེས་གསུངས་པ་བཞིན། 《ཆོས་རྒྱལ་ནོར་བཟང》ཁྲོད་ཀྱི་མི་སྣ་རྣམས་ལ་ནི་མཚུངས་མེད་ཉམས་སྣང་དང་རང་གཤིས་ཀུན་ནས་རྫོགས་འདུག་གོ །དེ་ཡང་མི་སྣའི་རང་གཤིས་ཞེས་པ་ནི། མི་སྣ་དེ་ཉིད་མི་སྣ་གཞན་དག་དང་མི་འདྲ་བར། དེ་ཉིད་ལ་ནི་ཐུན་མིན་དང་མངོན་གསལ་གྱི་ངང་རྒྱུད་གཤིས་སྤྱོད་ཅིག་ལྡན་པ་དེ་ལ་ཞུའོ། །སྤྱི་ཚོགས་འཚོ་བའི་ཁྲོད་དུ། ཁོར་ཡུག་གི་མི་རྣམས་དང་འབྲེལ་འདྲིས་བྱེད་པའི་གོ་རིམ་བརྒྱུད་ཚེ། མི་རང་རང་གི་འཚོ་བའི་ཆ་རྐྱེན་དང་། འཚོ་བའི་བརྒྱུད་རིམ། ཤེས་རིག་ཡོན་ཚད། ཡང་ན་གཟུགས་ཁམས་འཇོན་ཐང་བཅས་འདྲ་མཚུངས་མ་ཡིན་པའི་རྐྱེན་གྱིས། མི་རེ་རེ་ལ་བསམ་བློ་བརྩེ་དུངས་དང་། དགའ་ཁ་འཁྱེར་ཕྱོགས། འཚོ་གཞེས་གོམས་སྲོལ། ཡང་ན་ཆ་བྱད་ཉམས་སྟབས་རེ་རྣམ་པར་གྲུབ་པ་ཡིན་ནོ། །ཟློས་གར་རྩོམ་རིག་འདིའི་ཁྲོད་དུ་མི་སྣ་ཅུང་མང་ཞིང་། མི་སྣ་དེ་དག་གི་ཐུན་མོང་མ་ཡིན་པའི་རང་གཤིས་དང་ངང་ཚུལ་གསོན་ཉམས་ལྡན་པའི་ངང་ཞིབ་བྲི་མཛད་ཡོད་པ་སྟེ། དཔེར་ན། བྱང་ཕྱོགས་རིགས་ལྡན་པའི་བགྲེས་སོང་ཀུན་དགའ་ཡར་འཕེལ་ནི། ལོ་བརྒྱ་དང་བརྒྱད་ཅུ་ལོན་པ། དབུ་སྐྲ་དཀར་པོ་བ་སྤུ་གྱེན་དུ་གཟེངས་འདྲ། མིག་ཟུང་ཁོག་ལ་རྡིབ་ཅིང་མི་གསལ་བ། ཁ་ནང་ན་སོ་མུ་ཏིག་ཙམ་མེད་ནའང་། བློ་རིག་ལྡན་ལ་ཤེས་རབ་ཆེ་བ་དང་། ཕན་སེམས་མཆིས་ལ་བདེན་ལུགས་སྐྱོང་བའི་འབངས་མི་མཆོག་ཏུ་གྱུར་པ་ཞིག་ཏུ་ཞིབ་འབྲི་མཛད་འདུག་པ་དང་། བྱང་ཕྱོགས་པདྨ་བླ་མཚོའི་ཁར་ཀླུ་མོ་འགུགས་པར་ཕེབས་པའི་སྔགས་འཆང་སྦྲུལ་ནག་ཁ་འཛིན་ནི། ལུས་བོང་ཆེ་ཞིང་རལ་བ་ཁམ་སེར་གྱིས་དབུ་ལ་བརྒྱན་པ། མིག་དམར་ཞིང་ཁྲོ་ཉམས་ཀྱི་ལྟ་སྟངས་འཛིན་པ། ལག་གཡས་པ་ཕུར་བུ་དང་དར་ནག་བསྒྲོགས་པ་ནམ་མཁར་ཕྱར་ཞིང་། ལག་གཡོན་པས་རློན་ཐུན་གྱི་དུག་ཁྲག་བླུགས་པའི་ཐོད་པ་འཛིན་པ། ལུས་ལ་བེར་ནག་ལྷབ་ལྷུབ་ཏུ་གྱོན་པ་ཞིག་གོ་ཞེས་སྔགས་ནུས་མཆིས་པ་དང་། འཇིགས་རྔམ་དང་ལྡན་ལ་སེམས་ཅན་ལ་ཕན་གནོད་ཅི་རིགས་སྒྲུབ་