༄༅།།སློབ་མའི་ཀུན་སྤྱོད་ནི་ཤེས་བྱའི་འབྱུང་རྩ་ཡིན།

སྐལ་བཟང་སྐྱིད། བླ་མ་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-13



ཀན་ལྷོ། སྐལ་བཟང་སྐྱིད། བླ་མ་སྐྱབས།
        རྒྱལ་ཁབ་ཀྱི་བསླབ་ཚན་གསར་པ་བསྒྱུར་བཅོས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཀུན་སྤྱོད་སློབ་གསོའི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་འདུག་པར་མ་ཟད།བསླབ་ཚན་སོ་སོ་ལས་སྐད་ཡིག་ནི་ཕྱོགས་བསྡུས་རང་བཞིན་ཅུང་ཆེ་བའི་རིག་ཚན་ཞིག་ལ་བརྩིས་ཏེ་ན་ཆུང་སློབ་བུ་ཚོར་བསམ་གཞིག་གཏོང་བའི་མཁའ་དབུགས་གང་འཚམ་བསྐྲུན་ཡོད་དེ། མཛེས་ཤིང་ཡིད་དུ་འོང་བའི་དྲི་བ་དང་བློ་སྐྱེད་ཐོབ་པའི་ཤེས་བྱ་སྣ་མང་ཞིག་དམིགས་སུ་བཀར་ནས་ཁོ་ཚོའི་ཡིད་ཀྱི་དང་བ་འདྲེན་པར་བྱས་ཡོད། དཔེར་ན།སློབ་གྲྭ་རེ་འགའ་ཡི་སྒོ་ཆེན་ནང་དུ་འཛུལ་ཚེ་ཁ་གཏད་ཀྱི་གྱང་ངོས་སུ་རིག་པ་བསྒྲིམས་ནས་སློབ་སྦྱོང་བྱ་དགོས་པ་བྲིས་ཡོད་ལ།སློབ་གྲྭ་གྲོལ་ནས་སྒོར་འབུད་པའི་སྐབས་སུའང་སྒོའི་གཡས་གཡོན་དུ་དེ་རིང་ཁྱོད་ཀྱིས་ཅི་ཞིག་ཤེས་སོང་སོགས་བསམ་གཞིག་གཏོང་སའི་དྲི་བ་ལས་ཉིན་གཅིག་གི་སྦྱང་བྱ་ལ་ཁ་ཕྱིར་འཁོར་ནས་ཕྱོགས་སྡོམ་བྱེད་དགོས་པའི་དྲན་སྐུལ་བསླངས་ཡོད། ད་དུང་སློབ་ཁང་གི་བར་ཁྱམས་དང་སྒོའི་ཕྱི་ནང་བཅས་སུ་ཡང་ཀུན་སྤྱོད་སློབ་གསོའི་སྐོར་གྱི་ལེགས་བཤད་དང་གཏམ་དཔེ་སོགས་ནང་དོན་གོ་སླ་ལ་ཡིད་ལ་འཛིན་བདེ་བ། དམིགས་བྱ་གནད་ལ་ཁེལ་འདུག་པ་བཅས་ཀྱི་བསླབ་བྱའི་རིགས་གང་ས་གང་དུ་མཐོང་ཐུབ་པ་འདི་ལ་བལྟས་ཚེ། ཀུན་གྱིས་འདིའི་ཐད་ལ་ཤུགས་སྣོན་རྒྱག་བཞིན་པ་གསལ་པོར་མཚོན་ཐུབ། དེར་བརྟེན། སྐད་ཡིག་སློབ་ཁྲིད་སློབ་གསོ་བྱེད་སྐབས་སློབ་མར་བསླབ་གཞིའི་ཤེས་བྱ་སློབ་ཁྲིད་བྱ་རྒྱུ་ཁོ་ན་མ་ཡིན་པར། ཆེས་གལ་ཆེ་བ་ནི་ཀུན་སྤྱོད་སློབ་གསོའི་རྩ་བ་བཟུང་སྟེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ཁ་ཕྱོགས་དགོས་པ་དེ་ཡིན། ཡང་གཅིག་བཤད་ན། ཀུན་སྤྱོད་སློབ་གསོའི་སྐོར་གྱི་བྱ་འགུལ་སྤེལ་ཚེ། སྐད་ཡིག་དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་ཁོ་ཚོའི་མདུན་ལྗོངས་ལ་གྲུབ་འབྲས་ལེགས་པོ་ཞིག་མངོན་ཅི་ཐུབ་བྱ་རྒྱུ་དང་། སློབ་མ་སོ་སོའི་བསམ་བློ་དང་ཀུན་སྤྱོད་ལ་ལྟ་རྟོག་བྱས་པ་བརྒྱུད་ཕན་འབྲས་བླ་ན་མེད་པ་ཞིག་ཐོན་པར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་དགོས།
