གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

སྐལ་བཟང་དར་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༤ཉིན།

༄༅།།སོག་པོའི་དགེ་བཤེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་སྐོར་རགས་ཙམ་གླེང་བ།


སྐལ་བཟང་དར་རྒྱས།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་དུས་རབས་བཅོ་བརྒྱད་པར་བྱོན་པའི་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་འཁྲུངས་ཡུལ་དང་། རིགས་རུས་སོགས་ཀྱི་སྐོར་ལ་དེ་སྔ་འདོད་ཚུལ་མི་འདྲ་བ་བྱུང་ཡོད་པ་རྣམས་ལ་དབྱེ་ཞིབ་ཀྱིས། ཁོང་ནི་དེང་གི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་གི་རྨ་ཆུའི་འགྲམ་རྒྱུད་དུ་པཱ་ཐུད་ཅེས་པའི་སོག་པོའི་རིགས་སུ་འཁྲུངས་པར་བསྟན་པ་དང་། དེ་བཞིན་ཁོང་གི་སྐུ་ཚེའི་མཛད་འཕྲིན་རགས་རིམ་དང་གསུང་རྩོམ་ཁག་གཅིག་གི་ནང་དོན་ཁྱད་ཆོས་སོགས་གླེང་བའི་ཆ་ནས། སུམ་པ་མཁན་པོ་ནི་གཞུང་ལུགས་དང་ལག་ལེན་གཉིས་ཆར་ནང་བྱན་ཆུད་པའི་མཁས་དབང་ཞིག་དང་། བོད་སོག་མི་རིགས་ཕན་ཚུན་དབར་འབྲེལ་འདྲིས་དང་རིག་གནས་བརྗེ་རེས་སོགས་ཀྱི་ཐད་ཕྱག་རྗེས་བླ་ན་མེད་པ་བཞག་གནང་མཁན་ཞིག་ཡིན་པའི་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] སུམ་པ་ཡེ་ཤེས་དཔལ་འབྱོར། མཛད་འཕྲིན། འཁྲུངས་ཡུལ། རུས། བརྩམས་ཆོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K81[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03 -083 -17   
          སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་ནི་དུས་རབས་བཅོ་བརྒྱད་པར་བྱོན་པའི་མཁས་པའི་དབང་པོ་ཞིག་དང་། བོད་སོག་ཕན་ཚུན་དབར་རིག་གནས་འཛིན་སྐྱོང་སྤེལ་རེས་བྱེད་པར་ཕྱག་རྗེས་བླ་ན་མེད་པ་བཞག་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་བོད་སོག་རིག་གནས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ཏུ་གོ་བབ་ངེས་ཅན་ཞིག་བཟུང་ཡོད་པས། ཕྱིས་སུ་རྒྱལ་ཁབ་ཕྱི་ནང་དུ་འབྲེལ་ཡོད་མི་སྣས་ཁོང་ལ་དོ་སྣང་ཆེན་པོ་བྱེད་པ་དང་བསྟུན་ཞིབ་འཇུག་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཆབས་ཅིག་ཁོང་གི་ལོ་རྒྱུས་དང་བཅས་པའི་ཆ་ནས་ཀྱང་མི་མཐུན་པ་འགའ་རེ་བྱུང་དང་འབྱུང་བཞིན་ཡོད་ན།  འདིར་དཔྱད་གཞིའི་ཡིག་རིགས་དག་ཕན་ཚུན་གོ་བསྡུར་ཏེ། མཁས་དབང་ཁོང་གི་སྐོར་ཅུང་ཟད་གླེང་བར་བྱ་བ་ལ།
དང་པོ། འཁྲུངས་ཡུལ་དང་རིགས་རུས་ཀྱི་སྐོར།
          སུམ་པ་ཡེ་ཤེས་དཔལ་འབྱོར་ཞེས་པའི་སུམ་པ་འདི་ལ་མཚོན་ན། སུམ་པའི་བོན་པོ་ཞེས་པའི་སྐབས་སུ་བོན་པོའི་གྲུབ་མཐའ་འཛིན་པའི་བྱེ་བྲག་ཅིག་ལ་གོ་བ་དང་། སུམ་པའི་རུ་བ་ཞེས་པའི་ཚེན་སྲོང་བཙན་སྐམ་པོའི་སྐབས་ཀྱི་སུམ་པའི་རུ་བའི་བསྡུས་མིང་ལ་གོ་བ།① སུམ་པའི་《རང་རྣམ་》རྒྱས་པ་མུ“རུས་ནི་བོད་ཀྱི་རུས་ཆེན་བཅོ་བརྒྱད་ཀྱི་ནང་གི་སུམ་པ་ཡིན་ཤས་ཆེ་བ་དང་། ལུང་ལས་ཀྱིས་བསྔགས་པའི་ཟི་ཡོན་(ཟིན་)བཅུ་གསུམ་དུ་གྲགས་པའི་ནང་གི་གཅིག་ཡིན་”②ཞེས་བྱུང་བའི་སྐབས་སུ་བོད་ཀྱི་རུས་ཆེན་བཅོ་བརྒྱད་དུ་བྱས་པའི་ནང་གསེས་རུས་ཤིག་དང་དགོན་པ་ཞིག་ལ་གོ་བ། ཡང་སུམ་པའི་《རང་རྣམ་》དུ་སུམ་པ་ཚོ་པ་ཁག་ལྔ་ཡིས་སུམ་པ་མཁན་པོ་གདན་དྲངས་ཚུལ་སོགས་འཁོད་པ་ལྟར་བྱས་ན། དེ་དུས་ཀྱི་སུམ་པ་ནི་ཚོ་ཁག་ལྔ་ལ་གོ་བ། སུམ་པ་འགག་ཞེས་པའི་ཚེ“མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཅན་