༄༅།།སྐྱིད་པའི་ལྡེ་མིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-13


        མི་ཚེ་སྤྲོ་བའི་ངང་ནས་རོལ་རྒྱུ་ནི་རང་ཉིད་ལ་འགན་འཁུར་བའི་བྱ་སྤྱོད་ཅིག་ཡིན་ལ།འཚོ་བའི་ཁྲོད་ཀྱི་མཚར་སྡུག་ལ་འགན་འཁུར་བའི་བྱ་སྤྱོད་ཅིག་ཀྱང་ཡིན་པས། ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྤྲོ་བ་འཚོལ་ཅི་ཐུབ་བྱེད་དགོས་མོད།འོན་ཀྱང་ང་ཚོའི་མཐའ་འཁོར་གྱི་ཁོར་ཡུག་དང་མི།དོན་དག་དང་དངོས་པོ་ལ་སོགས་པས་རྒྱུན་དུ་ང་ཚོའི་སེམས་ཁམས་ལ་འགྱུར་བ་གཏོང་གིན་ཡོད་པས།དེ་དག་ལ་གཡོལ་ཅི་ཐུབ་བྱེད་དགོས།
        ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་གྲགས་ཅན་ཧ་ལི་སི་དང་ཁོའི་གྲོགས་པོ་གཉིས་ཀྱིས་ཚགས་པར་འཚོང་ས་ཞིག་ནས་ཚགས་པར་ཉོ་བའི་སྐབས་སུ།གྲོགས་པོས་ཧ་ཅང་བརྩི་བཀུར་ཡོད་པའི་སྒོ་ནས་ཚགས་པར་འཚོང་མཁན་ལ“བཀའ་དྲིན་ཆེ”ཞུས་པར།ཚགས་པར་འཚོང་མཁན་གྱིས་ངོ་གནག་སྟེ་སྡོད་པ་ལས་ཁ་ཡའང་མ་བྱས་པ་རེད།“མི་འདིའི་རྣམ་འགྱུར་ཙོག་པ་ལའང”ཞེས་ཁོ་གཉིས་ཚགས་པར་འཚོང་ས་དང་ཁ་བྲལ་སྟེ་ཕྱིར་ལོག་པའི་ལམ་བར་དུ་ཧ་ལི་སིས་དེ་ལྟར་བཤད།
        “ཁོའི་རྣམ་འགྱུར་ནམ་ཡང་འདི་ལྟར་རེད”ཁོའི་གྲོགས་པོས་དེ་ལྟར་བཤད།“དེས་ན་ཁྱོད་ཀྱིས་ཁོ་ལ་དེ་འདྲའི་བརྩི་བཀུར་བྱེད་དགོས་དོན་ཡོད་དམ”ཞེས་ཧ་ལི་སིས་གྲོགས་པོར་དེ་ལྟར་དྲིས་པ་ན།གྲོགས་པོས“ངས་རང་ཉིད་ཀྱི་བྱ་སྤྱོད་ཁོ་ལ་གཏན་ཁེལ་བྱེད་དུ་འཇུག་དགོས་དོན་ཅི་ཡོད”ཅེས་ལན་བཏབ།
        དེ་ནི་བདེན་ཏེ།མི་རེ་རེར་རང་རང་ལ་དབང་བའི་སྐྱིད་པའི་ལྡེ་མིག་ཅིག་ཡོད་མོད།འོན་ཀྱང་ང་ཚོས་རྒྱུན་དུ་རང་ཉིད་ལ་དབང་བའི་ལྡེ་མིག་དེ་མི་གཞན་ལ་སྤྲད་དེ་ཁ་ལོ་བསྒྱུར་དུ་འཇུག་བཞིན་ཡོད།
