ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-14


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་7ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། འབྲུབ་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་དང་གཙོ་ཆེའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་པ་མ་ཟད། ད་དུང་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་ཐོན་པའི་གནད་དོན་དག་ཐེར་ལས་དོན་ཡང་བཀོད་སྒྲིག་བྱས་པ་རེད།
        ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ཚུན་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ཆར་ཆུ་བབས་ཚད་ལོ་རྒྱུན་གྱི་དུས་མཚུངས་ལས་མངོན་གསལ་དོད་པོས་མང་བ་མ་ཟད་ད་དུང་འབབ་ཡུལ་ཡང་གཅིག་སྡུད་ཡིན་པས། ས་ཁུལ་ཁ་ཤས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། ཉེ་དུས་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་སྔར་བཞིན་དྲག་ཆར་འབབ་རྒྱུ་ཡིན་པ་དང་། གནམ་གཤིས་སྔོན་བརྡ་ལྟར་ན། གོམ་སྟབས་རྗེས་མར་ཆར་ཁུལ་བྱང་རྒྱུད་དུ་འགྱུར་རྒྱུ་ཡིན་པ་རེད། ལྷོ་བྱང་རྒྱུད་དུ་ཁྱོན་ཡོངས་ནས་འབྲུབ་དུས་ཤར་བས་འབྲུབ་འགོག་ལས་དོན་འགག་རྩའི་དུས་སུ་སླེབས་ཉེར་ཡོད་པ་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ཁག་ལག་བསྟར་བྱས་ཐོག་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་འབྲུབ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། རིམ་ཁག་འབྲུབ་འགོག་འགན་འཁུར་བ་འཐབ་ས་དང་པོར་བསྐྱོད་དེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད་ད་དུང་མཐུན་སྦྱོར་བཀོད་གཏོང་ལ་ཡང་ཤུགས་སྣོན་རྒྱག་དགོས། གཉིས་ནས་ཆུ་བོ་དང་གཙང་པོ་ཆེ་གྲས་ཁག་རྒྱུག་ཁུལ་གྱི་འབྲུབ་འགོག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་མ་ཟད། ད་དུང་ཆུ་བོ་འབྲིང་ཆུང་ཁག་གི་ཆུ་ལོག་སྔོན་འགོག་དང་། ཆུ་མཛོད་འབྲིང་ཆུང་ཁག་གི་ཉེན་ཁ་སེལ་བ། གྲོང་ཁྱེར་གྱི་ཞོད་སྐྱོན་སྔོན་འགོག་བཅས་ཀྱི་ལས་དོན་ལ་ཡང་ཤུགས་སྣོན་རྒྱག་དགོས་ཤིང་། བྱང་རྒྱུད་ཀྱི་ཆུ་བོ་དང་གཙང་པོ་ཁག་ཏུ་ལོ་མང་རིང་ཆུ་ལོག་ཆེན་པོ་ཐོན་མྱོང་མེད་པས་ཆུ་ལོག་སྔོན་འགོག་གི་སྒྲིག་བཀོད་ཅུང་ཞན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། རྨ་ཆུ་དང་། ཧུའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། སུང་ཧྭ་ཅང་གཙང་པོ། ལེའོ་ཧོ་གཙང་པོ་བཅས་བཞུར་རྒྱུད་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུ་མགྱོགས་མྱུར་བཀོད་སྒྲིག་བྱེད་པ་དང་། གྲོས་མོལ་བྱས་ནས་མཉམ་འགོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྲུབ་འགོག་དངོས་ཟོག་གྲ་སྒྲིག་ཆ་ཚང་བྱེད་པ། ཆུ་མཛོད་དང་ཆུ་རགས་སོགས་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུབ་འགོག་རྐང་འཛིན་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱེད་པ། ཆུ་ལོག་གསོག་ཁུལ་བེད་སྤྱོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ། མི་སྣ་ཕྱིར་འཐེན་བྱས་ནས་ཆུ་ལོག་ལ་གཡོལ་བའི་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས། གནོད་འཚེ་ཕོག་ཉེན་ཡོད་པའི་མང་ཚོགས་དུས་ཐོག་ཏུ་སྤོ་སྒྱུར་བྱེད་དགོས། གསུམ་ནས་དངོས་ཟོག་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ས་གནས་ཁག་ལ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས་དང་། ཆུ་ལོག་གིས་བསྣུབས་པའི་ལས་གྲྭ་སླར་གསོ། ཐོན་སྐྱེད་རང་སྐྱོབ་བཅས་ཀྱི་ལས་དོན་སྤེལ་རོགས་བྱེད་དགོས། དེ་དང་ཆབས་ཅིག ས་ཁུལ་ཁག་གཅིག་གི་ཐན་འགོག་ལས་དོན་དང་ཐན་ཞོད་མྱུར་འགྱུར་ལ་ཁ་གཏད་ཡག་པོ་གཅོག་དགོས།
        ཚོགས་འདུའི་ཐོག་བསྟན་དོན། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་གྱི་བླང་བྱ་ལྟར། མིག་སྔར་གཞི་བཙུགས་ཐོག་ཁྲོམ་རའི་བྱེད་པོ་དུང་ཕྱུར་འགན་ལེན་བྱ་རྒྱུར་དམིགས་ནས་བཀོད་སྒྲིག་བྱས་ཟིན་པའི་ནོར་སྲིད་དང་། སྤྱི་ཚོགས་འགན་སྲུང་། དངུལ་རྩ་སོགས་ཐད་ཀྱི་གཞི་ཁྱོན་རང་བཞིན་གྱི་དཀའ་སེལ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་ཕུགས་ལ་དམིགས་ཐོག་སྒྱུར་བཅོས་ཀྱི་བྱེད་ཐབས་སྤྱད་དེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས་པ་སྟེ། གཅིག་ནས་ཁྲོམ་རའི་བྱེད་པོར་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ། ཆོག་འཐུས་ལག་ཁྱེར་དགོས་པའི་ལས་རིགས་ཁག་ལ“ལག་ཁྱེར་གཅིག་གིས་གཉེར་སྐྱོང་བྱེད་ཆོག་པ”དང་ས་ཁུལ་བརྒལ་ཡང་སྤྱོད་ཆོག་པའི་ལམ་སྲོལ་ལག་བསྟར་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། ལོ་འདིའི་ནང་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་དོ་དམ་དབང་ཚད་དེ་ཞིང་ཆེན་རིམ་པར་གཤམ་སྤྲོད་བྱས་ཏེ། ཚོང་རྟགས་ཐོ་འགོད་བྱེད་པའི་ཆ་སྙོམས་ཞིབ་བཤེར་དུས་ཡུན་ཟླ་བཞིའི་ནང་ཚུན་དུ་ཐུང་དུ་གཏོང་དགོས། གཉིས་ནས་ལས་ཞུགས་ལས་གཏོད་ལ་སྟབས་བདེ་སྐྲུན་དགོས་ཤིང་། ལས་རྣམ་གསར་པར་བསྟུན་མཁས་གཟབ་ནན་གྱི་ལྟ་འདོམས་བྱེད་ཤུགས་འཐུས་སྒོ་ཚང་དུ་བཏང་ནས། ལས་སྟེགས་དང་ཁེ་ལས་ཁག་ལ་བར་གླ་དང་ཨང་བྱང་གཏོང་སྤྲོད་ཀྱི་འགྲོ་ལུགས་འགྲིམ་དངུལ་ཉུང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། སྐབས་བསྟུན་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། སྨན་བཅོས། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་འཇུག་འཐུས་ཆ་རྐྱེན་མེད་པར་བཟོས་ནས། སང་ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་དུ། ལས་ཀའི་གོ་མིང་གི་ཆ་འཕྲིན་དྲ་ཐོག་ནས་ཞིབ་བཤེར་ར་སྤྲོད་ཐུབ་པར་བྱེད་དགོས། གསུམ་ནས་ཕྱི་རྒྱལ་གྱི་མ་འཇོག་དང་ཕྱི་ཕྱོགས་ཚོང་དོན་གྱི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་བཞིན་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཁག་ལ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཐོ་འགོད་བྱེད་དབང་སྤྲོད་དགོས་པ་དང་། ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་ལྟ་འདོམས་ལག་ཁྱེར་རྩ་དོན་ཐོག“སྣ་གཅིག་སྐར་ཁུང”ནས་བདག་སྤྲོད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1