པའི་ཆོས་ལུགས་པ་རྫུན་མ་ཞིག་ཏུ་ཞིབ་བྲི་མཛད་འདུག་པ་དང་། རྔོན་པ་སྤང་ལེབ་འཛིན་པ་ནི་གཞན་ཕན་གྱི་ལས་ལ་ཞུགས་པར་སྤྲོ་ཞིང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ཡང་། རང་འདོད་ཆེ་ཞིང་བུད་མེད་ལ་ཆགས་པ་ཞིག་ཡིན་པ་མངོན་པར་མཚོན་ཡོད་པ་དང་། ཡུལ་ཀེའུ་རིའི་བྲག་ཕུག་ཏུ་བཞུགས་པའི་དྲང་སྲོང་བློ་གྲོས་རབ་གསལ་ནི་དབུ་སྐྲ་དཀར་པོའི་ཐོར་ཅོག་བཅིངས་པ། སྨིན་མ་དང་ཨོག་ཚོམ་དཀར་བ། ཚེ་གཅིག་ལུས་གཅིག་ལ་གྲུབ་པ་ཐོབ་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་ཀྱིས། གཞན་དོན་ཚེ་དང་སྒྲུབ་པ་མཐའ་རུ་སོན་ཅིང་། ཟས་སུ་ཏིང་འཛིན་འཚོ་བའི་ཆོག་ཤེས་བསྟེན། གོས་སུ་པཉྫལི་ཀའི་ན་བཟའ་གསོལ། གཉེན་དུ་དཀོན་མཆོག་གསུམ་ལ་བློ་ཐག་བཅོལ། དགྲ་རུ་ཉོན་མོངས་དུག་ལྔར་དོགས་ཟོན་མཛད། མཚོན་དུ་ཤེས་རབ་རལ་གྲི་རྒྱུན་དུ་བཅངས། ཕུབ་ཏུ་བདག་མེད་བཟོད་པ་འབྲལ་བ་མེད་པ་ལ་སོགས་ཀྱི་དམ་པའི་ཆོས་ཀྱི་ཡོན་ཏན་ལྡན་ལ་གཞན་ཕན་གྱི་ལས་ལ་ལྷག་བསམ་དཀར་བའི་རྟོགས་ལྡན་ཞིག་ཏུ་ཞིབ་བྲི་མཛད་འདུག་པ་དང་། མི་སྣ་གཙོ་བོ་ཆོས་རྒྱལ་ནོར་བཟང་ནི་བློ་སེམས་དཀར་ཞིང་ལས་འབྲས་ལ་བརྩི་འཇོག་ཆེ་བ། དཔའ་ངར་ལྡན་ཞིང་བློ་གྲོས་དང་ལྡན་པ། འདོད་དོན་བརྩེ་ཞེན་གྱི་ཆེད་དུ་ཐམས་ཅད་བློས་གཏོང་ཕོད་པ་ཞིག་ཏུ་འབྲི་བཞེངས་མཛད་འདུག་པ་དང་། ཡིད་འཕྲོག་ལྷ་མོ་ནི་མཛེས་སྡུག་དཔལ་གྱིས་སྒེག་ཅིང་། མཛའ་བརྩེའི་ཕྱི་ཐག་རིང་བ། མཁས་མཛངས་ཡོན་ཏན་དང་ལྡན་པ། མི་ཡུལ་གྱི་འཚོ་བར་སེམས་པ་འཕྲེང་བའི་དྲི་ཟའི་ལྷ་མོ་ཁྱད་དུ་འཕགས་པ་ཞིག་ཏུ་ཞིབ་བྲི་མཛད་ཡོད་དོ། །གཞན་ཡང་། ལས་འབྲས་ལ་མི་བརྩི་བའི་རྒྱལ་པོ་ཤག་པ་གཞོན་ནུ། ཁྲོ་གཏུམ་ཅན་གྱི་རྒྱལ་པོ་ནོར་ཆེན། ཕྲག་དོག་གི་དུག་ཆུས་མྱོས་ཤིང་ཕུང་དཀྲུགས་ཀྱི་གཞི་མར་གྱུར་པའི་བཙུན་མོ་དོན་འགྲུབ་དཔལ་མོ། སྦྱོར་ངན་ལ་ཞུགས་པར་སྤྲོ་བའི་ཨ་མཆོད་ཧ་རི་སོགས་མི་སྣ་དེ་རྣམས་ཀྱང་། རང་རང་གི་ཐུན་མོང་མ་ཡིན་པའི་གཤིས་ཀ་གྲུབ་པ་དང་བྱད་གཟུགས་ཡོད་པའི་སྒོ་ནས་ཞིབ་བྲི་གང་ལེགས་མཛད་ཡོད་དོ། །དེ་མ་ཟད། ད་རུང་མི་སྣ་ཆུང་ངུའམ་ཕལ་བར་གྱུར་པ་འབའ་ཞིག་ཀྱང་གཏམ་རྒྱུད་གོ་རིམ་ཁྲོད་དུ་མགོ་བོ་འབུར་བ་ཙམ་གྱིས་མི་སྣ་གཙོ་བོ་དག་ཕན་ཚུན་སྦྲེལ་བར་བགྱིད་པའི་འབྱོར་རྩི་རུ་གྱུར་འདུག་པ་དང་། དེ་དག་གིས་ཀྱང་ཉམས་སྣང་ཟུར་ཙམ་རེ་མཚོན་པར་བྱས་ཡོད་དེ། དཔེར་ན། དུམ་པ་ཞིག་ནས་བློན་པོ་བྱིངས་རྣམས་ནི་རྒྱལ་པོ་ཤག་པ་གཞོན་ནུ་ཐུགས་གཤིས་གཏུམ་སྟབས། བཀོད་པ་གཞན་མི་ནུས་ཤིང་རྒྱལ་པོ་རང་གི་བློ་ཁྲིད་ཐབས་ཀྱིས་གཡུལ་བཤམས་དཔུང་འདེགས་རང་ལེགས་ཚུལ་ཅི་རིགས་གླེང་ཞིང་། དེའི་ཁྲོད་ནས་བློན་པོ་རྒན་པ་ཅུང་ཟད་དགེ་སྐྱོན་རྟོགས་པ་ཞིག་གིས་ཐལ་མོ་སྦྱར་ནས་ཞུས་སོ་ཞེས་བློན་པོ་མིང་མེད་ཅིག་དང་། བཀུར་བསྟི་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད་པའི་ཚེ། སྔགས་པ་དེའི་ཁྲོད་ནས་ལང་ཚོ་དར་ལ་བབས་པ་གཟུགས་བཟང་བ། མདོག་སྔོ་བ། སྣ་ཉག་པ། བཞིན་མི་སྡུག་པ་ཞིག་ཡར་ལངས་ནས་འདི་སྐད་ཞུས་སོ་ཞེས་སྔགས་པ་མིང་མེད་ཅིག་དང་། ཡང་སྔགས་པ་སྣ་མཐོ་བ་མགོ་སྐྱེས་ཀྱི་རལ་བ་སྔོ་ཞིག་གེར་ཡོད་པ་ཞིག་ནས་འདི་སྐད་དོ་ཞེས་སྔགས་པ་མིང་མེད་ཅིག་དང་། དེའི་ཚེ་ན། བྱང་ཕྱོགས་མཚོ་ནང་ན་གནས་པའི་ཀླུའི་རྒྱལ་པོ་དེར་མངོན་ཤེས་ཡོད་པས། ལྷོ་ཕྱོགས་སྔགས་པས་མཚོ་ལ་གནོད་པ་བྱེད་དུ་ཡོང་བ་ཤེས་ནས། ཁྱེའུ་ལོ་བརྒྱད་པ་རལ་བ་འཁྲུལ་ལེ་བ་ཞིག་ཏུ་སྤྲུལ་ནས་མཚོ་ཁ་དེར་ཐོན་ཞེས་ཀླུའི་རྒྱལ་པོ་དང་། ཀླུ་དུང་སྐྱོང་། ཀླུ་ཉེར་དགའ་བཅས་དང་། སྔོན་གྱི་གནས་ཚང་རྒན་རྒོན་གཉིས་དང་། ཡིད་འཕྲོག་ལྷ་མོའི་ཞལ་ཏ་མ་ཀུན་དགའ་དཔལ་མོ་དང་འཛོམས་སྐྱིད་དང་། བྱང་ཕྱོགས་ཡུལ་གྱི་མི་རྒོད་ཕ་བུ་གཉིས་དང་། ཡིད་འཕྲོག་ལྷ་མོའི་མདུན་གཡོག་མཐོང་གྲོལ་ལྷ་མོ་དང་། ལྷ་བུ་དར་པོ། མེ་ཏོག་གཡུ་སྒྲོན་དང་། དྲི་ཟའི་བློན་པོ་ཐོན་པ་བློ་གྲོས་དཔལ་དང