        རང་གང་ལ་དགའ་ན་དེ་ལ་མཁས་ཟེར་བའི་དཔེ་ལྟར།ཀུན་སྤྱོད་སློབ་གསོ་སྤེལ་བ་ལ་སློབ་མའི་དགའ་ཕྱོགས་གཙིགས་ཆེན་དུ་འཛིན་རྒྱུ་ནི་ད་ལྟའི་སྤྱི་ཚོགས་ཀྱི་དགོས་དབང་གལ་ཆེན་ཞིག་ཡིན་པས། སློབ་ཆུང་སློབ་མ་ཚོར་ཆུང་དུས་ནས་བཟུང་རང་གི་དགའ་ཕྱོགས་ཀྱི་ནུས་པ་གསོ་སྐྱོང་བྱེད་དུ་འཇུག་རྒྱུ་དང་། དེ་ལ་བརྟེན་ནས་ཀུན་སྤྱོད་སོགས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་བཙུགས་ན་སློབ་གསོའི་བྱ་བ་ལམ་ལྷོངས་འབྱུང་བར་ཕན་ཐོགས་ཆེ། རྒྱུ་མཚན་དེའི་རྐྱེན་གྱིས་ང་ཚོས་ཁོ་ཚོ་ལ་རྒྱལ་ཁ་དང་གྲུབ་འབྲས་མྱུར་མོར་མ་ཐོབ་རུང་རང་བབ་ཀྱི་བྱ་བ་ལ་མགོ་མི་འཁོར་བ་ཞིག་བྱ་དགོས་པའི་འདུན་པ་བསྐྱེད་དགོས་པར་མ་ཟད། ད་དུང་ན་ཆུང་བྱིས་པ་དག་གི་བསམ་བློའི་རིག་པ་འཕེལ་བའི་ཕྱོགས་ལ་ལམ་སྟོན་དང་ཕྱོགས་ཁྲིད་བགྱིས་ཏེ། ཁོ་ཚོའི་ཡིད་ཀྱི་དོགས་འདྲི་མང་པོ་ཞིག་སེལ་ཅི་ཐུབ་བྱ་རྒྱུ་དང་།ཁོ་ཚོ་གང་ལ་དགའ་ཚེ་དེ་ལྟར་སྐྱེད་སྲིང་བྱ་རྒྱུ་ནི་ངེས་པ་དོན་གྱིས་གལ་ཆེན་པོ་འདུག་པས། སྐད་ཡིག་སློབ་ཁྲིད་སྐབས་སུ་སློབ་མ་ཚོར་འདིའི་ཐད་ནས་སློབ་གསོ་གང་མང་གཏོང་དགོས་པ་ལས་གཞན།ཁོ་ཚོ་དགའ་སྣང་གིས་ཞུགས་པའི་བསམ་བློའི་ཀུན་སྤྱོད་སློབ་གསོའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་དགོས་པའི་དམིགས་པ་དང་སློབ་མ་རང་སྟེང་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཁོ་ཚོའི་འཇོན་ཐང་དང་ནུས་པ་སྔར་ལས་ཚད་ལྡན་དུ་གཏོང་བའི་ཕྱོགས་ལ་འབད་པ་བྱས་ཚེ། ཀུན་སྤྱོད་རང་བཞིན་གྱིས་ཆུ་སྣ་ཡུར་རྐར་འདྲེན་པ་ལྟར་འགྲུབ་ངེས་ཡིན།
        དུས་རབས་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་དཔལ་འབྱོར་ཡར་ཐོན་བྱུང་བ་དེ་ཡིན་ཞིང་།སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ནི་བསམ་པའི་དཔལ་ཡོན་ཡིན། རང་རྒྱལ་ནི་ཆ་འཕྲིན་ཅན་གྱི་ཕྱོགས་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན་ནས། མི་རིགས་སོ་སོའི་བསམ་བློ་དང་ཀུན་སྤྱོད་ཀྱི་ལྟ་བ་ཆེས་ཆེར་མཐོ་རུ་འགྲོ་དགོས་པ་དང་། རྒྱལ་ཁབ་ཀྱིས་གཞོན་ནུ་ལོ་ཆུང་གི་སློབ་གསོའི་གནད་དོན་ལ་སྔར་བས་མཐོང་ཆེན་བྱས་ཏེ། སློབ་མའི་བསམ་བློ་སྔོན་ཐོན་ཅན་དང་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པ་ནི་མི་རིགས་སོ་སོའི་བསམ་བློ་འཕེལ་རྒྱས་གཏོང་བའི་རྒྱུན་མཐུད་ཀྱི་རྨང་གཞི་བརྟན་པོ་དེ་ཡིན། གལ་ཏེ་སློབ་ཆུང་དུས་སྐབས་ནས་འདི་དག་ལ་མཐོང་ཆེན་མ་བྱས་ཚེ་སློབ་མ་རང་སྟེང་ནས་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་མེད་པས་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་ཡར་ཐོན་འགྲོ་བར་འགལ་རྐྱེན་འབྱུང་སྲིད་ལ། ཁོ་ཚོའི་དྲིས་ལན་འཚོལ་བའི་བརྒྱུད་རིམ་ཁྲོད་དུ་ང་ཚོས་རྟོགས་དཀའ་བའི་གནད་དོན་མང་པོ་ཞིག་ཀྱང་འབྱུང་ངེས་ཡིན། དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