སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་སློབ་ཐོན་སློབ་མར་འཕྲིན་ལན་སྤྲིངས་པར་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-13



        “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་བསྐུར་གནང་འདུག” ཉིན་ཤས་བསྟུད་མར་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་པ་དང་མི་སེམས་འགུལ་བའི་རྣམ་པ་དགེ་སློབ་ཚང་མའི་ངོ་གདོང་ནས་འཕྱུར་བཞིན་འདུག
        ཟླ་7ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་སློབ་ཐོན་སློབ་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོས་མཐའ་མཚམས་སུ་བསྐྱོད་ནས་གཞི་རིམ་གྱི་ལས་ཀ་བདམས་པར་གདེང་འཇོག་གནང་བ་དང་འབྲེལ། རྒྱ་ཆེའི་སློབ་ཐོན་སློབ་མར་ཐུགས་རེ་ཟབ་མོའང་བཅོལ་གནང་བ་རེད།
        2015ལོའི་ཟླ་10པར། སློབ་གསོ་པུའུ་ཡིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་ལ་2016ལོ་ནས་བཟུང་རྒྱལ་ཡོངས་ནས་སློབ་མ་བསྡུ་རྒྱུའི་མཆན་བཀོད་བཀའ་ལན་གནང་བ་རེད། འདི་ལོ་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་དུ་སྐབས་དང་པོའི་སློབ་མ་སློབ་གྲྭ་ཐོན་འགོ་ཚུགས་ཤིང་། སློབ་གྲྭ་ནས་ཁ་བྲལ་ཉེའི་མཚམས་སུ། ཤིན་ཅང་གི་གཞི་རིམ་དུ་སྐྱོད་མཁན་སློབ་ཐོན་སློབ་མ་118ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་ཆེན་གྱི་ལོ་4འགྲིམ་རིང་གི་སློབ་སྦྱོང་གི་གྲུབ་འབྲས་དང་བསམ་བློའི་བློ་བསྐྱེད་སྙན་སེང་ཞུས་ནས་ནུབ་རྒྱུད་དུ་གཞི་ཚུགས་ཏེ་མཐའ་མཚམས་བསྐྲུན་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།
        “དཀའ་ངལ་དང་ཉེན་ཁར་མི་འཛེམ་པར་དུས་རབས་ཀྱི་ལས་འགན་ཕྲག་ཏུ་ཁུར”
        ཚེས་8ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་བརྒྱུད་བསྒྲགས་གནང་བ་དང་རྒྱ་ཆེའི་དགེ་སློབ་ཚོ་དང་བཞུགས་མོལ་གནང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་སློབ་སྦྱོང་བྱེད་པའི་མྱོང་ཚོར་ལྷུག་པོར་གླེང་གནང་བ་དང་སྦྲགས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད།
        “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་བྱུང་བས། ང་ཚོ་སེམས་འགུལ་ཚད་མེད་ཐེབས་བྱུང”རྡོ་སྣུམ་སློབ་གླིང་རྡོ་སྣུམ་ལས་གྲྭའི་ཆེད་ལས་2020ལོའི་སློབ་ཐོན་སློབ་མ་ཝང་དབྱི་ཉིང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་སྐུལ་ལྕག་གིས་ང་ཚོས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་ཕོད་པ། མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བཅས་ཀྱི་ཆོད་སེམས་དང་གདེང་ཚོད་བརྟན་དུ་ཕྱིན་སོང”ཞེས་བརྗོད་བྱུང་།