ཚ་རྫོང་གི་རོང་ཞིག་”③ལ་གོ་བ། “དགོན་ལུང་དགོན་པའི་མཁན་རབས་དང་པོ་སུམ་པ་དམ་ཆོས་རྒྱ་མཚོ་ནི་དགོན་ལུང་གི་ཉེ་འདབས་སུམ་པ་གྲོང་ཚོར་སྐུ་འཁྲུངས་”④ཞེས་པའི་སྐབས་སུ་སུམ་པ་ནི་གྲོང་ཚོ་ཞིག་ལ་གོ་བར་མངོན་པ། ཡང་སྐུ་ཞབས་ཧུང་ཧོ་ཡིས་སུམ་པ་ཧུ་ཐོག་ཐུ་ཞེས་གསུངས་པའི་སྐབས་སུ་སུམ་པ་ནི་སྤྲུལ་སྐུའི་དོན་དུ་བ་ལ། སློབ་དཔོན་ཆེན་མོ་ཧན་རུའུ་ལེན་གྱིས་སུམ་པ་ཆེ་ཆུང་གཉིས་ཞེས་པའི་སྐབས་སུ། ཆེ་བ་ནི་དགོན་ལུང་དགོན་པ་འདེབས་མཁན་གྱི་རྒྱལ་སྲས་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་དང་། ཆུང་བ་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་འདི་ཉིད་ལ་བཞེད་པ།⑤ དེ་བཞིན་དུ་ང་ཚོས་ནམ་རྒྱུན་《སུམ་པའི་ཆོས་འབྱུང་》ཞེས་གླེང་སྐབས་སུ་སུམ་པ་ཡེ་ཤེས་དཔལ་འབྱོར་ལ་གོ་བ་སོགས། མདོར་ན་སུམ་པ་ཞེས་པའི་གོ་དོན་ལ་དུས་ཀྱི་འགྲོས་དང་བསྟུན་ནས་འཕོ་འགྱུར་སྣ་མང་བྱུང་ཡོད་པ་འཁུམས་ལ། ཕྱོགས་གཞན་ཞིག་ནས་སུམ་པའི་ཁྱབ་ཁོངས་ནི་མཚོ་སྔོན་ཕྱོགས་སུ་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པའང་ངང་གིས་རྟོགས་ཐུབ།
          གང་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཀྱི་ཐད་ལ། ཐོག་མར་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་ཆོས་སྐྱོང་དང་། པཎ་ཆེན་རིན་པོ་ཆེའི་མདུན་ནས་བསྙེན་པར་རྫོགས་པའི་མཚན་ལ་ཡེ་ཤེས་དཔལ་འབྱོར།  དེ་རྗེས་ལྕང་སྐྱ་རོལ་པའི་རྡོ་རྗེས་ཨེར་རྟི་ནི་སུམ་པ་པཎྜི་ཏ་ཡི་མཚན་གནང་བ་ནས་བཟུང་སུམ་པ་པཎྜི་ཏ། ཕོ་ལྷ་བས་འབྲས་ལྗོངས་སྐྱིད་ཚལ་དགོན་གྱི་མཁན་པོར་བསྐོས་ཤིང་། གོང་མ་ཆན་ལུང་གིས་བཀའ་བཞིན་སོག་པོའི་ཏོ་ལོན་ནོར་རམ་བོད་སྐད་དུ་མཚོ་བདུན་ཞེས་པའི་དགོན་པའི་མཁན་པོ་གནང་བས་སུམ་པ་མཁན་པོ། ཡང་ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་བདེ་མཆོག་གི་དབང་ཞུས་པ་ལས་གསང་མཚན་རོལ་པའི་རྡོ་རྗེ་རུ་འབོད་པ་སོགས་མཚན་གྱི་རྣམ་གྲངས་མང་།
          གང་ཉིད་ཀྱི་འཁྲུངས་ཡུལ་གྱི་ཐད་ལ་《རང་རྣམ་》རྒྱས་པ་རུ།  “ངོས་ཀྱི་སྐྱེ་ཡུལ་ནི་ཙོང་ཁའི་རིའི་སྟོད་ཀྱི་ཆ་དང་འདབ་འབྲེལ་བ། མཚོ་སྔོན་པོར་གྲགས་པའི་ལྷོ་ནུབ་ངོས་དང་། ......རྨ་ཆུའི་འགྲམ། ཐོ་ལི་ཞེས......སྐྱེས་ལྷ་ཡུལ་ལྷ་ནི་ཆེ་གེའི་ཡུལ་ལྷ་ཆེན་པོར་གྲགས་པ་”⑥ཞེས་དང་། 《རང་རྣམ་》བསྡུས་པ་རུ། “དེ་ལ་ཁོ་བོའི་སྐྱེས་ཡུལ་ནི་ཤར་ཕྱོགས་བདེ་ཆེན་ཨ་མདོའི་ཕྱོགས་ཀྱི་འབའ་ས་ཆར་རྗེ་བློ་བཟང་གྲགས་པའི་འཁྲུངས་ཡུལ་ཏེ་བྱིན་གྱིས་རླབས་པའི་ཙོང་ཁ་ཞེས་པའི་རི་རྒྱུད་རིང་མོའི་སྟོད་ཀྱི་ཉེ་འདབས་མཚོ་སྔོན་ཁྲི་གཤོག་རྒྱལ་མོར་གྲགས་པའི་གཡས་ངོས་ཀྱི་རྨ་ཆུ་ཆེན་མོའི་འགྲམ་གྱི་རི་ཆུང་དཀར་པོ་དབྱིབས་དུང་འདྲའི་མདུན་དུ་ཐང་མཎྜལ་འདྲ་བ་ཞིག་ཡོད་པའི་མིང་སོག་སྐད་དུ་ཐོ་ལི་ཞེས་པའོ་”⑦ཞེས་བྱུང་བས། རང་རྣམ་རྒྱས་བསྡུས་གཉིས་ལ་གཞིགས་ན། གང་ཉིད་ཀྱི་འཁྲུངས་ཡུལ་ནི་མཚོ་སྔོན་པོའི་ལྷོ་ནུབ་དང་། ཙོང་ཁའི་རི་རྒྱུད་ཀྱི་སྟོད་ཕྱོགས། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་སྐྱེས་ལྷ་ཡིན་པ། རྨ་ཆུའི་འགྲམ་རྒྱུད་ཀྱི་སོག་སྐད་དུ་ཐོ་ལི་ཞེས་པའི་ཡུལ་དེར་ཡིན། རྗེས་སུ་སྐུ་ཞབས་ཐང་ཀི་སི་ཡིས་《རང་རྣམ་》ལྟར་ཞེས་“མཚོ་སྔོན་མཚོ་བྱང་གི་ཐོ་ལི་ཡུལ་དུ་ཨོ་རོད་ཚོ་པའི་དཔོན་རྗེའི་རིགས་སུ་འཁྲུངས་”⑧ཞེས་མཚོ་སྔོན་པོའི་ལྷོ་ནུབ་ཏུ་ཡིན་པ་དེ་མཚོ་བྱང་དུ་བྱས་ཏེ་ཁ་ཕྱོགས་ཀྱི་ཆ་ནས་རྦད་དེ་སོ་སོར་གྱེས་པ་ཕུད། སྤྱི་ལྡོག་ནས་“མཚོ་སྔོན་རྨ་ཆུའི་འགྲམ་ཐོ་ལི་ཞེས་པའི་སར་”⑨ཞེས་པ་འདི་ཉིད་བཀོལ་མཁན་མང་། འོན་ཀྱང་དེང་གི་ཡུལ་གང་ཞིག་ལ་ངོས་འཛིན་དགོས་པའི་སྐོར་ལ་ལྟ་ཚུལ་མི་འདྲ་བ་འགའ་སྣང་སྟེ། དཔེར་ན། “ཁྲི་ཀའི་སུམ་པ་གྲོང་ཚོ”⑩ཞེས་དང་། “དེང་གི་ཧེ་ཡན་རྫོང་གི་(海晏县)ཐོ་ལི་ཡི་རྒྱུད་” ⑪ཅེས་དང་། “མཚོ་སྔོན་ཧོང་ཀྲོང་རྫོང་(湟中县)” ⑫ཞེས་དང་། ཡང་“མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་(互助县)” ⑬ཞེས་པ། “འགའ་རེས་ཁྲི་ཀ་འགའ་རེས་ཆི་ལེན་ཐོ་ལི་(祁连托勒)རུའང་བཤད་” ⑭ཅེས་པ་སོགས་བྱུང་ཡོད་པ་ལྟ་བུའོ། གོང་གསལ་དེ་དག་ལས། གང་ཉིད་ཀྱི་འཁྲུངས་ཡུལ་ནི་དེང་གི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧེ་ཡན་རྫོང་དང་ཆི་ལེན་རྫོང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་མངའ་ཁོངས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་བཅས་སོ་སོར་ཡིན་པར་བསྟན་ཡོད། དེས་ན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལ་བྱས་པ་ནི་གཙོ་བོ་སུམ་པ་ཡེ་ཤེས་དཔལ་འབྱོར་གང་ཉིད་ཧོར་རིགས་ཡིན་པར་གཞི་བྱས་ནས་བརྗོད་པ་ཡིན་ཤས་ཆེ་བ་དང་། གཞན་མ་དག་ནི་ཐོ་ལི་ཞེས་པའི་ཡུལ་མིང་ཡོད་པ་ལ་གཞི་བྱས་ཏེ་བརྗོད་པ་ཞིག་ཏུ་ངེས། ཡིན་ནའང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀོས་ནན་རྫོང་མང་ར་ཤང་གི་ཕྱོགས་སུའང་ཐོ་ལི་དང་ཐོ་ལི་དགོན་པ་ཞེས་པ་ཡོད་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆི་ལེན་རྫོང་ཁོངས་སུ་ད་དུང་གཡང་ལུང་ཤང་ཐོ་ལི་གྲོང་ཚོ་ཞེས་པ་དང་། ཐོ་ལི་རི་བོ། ཐོ་ལི་ལྷོ་རི། ཐོ་ལི་ཐང་ཞེས་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧེ་ཡན་རྫོང་ཁོངས་སུའང་ཐོ་ལི་ཀུང་ཧྲེ་དང་། ཐོ་ལི་ཏ་ཏུའུ་ཞེས་པ་སོགས་ཡོད་པས། དེ་དག་ལས་ཐོ་ལི་ཞེས་པའི་ཡུལ་མིང་གི་ཁྱབ་རྒྱ་ནི་བལྟོས་བཅས་ཀྱིས་ཆེན་པོ་ཡིན་པ་མཚོན་ཐུབ་ལ། དེ་དག་ལ་བརྟེན་ནས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་འཁྲུངས་ཡུལ་ངོས་གཟུང་རྒྱུ་ཡང་ཅུང་རྙོག་གྲ་ཆེ་བ་ཞིག་ཏུ་གྱུར་ཡོད།
          ཡང་སྙིང་ཁོང་གི་འཁྲུངས་ཡུལ་དངོས་གང་དུ་ཡིན་ནམ་ཞེ་ན། ང་ཚོས་ཕྱོགས་གཅིག་ནས་《རང་རྣམ་》རྒྱས་བསྡུས་སུ་འཁོད་པའི་མཚོ་སྔོན་པོའི་ལྷོ་ནུབ་ཅེས་དང་། ཙོང་ཁའི་རི་རྒྱུད་ཀྱི་སྟོད་ཕྱོགས་ཞེས་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་སོག་སྐད་ཀྱི་ཐོ་ལི་ཞེས་པ། སྐྱེས་ལྷ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞེས་པ་དེ་དག་ལ་གཞི་བཅོལ་དགོས་ལ། ཕྱོགས་གཞན་ཞིག་ནས་གོང་འཕྲོས་ཐོ་ལི་ཞེས་པའི་ས་མིང་གི་ཁྱབ་རྒྱ་ཆེན་པོ་ཡིན་པའི་ནང་གི་རྨ་ཆུའི་འགྲམ་རྒྱུད་དང་ཐག་ཉེ་བའི་ཡུལ་མིང་ཐོ་ལི་ཞེས་པར་དེ་བས་དོ་སྣང་བྱེད་དགོས་པ་ཡིན། དེས་ན་གོང་འཕྲོས་ཀྱི་ཧེ་ཡན་རྫོང་དང་། ཧོང་ཀྲོང་རྫོང་། ཧུའུ་ཀྲུའུ་རྫོང་། ཆི་ལེན་རྫོང་བཅས་ཀྱི་རྫོང་རེ་ཟུང་ལ་ཐོ་ལི་ཞེས་པའི་ཡུལ་མིང་ཡོད་ཀྱང་། དེ་དག་ནི་རྨ་ཆུའི་བཞུར་རྒྱུད་དུ་གནས་མེད་པས། 《རང་རྣམ་》ལས་བསྟན་པའི་འཁྲུངས་ཡུལ་གྱི་བཀོད་པ་དང་ཁྱད་པར་ཆེ་བས། འཁྲུངས་ཡུལ་དངོས་དེ་ཡུལ་དེ་དག་ཏུ་ཡིན་མི་སྲིད། མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་ནི་རྨ་ཆུའི་བཞུར་རྒྱུད་དུ་ཡོད་པ་མ་ཟད།  “ཁྲི་ཀ་རྫོང་ནས་ནུབ་ཀྱི་སྤྱི་ལེ་བཅུ་བདུན་དང་གྲངས་ཆུང་ལྔའི་མཚམས་” ⑮སུ་གནས་པའི་“གོང་བའི་བྲག་དཀར་མེ་ལོང་དུ་ཀློག་དང་ཆོས་སྤྱོད་བསླབས་” ⑯ཞེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་ཐོག་མར་ཆོས་བསླབ་པའི་གནས་ཡོད་ཚུལ་དང་། ཁྲི་ཀ་རྫོང་གི་“ནུབ་བྱང་ནས་སྤྱི་ལེ་ཉི་ཤུ་རྩ་བཞི་དང་། དེང་གི་ཀ་གཞུར་ཤང་གི་ཤར་ལྷོའི་སྤྱི་ལེ་བཅུ་གཅིག་གི་མཚམས་ཀྱི་སུམ་པའི་འགག་ཏུ་སུམ་པ་གྲོང་ཚོ་གནས་ཤིང་།  དེའི་ལྷོ་ཕྱོགས་རྨ་ཆུ་དང་འབྲེལ་ལ། ནུབ་ཕྱོགས་སུ་དཔའ་ལུང་རྫོང་གི་སྡེ་ཚ་ཤང་ཡོད། སུམ་པའི་སྔགས་ཁང་འདི་ནི་སུམ་པ་གྲོང་ཆོའི་རྙིང་མ་བའི་ཆོས་སྤེལ་ཡུལ་ཞིག་ཡིན་” ⑰ཞེས་སུམ་པ་གྲོང་ཚོ་དང་སུམ་པའི་སྔགས་ཁང་ཞིག་ཡོད་ཚུལ་བསྟན་པ། དེ་བཞིན་ཀོས་ནན་རྫོང་མང་ར་ཤང་གི་ཕྱོགས་སུ་ཐོ་ལི་ཡུལ་དང་ཐོ་ལི་དགོན་ཞེས་པ་ཡོད་ཅིང་། “དགོན་འདིའི་(དགོན་མིང་ཧྲིལ་པོར་ཐོ་ལི་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་ཞེས་ཞུ་)སྔོན་གྱི་གནས་ཡུལ་ནི་རྫོང་གི་བྱང་ནས་ནུབ་ཏུ་ཕྱོགས་ཆེ་བའི་སྤྱི་ལེ་སུམ་ཅུ་སོ་དགུའི་མཚམས་སུ་ཡོད་པ་དང་། དེང་གི་རབ་ཡོག་ཤང་གི་ནུབ་ལྷོའི་མཚམས་ཀྱི་རྨ་ཆུའི་ལྷོ་འགྲམ་གྱི་ཐོ་ལི་ཐེ་ཞེས་པར་གནས་” ⑱ཞེས་པ་དང་། 《མདོ་སྨད་ཆོས་འབྱུང་》ལས་བྱུང་བའི་“ཐར་ཤུལ་དགོན་ནས་དཔོན་སློབ་ཀྱི་དྲུང་དུ་ལྕགས་སྟག་ལོར་རབ་ཏུ་བྱུང་” ⑲ཞེས་པའི་“ཐར་ཤུལ་དགོན་པ་ནི་ཀོས་ནན་རྫོང་ནས་སྤྱི་ལེ་བཅོ་ལྔའི་མཚམས་ཏེ། དེང་གི་ཐར་ཤུལ་ཞང་གི་ནུབ་ལྷོའི་སྤྱི་ལེ་ཉི་ཤུ་རྩ་གཉིས་ཀྱི་མཚམས་(ཐར་ཤུལ་ཞིང་ལས་ཁུལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ་ལྔའི་མཚམས་)ཀྱི་རི་ལུང་དུ་གནས་” ⑳ཞེས་པ། ད་དུང་《རང་རྣམ་》དུ།  “ཕ་ཡུལ་དུ་སོང་ནས་དགུན་སྒོ་མེ་བརྒྱུད་དེ་ཕྱིར་ལོག་པའི་ལམ་དུ་ཁ་བྱ་ཆེན་པོ་ཞིག་བབས་”㉑ཞེས་པ། དེ་མིན་ཁོང་གི་སྐྱེས་ལྷ་ཡུལ་ལྷའང་ཆེ་གིའི་ཡུལ་ལྷ་སྟེ། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཡིན་པར་འཁོད་པས། དེ་དག་ལས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་འཁྲུངས་ཡུལ་ནི་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་ཁོངས་ཀྱི་གོང་ཞུས་ཡུལ་ལུང་དགོན་པ་དག་དང་ཐག་ཉེ་བའི་“མཚོ་སྔོན་པོར་གྲགས་པའི་ལྷོ་ནུབ་ངོས་དང་།...... རྨ་ཆུའི་འགྲམ། ཐོ་ལི་”ཞེས་པར་འབབ་པ་གསལ་བས་ན། ཁོང་གི་འཁྲུངས་ཡུལ་ནི་དེང་གི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་གི་རྨ་ཆུའི་འགྲམ་རྒྱུད་ཀྱི་སོག་སྐད་དུ་ཐོ་ལི་དགོན་ཞེས་པ་དེའི་ཕྱོགས་སུ་ཡིན་པར་ངེས།
          ཁོང་གི་རིགས་རུས་ཀྱི་སྐོར་ལ་སུམ་པའི་《རང་རྣམ་》རྒྱས་པ་རུ། “བདག་གི་རིགས་ནི་དཔོན་རྗེའི་རིགས......པཱ་ཐུད་ཅེས་པ་སྔར་སྨད་ཀྱི་རྒྱ་སོག་གི་ལྗོངས་སུ་ཡུལ་གཞན་ནས་བྱ་ཆེན་པོ་འགའ་ཞིག་འོངས་ནས་ཀུན་ལ་འཚེབ་ལ་ཨོའི་(ཨོ་)རོད་ཀྱི་རྒྱལ་པོ་དག་ལ་ཞུས་ནས་ཡ་པ་གྭན་མེར་གིན་ཞེས་པའི་དཔའ་བོ་སྟོབས་ཆེན་ཞིག...... དེས་བྱ་ཆེན་རྣམས་བསྐྲད་དེ། སླར་མི་དེའི་དཔོན་གཡོག་ནི་རྒྱ་ཡུལ་གྱི་མགོ་དཔོན་བརྒྱད་འཁོར་བཅས་ཀྱིས་ཇོའུན་གྭར་(ཇུན་གར་)ཕྱོགས་སུ་བསྐྱལ་ཏེ་དེར་བསྡད་པ་ལས་རིམ་གྱིས་འཕེལ་བའི་དཔོན་བརྒྱད་ལ་པཱ་ཐུད་ཅེས་གྲགས་ཟེར་རོ། །རུས་ཀྱང་རིགས་དེ་མ་ཉམས་པའི་ཨོའི་(ཨོ་)རོད་ཀྱི་ཚོབཞིའི་ནང་གི་པཱ་ཐུད་ཀྱི་ཐའི་ཇའི་རྒྱུད་པ་ཡང་མེས་ཞེ་ཤེན་གསུམ་གྱི་གཅིག་ཡིན། ཕ་རྡོ་རྗེ་བཀྲ་ཤིས་ཞེས་པར་གླེང་བ་ཐོས། ཆོ་འབྲང་ཞེས་པའི་ཆོ་ཡང་ཞང་པོ་ཇུའུན་གཱར་རིགས་ཀྱི་ཁུངས་དང་ལྡན་པའོ་” ㉒ཞེས་ཕ་རྒྱུད་ནི་སོག་པོ་ཤིན་ཅང་ཕྱོགས་སུ་ཡོད་པའི་ཨོ་རོད་ཚོ་བཞིའི་ནང་ཚན་གྱི་པཱ་ཐུད་ཐའི་ཇའི་རྒྱུད་པ་དང་། མ་རྒྱུད་ནི་ཨོ་རོད་ཚོ་བཞིའི་ནང་ཚན་གྱི་བོད་ཡིག་ཏུ་ཇུའུན་གཱར་རམ། ཇུ་འུན་ལྷར་བ། ཇུན་གར། ཇུང་གར་དུ་འབོད་པའི་རྒྱུད་པ་ཡིན་པར་བསྟན་ཡོད། “པཱ་ཐུད་ཚོ་བ་འདི་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་ཨོ་རོད་ཚོ་བཞིའི་ཁྲོད་ཀྱི་ཅུང་སྟོབས་ཤུགས་ཆེ་བའི་ཚོ་བ་ཞིག་ཏུ་འཁུམས།......