        བུད་མེད་ཅིག་གིས“ངའི་བཟའ་ཟླ་རྒྱུན་པར་གཞུང་དོན་ཆེད་དུ་ཕྱིར་སོང་སྟེ་ཡུལ་ནས་མི་འདུག་པས། ངའི་འཚོ་བར་སྤྲོ་སྣང་ཞིག་མི་འདུག”ཞེས་འཁང་ར་བྱེད་སྐབས།མོས་རང་ཉིད་ལ་དབང་བའི་སྐྱིད་པའི་ལྡེ་མིག་དེ་བཟའ་ཟླའི་ལག་ཏུ་སྤྲད་པ་དང་། ཨ་མ་ཞིག་གིས“བྱིས་པས་ངའི་ཁར་མི་ཉན་པས།རྒྱུན་དུ་ང་ལ་ཁོང་ཁྲོ་སློང་གིན་འདུག”ཅེས་བརྗོད་སྐབས་མོས་སྐྱིད་པའི་ལྡེ་མིག་དེ་བྱིས་པའི་ལག་ཏུ་སྤྲད་ཡོད་ལ། སྐྱེས་པ་ཞིག་གིས“ལས་ཁུངས་ཀྱི་མགོ་གཙོས་ང་ལ་གདེང་འཇོག་ཡག་པོ་མི་བྱེད་པས།ངའི་སེམས་ཁམས་སྐྱིད་པོ་ཡོང་དཀའ”ཞེས་བརྗོད་སྐབས་ཁོས་སྐྱིད་པའི་ལྡེ་མིག་དེ་མགོ་གཙོའི་ལག་ཏུ་སྤྲད་ཡོད་པ་དང་།སྒྱུག་མོ་ཞིག་གིས“ངའི་མནའ་མས་ངར་སྲི་ཞུ་ལེགས་པོ་མི་བསྒྲུབས་པས།ངའི་ལས་དབང་འདི་སྡུག་པ་ལ་ཨང”ཞེས་བརྗོད་པ་སོགས་ཀྱི་སྐབས་སུ། ཁོ་ཚོས་སྐྱིད་པའི་ལྡེ་མིག་དེ་མི་གཞན་གྱི་ལག་ཏུ་སྤྲད་དེ་རང་ཉིད་ཀྱི་སེམས་ཁམས་དེར་མི་གཞན་ལ་ཁ་ལོ་བསྒྱུར་དུ་བཅུག་པ་རེད།
        ང་ཚོས་རང་ཉིད་ཀྱི་སེམས་ཁམས་དེར་མི་གཞན་ལ་ཁ་ལོ་བསྒྱུར་དུ་བཅུག་རྗེས།རང་ཉིད་ནི་གནོད་འཚེ་ཐེབས་མཁན་ཞིག་ཡིན་པར་འདོད་ཀྱིན་ཡོད།དེ་བས་འཁང་ར་དང་ཁོང་ཁྲོ་ལངས་རྒྱུ་ནི་ང་ཚོའི་གདམ་གསེས་ཉག་གཅིག་ཡིན་ལ།ང་ཚོས་ངན་ཁག་ཡོད་ཚད་མི་གཞན་གྱི་སྟེང་དུ་དཀྲི་བར་མ་ཟད་ད་རུང“ངའི་སྡུག་བསྔལ་འདི་ཡོད་ཚད་ཁྱོད་ཀྱིས་བཟོས་པ་ཡིན་པས།ཁྱོད་ཀྱིས་དེ་ལ་འགན་འཁུར་དགོས”ཞེས་པའི་ཆ་འཕྲིན་ཞིག་བརྒྱུད་སྤྲོད་གནང་གིན་ཡོད།དེ་བས་མི་དེའི་རིགས་ནི་འབྲེལ་འདྲིས་བྱེད་དཀའ་བའི་རིགས་སུ་གྱུར་པ་རེད།
        མི་བསམ་ཤེས་ཤིག་ཡིན་ན་རང་ཉིད་ཀྱི་སྐྱིད་པའི་ལྡེ་མིག་དེ་ནམ་ཡང་རང་ཉིད་ཀྱི་ལག་ཏུ་བཟུང་ཡོད་དེ།ཁོས་མི་གཞན་གྱིས་ཁོ་ལ་སྤྲོ་སྣང་སྦྱིན་པར་རེ་བ་མི་བྱེད་པར།རང་ཉིད་ཀྱིས་མཐའ་འཁོར་གྱི་མི་ལ་སྤྲོ་སྣང་སྦྱིན་ཨེ་ཐུབ་ལ་འབད་བརྩོན་བྱེད་ངེས་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1