་། མཐའི་རྒྱལ་ཕྲན་རྣམས་ཀྱང་ནོར་བཟང་གི་ལེགས་འབུལ་དུ་ལོ་ཟླ་བགྲོད་པའི་ས་ནས་ཀྱང་མི་སྣ་ཨ་ཆི་དང་། ཛུ་གི་སོགས་ཕྱོགས་བཞི་ནས་རྒྱུན་མི་ཆད་པར་བྱུང་ངོ་ཞེས་མཐའི་རྒྱལ་ཕྲན་གྱི་མི་སྣ་ཕལ་བར་གནས་པ་སོགས་མི་སྣ་སྣ་ཚོགས་ཤིག་མངོན་བྱུང་བ་ལྟ་བུའོ། །
         3. མི་སྣའི་གོ་གནས་ཐོབ་ཐང་དང་ཉེ་བར་འཚམ་ཞིང་གཤིས་སྤྱོད་ངང་ཚུལ་རྫོགས་པའི་སྐད་ཆ་ལེགས་པར་བྲིས་པ། ཟློས་གར་རྩོམ་རིག་ལ་མངའ་བའི་དགེ་མཚན་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ནི། རྩོམ་པ་པོས་ཅིས་ཀྱང་འཁྲབ་གཞུང་ཁྲོད་ཀྱི་མི་སྣ་དག་གི་ཐོབ་ཐང་གོ་གནས་ལ་ཀུན་ནས་བསྟུན་ཏེ་ཁོ་ཚོ་རང་རང་གི་གཤིས་སྤྱོད་རྫོགས་པའི་སྐད་ཆ་ལེགས་པར་འབྲི་དགོས་པ་དེ་ཡིན། ཨུ་རུ་སུའི་རྩོམ་པ་པོ་ཀོར་ཅི་ལགས་ཀྱིས། ཟློས་གར་འཁྲབ་གཞུང་ནི་ཆེས་རྩོམ་པར་དཀའ་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཏེ། གང་དེའི་དཀའ་བའི་གནད་ནི་གང་ལགས་ཤེ་ན། དེ་ནི་འཁྲབ་གཞུང་གི་དགོས་པ་ཇི་བཞིན་མི་སྣ་དག་གིས་རང་རང་གི་སྐད་ཆ་དང་བྱེད་སྤྱོད་ལ་ཉེ་བར་བརྟེན་ནས་རང་ཉིད་ཀྱི་གཤིས་ཉམས་དང་བསམ་འདུན་མཚོན་པར་བྱེད་དགོས་པ་ལས། རྩོམ་པ་པོ་ཡིས་སྣེ་སྟོན་ནམ་སྤྲོས་བཤད་ཅི་ཡང་བྱ་མི་དགོས་པ་དེ་ཡིན་ནོ། །ཞེས་གསུངས་པ་བཞིན། འཁྲབ་གཞུང་ཁྲོད་ན་མི་སྣས་ཕན་ཚུན་སྨྲ་བའི་སྐད་ཆ་མ་གཏོགས་དོན་བརྗོད་རྒྱས་བཤད་མཁན་གྱི་སྐད་ཆ་ཅི་ཡང་ཡོད་པ་མ་ཡིན་པར། རྩོམ་པ་པོ་ཡིས་རང་ཉིད་ཀྱིས་བརྗོད་ཅིང་མཚོན་པར་འདོད་པའི་སྤྱི་ཚོགས་འཚོ་བ་ནི། མི་སྣ་དེ་དག་གི་སྐད་ཆ་དང་བྱེད་སྤྱོད་ལ་བསྒྱུར་ནས་སྟོན་པར་བྱེད་པ་ཡིན་ནོ། །སྒྲུང་གཏམ་གྱི་ཁྲོད་དུ། རྩོམ་པ་པོས་འཚོ་བའི་དོན་བྱ་ཇི་སྙེད་ཅིག་ཅི་འདོད་གང་དགའ་རུ་རྒྱས་བཤད་བྱས་ཆོག་ལ། མི་སྣ་དག་གི་བསམ་བློ་བརྩེ་དུངས་དང་ཆབ་སྲིད་ལངས་ཕྱོགས་སོགས་ཞིབ་འབྲི་ཅི་ཡང་བྱས་ཆོག་ནའང་། ཟློས་གར་རྩོམ་རིག་ཁྲོད་དུ་ནི། གཏམ་རྒྱུད་གོ་རིམ་གྱི་འཕེལ་རྒྱས་དང་། མི་སྣའི་གཤིས་སྤྱོད་ཀྱི་མངོན་སྟངས། ཡང་ན་རྩོམ་པ་པོའི་བསམ་བློའི་ཤེས་རྟོགས་སོགས་ཡོད་ཚད་གཅིག་སྡུད་ཀྱི་སྒོ་ནས་མི་སྣའི་སྐད་ཆ་དང་བྱེད་སྤྱོད་ལ་རྣམ་པར་བརྟེན་ནས་མངོན་པར་མཚོན་དགོས་པ་ཞིག་ཡིན། དེའི་ཕྱིར། འཁྲབ་གཞུང་ཁྲོད་ཀྱི་མི་སྣའི་སྐད་ཆ་ནི། ངེས་པར་དུ་རང་གཤིས་བསམ་འདུན་ཀུན་ནས་རྫོགས་པ་ཞིག་དང་། ཁྱོན་ཡོངས་ནས་མི་སྣའི་གཤིས་སྤྱོད་ངང་ཚུལ་མཚོན་ཐུབ་པ་ཞིག་ཡིན་དགོས། ལར་རང་གཤིས་རྫོགས་པའི་མི་སྣའི་སྐད་ཆ་ཞེས་པ་ནི། མི་སྣས་ཕན་ཚུན་སྨྲ་བའི་སྐད་ཆ་དང་མི་སྣ་རང་ཉིད་ཀྱི་མོལ་མཆིད་སོགས་ནི་ངེས་པར་དུ་མི་སྣ་རང་རང་གི་ལོ་ཚོད་དང་བརྒྱུད་རིམ། ཐོབ་ཐང་དང་ཤེས་ཡོན་བཅས་དང་འོས་འཚམ་དང་གཅིག་མཐུན་ཡིན་དགོས་ལ། མི་སྣ་དེ་དག་གི་གྲལ་རིམ་ཕྱོགས་གཏོགས་དང་རིག་གནས་སྙིང་སྟོབས། ཡིད་བྱེད་སེམས་ཁམས་སོགས་ཀྱང་མཚོན་ཐུབ་པ་ཞིག་ལ་ཟེར་བ་ཡིན་ནོ། །ཟློས་གར་རྩོམ་རིག་འདི་ཉིད་ཀྱི་རྗོད་བྱེད་ཚིག་ནི་བཅད་ལྷུག་གང་ཡིན་ཡང་གོ་བདེ་ཞིང་གྲ་དག་ལ། སྦྱོར་མཛེས་ཤིང་བརྗོད་བདེ་བ་ཞིག་ཡིན་པ་དང་། ལྷག་པར་དུ་མི་སྣས་ཕན་ཚུན་སྨྲ་བའི་སྐད་ཆ་ལ་ནི་ཟློས་གར་འཁྲབ་གཞུང་གི་མི་སྣའི་སྐད་ཆའི་སྒྱུ་རྩལ་ཁྱད་ཆོས་ཐོན་འདུག་པ་དང་། དེ་ཡིས་ཀྱང་དགའ་སྡུག་སྐྱོ་གདུང་གི་ཉམས་འགྱུར་ཇི་བཞིན་ཐོན་འདུག་པས་ན། རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱི་འཚོ་བའམ་བློ་ཁ་དང་ཀུན་ནས་མཐུན་པ་ཞིག་གོ །
         4. དངོས་ཡོད་འཚོ་བ་དང་རྟོག་པ་འཆར་ཡན་ཟུང་དུ་སྦྲེལ་ནས་བརྗོད་དོན་མཛེས་པར་བསྟན་པ། སྤྱིར་རྟོག་པ་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ལ་དགེ་མཚན་ལྡན་པའི་རྟོག་པ་འཆར་ཡན་རིང་ལུགས་དང་དགེ་མཚན་དམན་པའི་རྟོག་པ་འཆར་ཡན་རིང་ལུགས་གཉིས་མཆིས་ཤིང་། དགེ་མཚན་ལྡན་པའི་རྟོག་པ་འཆར་ཡན་རིང་ལུགས་ནི། འགྲོ་བ་མི་རྣམས་ཀྱི་འཚོ་བའི་རེ་འདུན་རྟག་བརྟན་ཡོང་བ་དང་། དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་མྱངས་དང་མྱོང་བཞིན་པའི་མི་བཟད་གཉའ་གནོན་དང་གཏུམ་དྲག་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་བསྐྱེད་པ་དང་། རྨད་བྱུང་སྒྱུ་རྩལ་གྱི་སྒོ་ནས་རྐང་གཉིས་མི་རྣམས་ཀྱི་ཕུན་ཚོགས་བདེ་སྐྱིད་ཀྱི་འཚོ་བ་ཞིབ་འབྲི་བགྱི་བ་དང་། རང་དབང་ཀུན་ནས་རྫོགས་ཤིང་དངོས་ཡོད་འཚོ་བའི་སྒྲོག་གིས་མ་བཅིངས་པར་བསམ་འདུན་བརྩེ་ཞེན་ཤུགས་དྲག་ཏུ་མཚོན་པ་དང་། ཕུགས་བསམ་གཏན་འདུན་རང་བཞིན་གྱི་རྩ་དོན་ཇི་ལྟར་འཐུས་གཟུགས་སུ་གྱུར་པའི་མི་སྣ་བཞེངས་སྐྲུན་གང་ལེགས་བྱ་བ་བཅས་མཚུངས་མེད་ཁྱད་ཆོས་ལྡན་པ་ཞིག་ཡིན་ནོ། །རྟོག་པ་འཆར་ཡན་རིང་ལུགས་ཀྱི་རྩོམ་པ་པོ་ཡིས་ནི་དངོས་ཡོད་འཚོ་བའི་ཁྲོད་དུ་ཡོད་པར་འོས་ནའང་དོན་དངོས་སུ་ཡོད་པ་མ་ཡིན་པའི་འཇིག་རྟེན་བྱ་དངོས་ཅི་ཐུབ་གང་ནུས་ཀྱིས་མཚོན་པར་བྱེད་པ་དང་། རྟོག་པ་འཆར་ཡན་གྱི་གཤོག་རྩལ་ལ་རྣམ་པར་བརྟེན་ནས་ཕུགས་བསམ་གཏན་འདུན་གྱི་ལྷ་ལམ་ཅི་དགར་ཉུལ་ཞིང་། དངོས་ཡོད་ཀྱི་འཚོ་བའི་མོས་འདུན་མངོན་མཐོར་བསྐྱེད་པ་སོགས་གནད་དུ་འཛིན་ཏོ། །དེར་བརྟེན། རྟོག་པ་འཆར་ཡན་རིང་ལུགས་ཀྱི་ཟློས་གར་རྩོམ་རིག་ཁྲོད་དུ་བྱུང་བའི་མི་སྣ་ཕལ་ཆེ་བ་ནི་ཞུམ་པ་མེད་པའི་བློ་སྤོབས་དང་འཐབ་ན་མི་རྒྱལ་བ་མེད་པའི་དཔའ་མཛངས་ལྡན་པ་དང་། མཚུངས་པ་མེད་པའི་བློ་གྲོས་དང་མི་ལས་འདས་པའི་ཤེས་རབ་མཆིས་པ་དང་། འཇིག་རྟེན་གསུམ་དུ་རང་དབང་རྒྱུ་བ་ཞིག་ཡིན་ནོ། །ཟློས་གར་རྩོམ་རིག་འདིར། དངོས་ཡོད་ཀྱི་འཚོ་བ་དང་རྟོག་པ་འཆར་ཡན་ཟུང་དུ་སྦྲེལ་ནས་བརྗོད་དོན་ལེགས་པར་བསྟན་འདུག་སྟེ། རྔོན་པ་སྤང་ལེབ་འཛིན་གྱིས་ནོར་བུ་དོན་ཡོད་ཞགས་པས་ནམ་མཁར་འཕུར་བའི་དྲི་ཟའི་བུ་མོ་ཡིད་འཕྲོག་ལྷ་མོ་ས་ལ་འཕངས་ནས་རང་ཉིད་ཀྱི་ཆུང་མར་འདོད་པ་དང་། བཙུན་མོ་ལྔ་བརྒྱས་ཡིད་འཕྲོག་ལྷ་མོའི་སྙིང་ཚིལ་ལེན་པར་བརྩམས་པ་ན། ཡིད་འཕྲོག་