རྗེས་སུ་པཱ་ཐུད་དང་ཧོའི་ད་ཚོ་བ་ནི་ཉམས་རྒུད་དུ་ཕྱིན་ཏེ་ཧོ་ཤོད་ཐུ་ཚོ་བའི་ཁོངས་གཏོགས་སུ་གྱུར་བ་མ་ཟད། ད་དུང་དེ་ལས་སྐོར་ཞིག་ནི་ཧོ་ཤོད་ཐུ་ཚོ་བའི་ནང་དུ་ཐིམ་པ་”㉓དང་། རིམ་བཞིན་མཚོ་སྔོན་དུ་སྤོས་འོང་བ་ལ་བརྟེན། སུམ་པ་ཚང་ཡང་དེའི་རྒྱུད་དུ་འཁྲུངས་པ་ན། ཕྱིས་སུ་“མཚོ་སྔོན་གྱི་དཔོན་རིགས་ཤིག་ཏུ་སྐུ་འཁྲུངས་” ㉔ཞེས་པའམ། ཡང་ན་“མཚོ་སྔོན་སོག་པོ་ཧོ་ཤོད་ཐུ་ཚོ་བའི་མི་ཡིན་” ㉕ཞེས་པའི་འདོད་ཚུལ་བྱུང་ཡོད། འདོད་ཚུལ་དེ་དག་ནི་པཱ་ཐུད་ཚོ་པའི་ལོ་རྒྱུས་འཕེལ་འགྲོས་དང་བསྟུན་ནས་བྱུང་བ་ཞིག་ཡིན་པ་གསལ་པོ་ཡིན། མཚོ་སྔོན་ཧོ་ཤོད་ཐུ་ཚོ་པའི་དཔོན་རིགས་གང་ཞིག་གི་རྒྱུད་དུ་འཁྲུངས་པའི་སྐོར་ལ་《མདོ་སྨད་ཆོས་འབྱུང་》ལས། “བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོ་མཚོ་སྔོན་ཨེ་རྟི་ནི་ཐའི་ཇི་ཚངས་པ་སྐྱབས་ཀྱི་ཤོག་ཏུ་”㉖ཞེས་དང་།《རང་རྣམ་》རྒྱས་པ་རུ། “གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོ་བེེ་རོ་ཙ་ནའི་སྲས་པཱ་ཐུད་སྡེའི་བདག་པོ་ཨེརྟེ་ནི་ཐེ་ཇི་ཚངས་པ་སྐྱབས་” ㉗ཞེས་བྱུང་བས། སུམ་པ་ཡེ་ཤེས་དཔལ་འབྱོར་ནི་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་སྲས་དྲུག་པ་རྡོ་རྗེ་ད་ལེ་ཧུང་ཐེ་ཇིའི་རྒྱུད་ལ་བུ་ལྔ་བྱུང་བའི་ནང་གི་བུ་ཆེ་བ་བེེ་རོ་ཙ་ན་ལ་བུ་གཉིས་ཡོད་པའི་བུ་ཆེ་བ་ཨེརྟེ་ནི་ཐེ་ཇི་ཚངས་པ་སྐྱབས་㉘ཡིན་པའོ།
          ཁོང་གི་མི་རིགས་གཏོགས་ཁོངས་ཀྱི་ཆ་ལ་སྤྱིར་ན་གོང་ཞུས་བཞིན་སོག་པོ་ཡིན་པར་སྨྲོས་མེད་དུ་འཁུམས་མོད། སུམ་པ་ཡེ་ཤེས་དཔལ་འབྱོར་ཉིད་ལ་ཞིབ་འཇུག་དང་དོ་སྣང་གནང་མཁན་མང་དུ་སོང་བ་དང་བསྟུན་ནས་གང་དེའི་མི་རིགས་གཏོགས་ཁོངས་ཀྱི་ཆ་ལའང་བཞེད་ཚུལ་མི་འདྲ་བ་བྱུང་ཡོད་དེ། དཔེར་ན། 《བོད་ཀྱི་རྩོམ་རིག་ལོ་རྒྱུས་》སུ “བཅིངས་འགྲོལ་སྔོན་དུ། བོད་ཀྱི་མཁས་པ......སུམ་པ་ཡེ་ཤེས་དཔལ་འབྱོར།...... བཅས་པས་གེ་སར་ལོ་རྒྱུས་ཀྱི་སྙན་ངག་འདི་ཐུགས་བཞེས་གནང་ནས་སོ་སོའི་ལྟ་བའང་བསྟན་གནང་ཡོད་པ་རེད་” ㉙ཅེས་གང་ཉིད་བོད་རིགས་སུ་བྱས་པས། ཕྱིས་སུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཐུང་ཅིན་ཧྭ་ཡིས་བོད་ཀྱི་གེ་སར་ཞིབ་འཇུག་གི་གནས་ཚུལ་གླེང་བའི་སྐབས་སུ “བོད་ཀྱི་མཁས་པ་སུམ་པ་ཡེ་ཤེས་དཔལ་འབྱོར་”㉚ཞེས་དང་། དེ་བཞིན་རྒྱ་ཡིག་ནས་བྲིས་པའི་གེ་སར་སྐོར་གྱི་ཆེད་རྩོམ་འགའ་རེར་ཡང་ཁོང་ཉིད་བོད་རིགས་ཁོ་ན་ཡིན་ཤག་བྱས་པ། 《ཨ་མདོའི་བོད་ཀྱི་ལོ་རྒྱུས་རགས་བསྡུས་》㉛དང་《མི་རིགས་ཚིག་མཛོད་》㉜བཅས་པར་ཡང་བོད་རིགས་སུ་བྱས་པ། ཡང་སྐུ་ཞབས་དབང་ཧོ་ཅིན་(杨和瑨)གྱིས་སུམ་པ་མཁན་པོ་ནི་ཐུའུ་ཅཱ་མི་རིགས་ཀྱི་རིགས་རྒྱུད་དུ་འཁྲུངས་㉝པར་བཞེད་པ། འདིའི་སྐབས་ཀྱི་ཐུའུ་ཅཱ་མི་རིགས་ནི་མཚོ་སྔོན་གྱི་ཧོར་རིགས་ལ་གོ་བ་ཡིན། དེ་བཞིན་《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རགས་རིམ་》གྱི་དཔེ་ཚོགས་ཁྲོད་ཀྱི་《ཧོར་རིགས་ཀྱི་ལོ་རྒྱུས་རགས་བཀོད་》དུའང་སུམ་པ་མཁན་པོ་ཉིད་ཧོར་རིགས་ཁོ་ན་ཡིན་པར་བྱས་ཡོད་པ་ལྟ་བུ་ཡིན། གོང་གསལ་སུམ་པ་མཁན་པོ་ཉིད་ཀྱི་མི་རིགས་གཏོགས་ཁོངས་ཀྱི་ཆ་ལ་བཞེད་ཚུལ་མི་འདྲ་བ་འགའ་བྱུང་བས་ཡིན་ནམ་ཅི། གང་ལྟར་《བོད་རྒྱ་ཚིག་མཛོད་ཆེན་མོ་》དང་《ཆོས་ལུགས་ཚིག་མཛོད་》ཙེང་ཀུའོ་ཆང་དང་ཀུའོ་ཝེ་ཕེང་གིས་བསྒྲིགས་པའི་《བོད་ཀྱི་གྲགས་ཅན་མི་སྣ་རིམ་བྱོན་གྱི་ལོ་རྒྱུས་》ད་དུང་ཡང་བཀེས་མེན་དང་མ་ཅི་ཞང་གིས་བསྒྲིགས་པའི་《བོད་བརྒྱུད་ནང་བསྟན་སྐྱེས་ཆེན་དམ་པའི་རྣམ་ཐར་མདོར་བསྟན་པ་》ཞེས་པ་སོགས་ཀྱི་ནང་དུ་སྤྱིར་ཁོང་ལྟ་བུ་མི་སྣའི་ལོ་རྒྱུས་གླེང་སྐབས་སུ་མི་རིགས་གང་ཡིན་གྱི་གནས་ཚུལ་གསལ་པོར་འགོད་དགོས་ཀྱང་། དེ་འདྲ་ཡེ་ནས་བྱུང་མེད།
གཉིས་པ། སྐུ་ཚེའི་མཛད་པ་རགས་གླེང་།
          གཅིག སྤྲུལ་སྐུར་ངོས་འཛིན་དང་གཞུང་ལུགས་མང་དུ་ཐོས་བསམ་མཛད་ཚུལ།
          སྤྲུལ་སྐུར་ངོས་འཛིན་གནང་བའི་སྐོར་ལ་དེང་སྐབས་འགའ་རེས་སྤྱི་ལོ་༡༧༠༧ལོར་ལྕང་སྐྱ་ཚང་དང་འཇམ་དབྱངས་བཞད་པ་ཚང་གིས་སྤྲུལ་སྐུར་ཐུགས་ཐག་བཅད་㉞ཅེས་པ་དང་། 《དུང་དཀར་ཚིག་མཛོད་ཆེན་མོ་》རུ། དགུང་ལོ་གསུམ་པའི་ཐོག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་ངོས་འཛིན་གནང་བར་འཁོད་པས།㉟དེ་རྗེས་ཀྱི་རྒྱ་བོད་ཟུང་གི་དེབ་འགའ་ཤས་སུའང་དེ་ལྟར་དུ་བྱུང་བ། ཡང་འགའ་རེས་ལྕང་སྐྱ་ཧུ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་ཆོས་ལྡན་གྱིས་ངོས་འཛིན་གནང་བར་㊱བཞེད་པ་བཅས་འདོད་ཚུལ་གསུམ་ཙམ་སྣང་མོད། 《རང་རྣམ་》དང་《མདོ་སྨད་ཆོས་འབྱུང་》དུ་ནི། “ལྕང་སྐྱ་གོང་མས་ཀུན་མཁྱེན་བླ་མ་ལ་གཉེར་དམ་མཛད་པ་བཞིན་”㊲ལྕགས་སྟག་སྤྱི་ལོ་༡༧༡༠ལོར་སུམ་པ་སྐུ་གོང་མའི་སྤྲུལ་སྐུར་ཐུགས་ཐག་བཅད་པར་གསལ། ལྕགས་སྟག་སྤྱི་ལོ་༡༧༡༠ལོར་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ལས་རབ་ཏུ་བྱུང་བ་དང་། ཆུ་སྤྲེལ་སྤྱི་ལོ་༡༧༡༣ལོར་དགོན་ལུང་དུ་ཆོས་གྲྭར་ཞུགས། མེ་སྤྲུལ་(སྤྱི་ལོ་༡༧༡༦)ལོའི་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་ཆུ་བཟང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། འདི་ལ་《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་》ཅེས་པར། “ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་” ㊳ཞེས་ཆུ་བཟང་སྐུ་ཕྲེང་གཉིས་པ་དང་གསུམ་པ་ཟུང་གོ་ནོར་ཐེབས་ཡོད། དེ་ནས་བཟུང་སྟེ་ལྕགས་ཡོས་སྤྱི་ལོ་༡༧༢༣ལོའི་བར་རིམ་པར་ཚང་ཀྱ་སློབ་ཆུང་བ་ངག་དབང་བསྟན་འཛིན་དང་། ཨུལ་ཤྲི་སློབ་ཆུང་བ་བློ་གྲོས་རྒྱ་མཚོགཉིས་ཀྱི་མདུན་ནས་རྣམ་འགྲེལ་གྱི་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་ཐུགས་ལ་བཟུང་ནས་བྱང་བར་གནང་ལ། དེ་རྗེས་འདུལ་བ་དང་། མངོན་པ་གོང་འོག ཕར་ཕྱིན། དབུ་མ་བཅས་ལའང་གསན་བསམ་རྒྱ་ཆེར་གནང་། དེ་མིན་ཁོང་དབུས་གཙང་དུ་མ་ཕེབས་གོང་ལ་རས་གཞི་མཐོ་གང་གི་ཚད་ཙམ་དུ་ཤཱཀྱ་ཐུབ་དབང་སོགས་ལྔ་དང་དབུས་སུ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་འཁོར་དུ་ཆོས་སྐྱོང་བདུན་བཅས་ཀྱི་ཚོན་ཐང་བཞེངས་པ་དེ་ཉིད་ཐུའུ་བཀྭན་བླ་བྲང་དུ་བཞུགས་སུ་གསོལ་ཞིང་། དེ་འདྲ་བ་ཞིག་ཨུལ་ཤྲི་སློབ་ཆུང་བ་ལ་ཡང་ཕུལ། ཡང་འཇིགས་བྱེད་ཆོས་སྐྱོང་བདུན་སོགས་ནག་ཐང་དུ་བཞེངས་པ་དང་ལྷ་མོ་ནག་ཐང་དང་དཔལ་མགོན་བྲམ་གཟིགས་ཚོན་ཐང་བཅས་བཞེངས་པ་དེ་དག་ཀྱང་ཁོང་གི་བླ་བྲང་དུ་བཞུགས་སུ་གསོལ། གཞན་ཡང་མང་པོ་བྲིས་ཏེ་བཟོ་བོ་མཁས་པ་རྣམས་ཀྱི་རྗེས་སུ་འགྲོ་བར་གནང་བ་㊴སོགས། དེ་དག་ལས་ཁོང་དབུས་ཕྱོགས་ལ་མ་ཕེབས་པའི་གོང་ནས་ཆོས་གཞུང་ལ་གསན་བསམ་ངེས་ཅན་ཞིག་གནང་ཡོད་པ་མ་ཟད། ད་དུང་བཟོ་རིག་པ་ལའང་ཐུགས་བརྩོན་གནང་སྟེ་ངེས་དོན་གྱི་རི་མོ་བ་ཞིག་ཏུ་ཆགས་ཟིན་པ་རྟོགས་ཐུབ།
          ལྕགས་བྱི་སྤྱི་ལོ་༡༧༢༠ལོར་སྨོན་ལམ་རབ་འབྱམས་པ་རྒྱ་ཏིག་བློ་བཟང་དོན་གྲུབ་དང་འདན་མ་དཀའ་བཅུ་མགོ་ཁྲ་ཆོས་གཉིས་ཀྱིས་དབུས་ལ་ཕེབས་པར་ཡང་ཡང་བསྐུལ་ནའང་། སུམ་པ་ཆོས་རྗེ་ཁུ་དབོན་གྱིས་མ་བཏང་བར་མངོན་པ་དང་། དེ་རྗེས་ཆུ་ཡོས་(སྤྱི་ལོ་༡༧༢༣)ལོའི་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་དབུས་སུ་གསན་བསམ་དུ་ཕེབས་㊵པར་གསལ་མོད། འདི་ལ་འགའ་ཞིག་གིས་“མེ་སྤྲེལ་ལོ་(སྤྱི་ལོ་༡༧༡༦) ལ་......གཉིས་ཀྱིས་དབུས་གཙང་དུ་སློབ་གཉེར་ལ་འགྲོ་དགོས་པའི་བསྐུལ་མ་བྱས་”㊶ཞེས་དང་། “དགུང་ལོ་བཅུ་ཡི་སྟེང་དབུས་གཙང་དུ་གསན་བསམ་དུ་ཕེབས་”㊷ཞེས་པ། “ཤིང་མོ་སྦྲུལ་(སྤྱི་ལོ་༡༧༢༥)ལོར་ཕེབས་”㊸ཞེས་པ་སོགས་ལོ་ཚིགས་ཀྱི་ཐད་ནས་ཅུང་ཟད་གོ་འཛོལ་བྱུང་ཡོད། དེ་ནས་ཤིང་སྦྲུལ་སྤྱི་ལོ་༡༧༢༥ལོར། གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་མདུན་ནས་བསྙེན་པར་རྫོགས་ཤིང་།  ལོ་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་མཇལ་བ་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བསམ་བློ་ཁམས་ཚན་དུ་ཞུགས། “ཕྱིས་སྒོ་མང་བླ་མར་གྱུར་” ㊹བས། སྒོ་མང་གྲྭ་ཚང་གཅིག་པུས་མ་ཡིན་པར། “འབྲས་སྤུངས་ཀྱི་བླ་མ་རྣམས་དང་གྲྭ་ཚང་བཞི་ཀའི་བློ་གཟུ་བོར་གནས་པའི་མཁས་པ་སོགས་ཀུན་གྱིས་ཐུགས་ཟིན་པ་བྱུང་” ㊺བ་ཡིན། དབུས་སུ་བཞུགས་རིང་འབྲས་སྤུངས་སྒོ་མང་དུ་དཔོན་སློབ་ངག་དབང་ནམ་མཁའ་དང་མོག་ཀྱ་རབ་འབྱམས་པ་འཇམ་དབྱངས་རྒྱ་མཚོ་ལས་མཚན་ཉིད་དང་། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་དཔལ་བཟང་པོའི་སློབ་མ་མཛོ་མོ་མཁར་བ་རབ་འབྱམས་སྨོན་ལམ་ལྷུན་གྲུབ་ཀྱི་དྲུང་ནས་སྒྲ་དང་ས་རིས། སྐུ་འབུམ་པ་བསམ་བློ་མིའུ་ཐུང་དུ་གྲགས་པ་མཚན་དངོས་བསོད་ནམས་རྒྱལ་མཚན་ལས་སུམ་རྟགས་ཀྱི་ཁྲིད། གསེར་ཁོག་བཙན་པོ་མི་ཚན་གྱི་དགེ་བཤེས་ཆེན་མོ་རྒྱུད་སྨད་སློབ་དཔོན་པཱ་ཙ་གྲགས་པ་ལྷུན་གྲུབ་ལས་ལཉྫ་ཝརྟུ་འབྲི་ཚུལ་དང་ཐིག་རྩ་སོགས་བཟོ་རིག་གི་སྐོར། འཚོ་བྱེད་ཉི་མ་རྒྱ་མཚོ་ལས་གསོ་རིག་རྒྱུད་སྡེ་བཞི་སྐྱོར་མོ་ལུང་གི་སྡེ་པ་ལྷ་དབང་པ་དང་། སོག་རམས་པ་ངག་དབང་རྒྱ་མཚོ་ལས་རྩིས་དཀར་ནག་སོགས་གསན་བསམ་དཔྱིད་ཕྱིན་པ་མཛད་ཅིང་། དེ་བཞིན་དགའ་ལྡན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་ཁོང་ལ་མངའ་བའི་གདམས་ངག་ཐམས་ཅད་གནང་㊻བ་དང་། ཕྱིས་ཕ་ཡུལ་མཚོ་སྔོན་ལ་ཕྱིར་ཕེབས་རྗེས་གསོ་བ་རིག་པ་དང་སྙན་དངགས་སྡེབ་སྦྱོར་སོགས་ལ་དེ་བས་སྦྱངས་པ་མཛད་㊼པ་མ་ཟད། ཆུ་སྤྲེལ་སྤྱི་ལོ་༡༧༥༢ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བླ་སྨན་ཕུག་པོ་ཆེ་བའི་སློབ་མ་ཨརྐེ་སྨན་རམས་པ་ཉི་མ་རྒྱལ་མཚན་སྟག་ལུང་དུ་བཞུགས་ཡོད་པ་ལ། གང་ཉིད་ཀྱི་སྐར་དུ་གདན་དྲངས་ནས་དེ་ལས་《དཔལ་ལྡན་རྒྱུད་བཞི་》ཡི་ལུང་དང་སྔོ་སྨན་ངོས་འཛིན་ཡན་ཆད་ཀྱི་ཁྲིད་རྣམས་ཞིབ་རྒྱས་སུ་མནོས།
          གཉིས། དུས་ཟིང་གཉིས་དང་འཕྲད་ཚུལ།