        “མུ་མཐའ་བྲལ་བའི་བྱེ་ཐང་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པ་བྱ་རྒྱུ་ཡིན”རྡོ་སྣུམ་སློབ་གླིང་ཐོན་ཁུངས་རྩད་ཞིབ་ལས་གྲྭའི་ཆེད་ལས་ཀྱི་2020ལོའི་སློབ་ཐོན་སློབ་མ་ཏིང་ཀུའེ་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལས་ངའི་ཕྲག་ཐོག་གི་འགན་འཁྲི་དང་ལས་འགན་དེ་བས་གསལ་དུ་ཕྱིན་སོང་ལ་ན་གཞོན་གཞི་རིམ་དང་། འཐབ་ས་དང་པོ། དཀའ་ཚེགས་ཆེ་བའི་ས་ཁུལ། མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆ་བཅས་སུ་བསྐྱོད་དགོས་པ་དང་། “ལང་ཚོ་མེས་རྒྱལ་དང་མི་དམངས་ལ་ལེགས་སྐྱེས་ཕུལ་ཚེ། གཞི་ནས་བཀྲག་མདངས་ལྡན་པར་འགྱུར་ངེས་དང་། མི་ཚེ་རྒྱལ་ཁབ་དང་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ནང་ལེགས་སྐྱེས་སུ་ཕུལ་ཚེ་གཞི་ནས་འོད་ཟེར་ལྡན་ཐུབ”ཅེས་བརྗོད་བྱུང་།
        “མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འབད་འཐབ་བྱ་རྒྱུའི་ཆོད་སེམས་བཞག”
        འཕྲིན་ལན་ནང་སྤྱི་ཁྱབ་ཧྲུའུ་ཅིས་སློབ་ཆེན་སློབ་མ་ཚོས་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འབད་འཐབ་བྱས་ནས་འབད་བརྩོན་ཆེན་པོས་ག་བཏང་གོ་ཆོད་དང་འགན་འཁྲི་ལྗིད་པོ་ཁུར་ཕོད་མཁན་གྱི་ནུབ་རྒྱུད་འཛུགས་སྐྲུན་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད།
        “སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་བཀའ་མོལ་ནི་ང་ཚོའི་སེམས་ནང་གི་སྐད་ཆ་རེད”ཅེས་ཤིན་ཅང་དགེ་འོས་སློབ་ཆེན་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག(ཡུ་གུར་རིགས)ཆེད་ལས་2020ལོའི་སློབ་ཐོན་སློབ་མ་ཀྲེ་ཤིན་མིང་ནི“ཤིན་ཅང་གི་མི་རབས་གསུམ་པ”ཞིག་རེད། ན་ནིང་ཨ་ཁེ་སུའུ་ས་ཁུལ་ཝུའུ་ཧྲེ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཏུ་དངོས་སྦྱོང་བྱས་ནས་ལོ་གཅིག་ཙམ་སོང་ཞིང་། ཉེ་བའི་ལོ་ཤས་རིང་ཤིན་ཅང་ལྷོ་མའི་འགྱུར་ལྡོག་ཆེན་པོ་མིག་མཐོང་ལག་ཟིན་ཐུབ་ཡོད། ཁོང་གིས“གཞི་རིམ་དུ་སློབ་གྲྭ་ཆེ་མོ་བ་མཁོ་བ་དང་གཞི་རིམ་ནི་ང་ཚོ་སློབ་ཆེན་སློབ་མའི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་ཡུལ་གྱི་གར་སྟེགས་རེད། ངས་ཤིན་ཅང་དུ་གཞི་ཚུགས་པ་དང་གཞི་རིམ་དུ་བསྐྱོད་དེ་རང་ཉིད་ཀྱི་ལང་ཚོའི་མེ་ཏོག་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བཞད་པར་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
        “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་ང་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་དེས་གཞི་རིམ་དུ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ངའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཨ་ཁེ་སུའུ་ལས་རིགས་ལག་རྩལ་སློབ་གླིང་ནད་སྐྱོང་ཆེད་ལས་ཀྱི་2020ལོའི་སློབ་ཐོན་སློབ་མ་ཞ་དབྱི་ཏ·རཱ་ཧཱ་མན་ཤིན་ཧོ་རྫོང་མི་དམངས་སྨན་ཁང་དུ་ནད་སྐྱོང་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས“འདི་ལོ་སྨན་དོན་མི་སྣ་གྲངས་མེད་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ནང་ཁྱིམ་ཚང་ཆུང་ངུ་དོར་ཏེ་ཁྱིམ་ཚང་ཆེ་མོར་བསྟུན་ནས། སྤྱིར་བཏང་གི་ལས་གནས་ཐོག་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་བསྲུངས་པས། ང་ལ་སེམས་འགུལ་ཚད་མེད་དང་སློབ་གསོ་ཐེབས་བྱུང་། ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་བློ་ལ་བརྟན་པོར་ངེས་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ཏེ་ནད་པ་ཚོར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།
        “སྒེར་གྱི་ཕུགས་བསམ་དོན་གཉེར་དེ་ཏང་དང་རྒྱལ་ཁབ་བྱ་གཞག་ནང་བཞག་པ”
        སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་མཐའ་མཚམས་སུ་གཞི་ཚུགས་པ་དང་གཞི་རིམ་ལ་ལེགས་སྐྱེས་འབུལ་མཁན་རྒྱ་ཆེའི་གཞོན་ནུ་ཤེས་ཡོན་ཅན་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་གྱིས་མཛེས་སྡུག་ལྡན་པའི་ཤིན་ཅང་བསྐྲུན་ཏེ་མེས་རྒྱལ་གྱི་ཕུགས་འདུན་མཉམ་དུ་བསྒྲུབ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་བྱུང་།
        “སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནི་དེང་རབས་སློབ་ཆེན་སློབ་མར་བཅོལ་བའི་རེ་བ་ཟབ་མོ་ཞིག་ཡིན་ལ། ང་ལའང་སྐུལ་ལྕག་ཆེན་པོ་ཐེབས་བྱུང”ཧོ་ཐན་ས་ཁུལ་ཡུས་ཐན་རྫོང་སློབ་གསོ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ལུའོ་ཧུང་མེ་ནི“སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ”ཁག་དང་པོའི་གྲས་རེད། 2003ལོར་ཁོང་ཧོ་པེ་ཞིང་ལས་སློབ་ཆེན་ནགས་ལས་རིག་པའི་ཚན་ཁག་གི་ནགས་ལས་རིག་པའི་ཆེད་ལས་ཐོན་རྗེས། འབོད་སྐུལ་ལ་བརྡ་ལན་ཞུས་ཏེ་ཤིན་ཅང་ཁུ་ནུ་རི་བོའི་འདབས་སུ་བསྐྱོད། ཁོང་གིས“སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱས་པ་མ་ཟད། སློབ་ཁྲིད་ཡག་པོ་དང་སློབ་མ་གསོ་སྐྱོང་ཡག་པོ་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། ལེགས་སྐྱེས་འབུལ་སྤྲོ་བ། མདུན་ལམ་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་ཚད་དང་མཐུན་པའི་གཞོན་ནུ་རབ་དང་རིམ་པ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བརྗོད་བྱུང་།
        “ལང་ཚོ་མེས་རྒྱལ་གྱི་མཁོ་སར་སྐྱེས་སུ་འབུལ་གྱི་ཡིན” ཐུའུ་ལུའུ་ཕན་གློག་གཏོང་ཀུང་སིའི་ཕོ་གཞོན་ཏིང་ཁོན་ཆན་ཉེ་ཆར་ཁཱ་ཧྲི་ཡེ་ཁྲེང་རྫོང་ཤིས་ཧོ་ཤིའུ་ཤང་གི་ཁཱ་ལཱ་ཁུ་ནུ་རི་བོའི་རྒྱུད་ཀྱི་གློག་མེད་ཤང་གི་གློག་གཏོང་མཛད་སྒོར་ཞུགས་ཤིང་། ཏང་གི་དམངས་ཕན་སྲིད་ཇུས་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་བ་རེད། ཁོང་གིས“ནུབ་རྒྱུད་འཛུགས་སྐྲུན་པ་ཞིག་གི་ངོས་ནས། ངས་སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་སློབ་ཆེན་སློབ་མ་ཚོར་བཅོལ་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། རང་ཉིད་ཀྱི་ཆེད་ལས་ལ་བརྟེན་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1