ལྷ་མོས་རིན་ཆེན་གཙུག་རྒྱན་དབུ་ལ་སྤྲས་རྗེས་སྤུ་སྡུག་འདབ་ཆགས་བཞིན་དུ་དྲི་ཟའི་ལྗོན་པའི་ཡུལ་དུ་འཕུར་སོང་བ་དང་། ཆོས་རྒྱལ་ནོར་བཟང་གིས་ཡིད་འཕྲོག་ལྷ་མོ་སླར་ཡང་རྒྱལ་པོའི་ཕོ་བྲང་དུ་བསུ་ཕྱིར་ལམ་དགྲ་གང་མང་བཏུལ་ནས་དྲི་ཟའི་གནས་མཆོག་ལྗོན་པའི་ཡུལ་ལ་ཕེབས་ནས། དྲི་ཟའི་རྒྱལ་པོའི་ཕུན་སུམ་ཚོགས་པའི་གསོལ་སྟོན་གྱི་དཔལ་ལ་རོལ་ཅིང་། དྲི་ཟའི་རྩལ་པོ་ཆེ་དང་དཔའ་རྩལ་འགྲན་ནས་རྣམ་པར་རྒྱལ་བ་དང་། དེ་ནས་མདའ་དར་འཕངས་ནས་ཡིད་འཕྲོག་ལྷ་མོ་སླར་ཡང་མི་ཡུལ་དུ་གདན་དྲངས་པ་བཅས་ནི་འཇིག་རྟེན་མིའི་འཚོ་བ་ལས་འདས་པའི་རྟོག་པ་འཆར་ཡན་གྱི་རྣམ་པ་དེ་དངོས་ཡོད་ཀྱི་འཚོ་བ་དང་མཉམ་དུ་སྦྲེལ་བས་ན། ཟློས་གར་རྩོམ་རིག་འདི་ཉིད་ཀྱི་མཚོན་ཐབས་རྩོམ་སྟངས་ལ་ངོ་མཚར་འཆར་ཡན་གྱི་རང་བཞིན་ཞིག་རྒྱན་དུ་སྤྲས་སོ། །
         ཟུར་བལྟའི་དཔྱད་གཞི། 
         1. བློ་བཟང་རྡོ་རྗེས་བསྒྲིགས། བོད་ཀྱི་ལྷ་མོའི་འཁྲབ་གཞུང་། [Z] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989
         2. ཁྲོན་ཞོ་མིན་དང་ཀྲུའུ་ཅེ། ཧྲ་ཧྲི་པིས་ཡཱའི་ཟློས་གར་འགྲེལ་བཤད། [M] ཝུའུ་ཧན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2008.
         3. ཝང་ཡིས་ཁྱུང་། ཨ་མི་རི་ཀའི་དེང་རབས་ཟློས་གར། [M] ཧྲང་ཧེ་སློབ་གསོ་དཔེ་སྐྲུན་ཁང་། 1997.
         4. ཕེ་ཧྥེ། རྩོམ་རིག་རྣམ་གཞག [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1990.
         5.ཅང་ཁོང་ཡངས་དང་ཀྲུའུ་ལིས་ཡོན། མཛེས་དཔྱོད་རིག་པའི་རྣམ་གཞག [M] ཧྭ་ཏུང་དགེ་འོས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2005.
         6. འཕྲིན་ལས་ཆོས་གྲགས། བོད་ལྗོངས་ཀྱི་རིག་གནས་གོམས་སྲོལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006.
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1