་ངེས་པར་དུ་རང་ཉིད་ཀྱི་བྱ་བའི་ཀུན་སྤྱོད་ཀྱི་ཚད་གཞི་དེ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་བར་ཡང་རང་ངོས་ནས་འབད་པ་བླ་ལྷག་བྱེད་དགོས་ཏེ། མཁས་པ་འཆུག་ན་འདོམ་གང་། བླུན་པོ་འཆུག་ན་མཐོ་གང་ཟེར་བའི་དཔེ་ལྟར། དགེ་རྒན་གྱི་ཀུན་སྤྱོད་དེ་སློབ་མའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་བཅས་ལ་ཐད་ཀར་འབྲེལ་བ་ཡོད་པས།དགེ་རྒན་གྱིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་གྱིས་རང་ཉིད་ཀྱི་རྣམ་འགྱུར་དེ་སླ་བཅོས་གཏན་ནས་མི་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་སློབ་མའི་བསམ་གཞིག་གི་ནུས་པ་བསྐྱེད་པ་དང་ཁོ་ཚོར་འབྲེལ་འདྲིས་བརྗེ་རེས་མང་དུ་བྱེད་དགོས། སློབ་མ་རེ་རེའི་ཁྱད་ཆོས་ལ་རྒྱུས་ལོན་མེད་པ་དང་ཁོ་ཚོའི་བསམ་བློ་རྟོགས་མ་ཐུབ་ཚེ་བློ་ཕམ་པ་ཞིག་ཀྱང་ཡིན་ངེས་རེད། དགེ་རྒན་གྱིས་སློབ་མར་སྣེ་ཁྲིད་དེ་དཔེ་བཟང་གི་ནུས་པ་འདོན་དུ་འཇུག་པ་དང་ལག་ལེན་ཁྲོད་ཀུན་སྤྱོད་སློབ་གསོའི་བྱ་འགུལ་སྤེལ་ནས་སློབ་མར་སེམས་གཏིང་ནས་སྤྱོད་ལམ་ཡག་པོ་དང་གུས་སྲོལ་བཟང་པོའི་བྱ་སྤྱོད་ལ་ངོས་འཛིན་ཡང་དག་བྱེད་དུ་འཇུག་པ་སོགས་ཁྲིད་སྟོན་གང་ལེགས་བྱེད་དགོས།
        སྐད་ཡིག་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་སྐད་ཡིག་གི་ཐོན་ཁུངས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དམིགས་གཏད་རང་བཞིན་ལྡན་པའི་སློབ་ཁྲིད་བྱེད་སྒོ་སྤེལ་ནས་སློབ་མའི་བསམ་བློའི་སློབ་གསོར་ཤུགས་གང་ནུས་རྒྱག་དགོས། དཔེར་ན།སློབ་ཆུང་སྐད་ཡིག་བསླབ་དེབ་ནང་གི《བྱིས་པ་གཞུང་དྲང་ཞིག》དང་།《ཨ་མའི་གདམ་ག》《ས་འདི་ནི་མཆོག་ཏུ་གྱུར་པའི་གནས་ཤིག་ཡིན》སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་ནས་ཁོ་ཚོ་ལ་མི་འདང་བའི་ཆ་ཡོད་རུང་མི་འདང་བའི་ཆ་དེ་དག་ཕྱིས་ཀྱི་སློབ་གསོའི་ཁྲོད་ནས་ཁ་གསབ་དང་ཡོ་བསྲང་བྱེད་དགོས་པ་ལས་དེ་ལ་སྣང་ཆུང་གཏན་ནས་བྱ་མི་རུང་བ་དང་། ཁོ་ཚོ་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ནས་སློབ་གསོའི་ལས་དོན་སྤེལ་སའི་མཛེས་སྡུག་གི་སེམས་ཁམས་བསྐྲུན་པ་དང་། སློབ་མར་འཚར་ལོངས་ཀྱི་བར་སྟོང་ལེགས་པོ་བསྐྲུན་ཅི་ཐུབ་བྱ་རྒྱུ། དུས་རབས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སློབ་ཆུང་སློབ་མར་ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ཆགས་སུ་འཇུག་པ་གཞིར་བཟུང་སྟེ།ཁྱོན་ཡོངས་ནས་སྐྱོན་བྲལ་ངང་འཚར་ལོངས་འབྱུང་རྒྱུར་སྐུལ་འདེད་གཏོང་དགོས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1