ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ཐད་མཆན་བཀོད་མཛུབ་སྟོན་གནང་བ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-14


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་སྔར་ལས་ལྷག་པ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཉེ་ཆར། འབྲི་ཆུ་དང་ཧོའེ་ཧོ་ཆུ་བོ་སོགས་རྒྱུག་ཁོངས་དང་། ཏུང་ཐིང་མཚེའུ་དང་། ཕོ་དབྱང་མཚེའུ། ཐའེ་ཧུའུ་མཚེའུ་སོགས་མཚེའུའི་ཆུ་ཁ་ཉེན་ཟོན་ཆུ་མཚམས་སུ་སླེབས་ཡོད་པ། ཁྲུང་ཆིང་དང་། ཅང་ཞི། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཅང་སུའུ། ཀྲེ་ཅང་སོགས་སུ་ཚབས་ཆེའི་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་ཡོད་པས། འབྲུབ་འགོག་གནས་བབ་ཧ་ཅང་ཛ་དྲག་པོ་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། མིག་སྔར། འབྲུབ་ཆུ་རྒྱས་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ནན་དུ་གཏོང་བ་དང་འགན་ཁུར་ཕོད་པ་བྱེད་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ས་དང་པོར་ཟབ་སྐྱོད་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ནས་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ། ཆུ་རགས་རིམ་བཤེར། འཕྲལ་སྒྲུབ་ཐག་གཅོད། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་ཏེ། འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་སྲུང་ཧུར་ཐག་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྒྲུབ་དོ་དམ་པུའུ། ཆུ་བེད་པུའུ་སོགས་ཚན་པས་གཅིག་གྱུར་ཐོག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་སྟོབས་ཤུགས་དང་གནོད་སེལ་དངོས་རྫས་བཀོད་གཏོང་བྱེད་དགོས། ས་གནས་ལ་བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཉེན་སྐྱོབ་གནོད་སེལ་ལས་དོན་ནང་ཧུར་ཐག་ཞུགས་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་འབྲུབ་འགོག་གནོད་སེལ་གྱི་ལས་དོན་ཁག་ལ་དམ་འཛིན་བྱེད་པ་དང་ཆབས་ཅིག གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་ཇུས་འགོད་ཞིབ་ཚགས་བྱས་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས། གནོད་འཚེ་ཕོག་མཁན་མང་ཚོགས་ལ་རོགས་སྐྱོར་དང་རོགས་སྐྱོབ་ཡག་པོ་བྱས་ཏེ། གནོད་འཚེས་རྐྱེན་པས་དབུལ་པོར་གྱུར་བའམ་དབུལ་ལོག་ཐེབས་རྒྱུ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1