          ཆུ་ཡོས་(སྤྱི་ལོ་༡༧༢༣)ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔར་དབུས་ཕྱོགས་སུ་ཕེབས་ཐོན་ཀྱིས་ཞྭ་ཁོག་གི་ས་ཆར་ཕེབས་འབྱོར་དུས་མཚོ་སྔོན་གྱི་དཔོན་རིགས་ཕན་ཚུན་ནང་འཁྲུག་བྱུང་བ་ཐོས་ཀྱང་། ཨུ་ཚུགས་ཀྱིས་རྒྱལ་སྲས་རིན་པོ་ཆེ་ཇོ་ཇོ་དབང་རྒྱལ་དང་སྒོམ་ཞི་སྐུ་སྐྱེ་སོགས་དང་ལྷན་ཅིག་ཏུ་ཕེབས། ཆིན་ཝང་བློ་བཟང་བསྟན་འཛིན་གྱི་རུ་སྡེར་ཕེབས་སྐབས་ཆིན་ཝང་གིས་མི་སྣ་བཏང་སྟེ་སོ་ལོ་མོའི་བར་དུ་ཕེབས་སྐྱེལ་ཞུས་པས། “ལམ་ཕྱེ་སྟེ་བདེ་བར་ནག་ཆུར་འབྱོར།” ㊽ཆིན་ཝང་བློ་བཟང་བསྟན་འཛིན་ནི་སྐབས་དེའི་དུས་ཟིང་སློང་མཁན་གྱི་འགོ་གཙོ་ཡིན་སྟབས། ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་“ཁི་ནོམ་ཆི་དང་། ཨ་རབ་ཐིན་འོན་པོ། ཚངས་པ་སྐྱབས་བཅས་པའི་ཝང་ཀོང་སྐུ་དྲག་དང་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་སྐོར་ཞིག་གཡོ་བྲིད་བྱས་ཏེ་དོན་རྐྱེན་འདི་ལ་རྒྱབ་སྐྱོར་བྱེད་དུ་བཅུག་” ㊾ཅེས་པ་དང་། “བསླུ་བྲིད་དུ་ཚུད་པའི་ཁི་ནོམ་ཆི་དང་། ཨ་རབ་ཐིན་འོན་པོ། ཚངས་པ་སྐྱབས་བཅས་གསུམ་པོ་བཟུང་སྟེ......པེ་ཅིན་དུ་ཁྲིད་” ㊿ཅེས་བྱུང་བའི་ཁྲོད་ཀྱི་ཚངས་པ་སྐྱབས་ནི་ཨེརྟེ་ནི་ཐེ་ཇི་ཚངས་པ་སྐྱབས་ཁོང་ཡིན་ངེས། དེས་ན་སུམ་པ་མཁན་པོ་ཉིད་དབུས་གཙང་དུ་ཕེབས་དོན་ནི། “བློ་བཟང་བསྟན་འཛིན་དང་བཅས་པས་མཚོ་སྔོན་དུ་ཟིང་འཁྲུགས་སློང་བ་ཕྱི་རྐྱེན་དུ་བྱས་ནས་......ཕེབས་པ་ཞིག་ཡིན་”﹙51﹚པར་འདོད་མཁན་ཡང་ཡོད། གང་ལྟར་“ཤིང་འབྲུག་(སྤྱི་ལོ་༡༧༢༤)ལོའི་སོས་ཀ་མཚོ་སྔོན་གྱི་ཆ་གན་ཐོ་ལོ་གྭའི་སོག་པོ་ཐའི་ཇེ་ཧོར་དུན་ཁཱ་ཞེས་པའི་བང་ཆེན་པ་ཞིག་གི་ངག་ལས་མཚོ་སྔོན་གྱི་སོག་པོ་དང་རྒྱ་འཁྲུགས་དུས་ཟིང་ས་གཞི་རྡུལ་དུ་རློག་སྙམ་ཆེན་པོ་བྱུང་སྟེ་སོག་པོ་ཕམ་པའི་གཏམ་ཐོས་” ﹙52﹚ཞེས་བྱུང་བ་འདི་ལས། དེ་དུས་ཁོང་གིས་མཚོ་སྔོན་ཕྱོགས་ནས་བཏང་བའི་བང་ཆེན་པ་དག་དང་འབྲེལ་བ་གནང་ཡོད་པ་རྟོགས་ཐུབ་ལ། སྐབས་དེའི་དུས་ཟིང་ལ་དོ་སྣང་ཆེས་ཆེར་གནང་བ་ཡང་མཚོན་གྱི་ཡོད། སྐབས་དེར་དགེ་འདུན་པ་མང་པོ་བཀྲོངས་པ་དང་། དགོན་སྡེ་དང་རྟེན་གསུམ་མེད་པར་བཟོས་པ་ནི་གནས་ཀྱི་གཟི་བྱིན་ཉམས་ཤིང་། མིའི་རྒྱུད་ལ་རྟོགས་པ་བཟང་པོ་སྐྱེ་དཀའ་བས་ན། བཀྲ་མི་ཤིས་ལ་བསོད་ནམས་དམན་པར་འགྱུར་བར་དགོངས་པ་དང་། ཤི་མིན་གསོན་མིན་གྱི་བྲོ་ནད་ཅིག་ཀྱང་བྱུང་﹙53﹚བར་མངོན།
          དབུས་སུ་ཕེབས་ནས་ལོ་ངོ་ལྔ་ཙམ་འདས་པའི་སྐབས་སུ“དའི་ཆིང་སྦ་དུར་རམ་པའི་སེ་ཁང་ཆེན་པ་ཟེར་ཞིང་། མིང་དངོས་བསོད་ནམས་རྒྱལ་པོར་འབོད་པ་འདི་ཇུན་གར་བོད་ནས་མཐར་སྐྲོད་བཏང་བའི་རྗེས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་(༡༧༢༡)ལོར་གོང་མ་ཁང་ཤིས་ནས་པའི་སེའི་གོ་ས་སྤྲད་དེ་བོད་ཀྱི་སྲིད་དབང་གི་འགན་འཁུར་བྱེད་མི་གཙོ་བོར་བསྐོས་ཤིང་། རྗེས་སུ་བཀའ་བློན་པའི་སེ་ང་ཕོད་པ་དང་། སྦྱར་ར་ཐའི་ཇི། གུང་ལུམ་པ་བ་བཅས་གསུམ་ནས་བསད་”﹙54﹚པ་དང་། རིམ་པར་དབུས་གཙང་དབར་འཐབ་འཁྲུག་བྱུང་སྟེ། གཙང་དང་ལ་དྭགས་ཀྱི་དམག་སླེབས་ལ་ཁད་ཀྱི་དུས་སུ། དབུས་ཀྱི་སེ་འབྲས་དགེ་གསུམ་དམག་ལ་འགྲོ་དགོས་པའི་ཕོ་ཉ་ཡང་ཡང་འབྱོར་བ་ལ། སུམ་པ་མཁན་པོ་ཁོང་གིས་ཨ་མདོའི་དགོན་པ་དག་ཡོས་འབྲུག་དུས་ཟིང་གི་ལོར་བཤིག་ཅིང་། སྐུ་འབུམ་ལ་སོགས་ཆོས་སྡེ་ཁག་གི་བླ་ཆེན་དག་ཀྱང་བཀྲོངས་པའི་ལོ་རྒྱུས་གསུངས་ནས་བཤོལ་བཏབ་གནང་མོད། ཕྱིས་སུ་གང་ཉིད་ལའང་དུག་བཏང་བ་དང་། རྒྱལ་སྲས་རིན་པོ་ཆེ་དང་སྨན་པ་སྨོན་ལམ་རབ་འབྱམས་པ་བློ་བཟང་དགའ་བའི་བཀའ་དྲིན་ལས་སྐྱོན་མ་བྱུང་བར་མངོན། དོན་བྱ་དེ་དག་ཕོ་ལྷ་བས་ཐོས་ཏེ་གང་ཉིད་འབྲས་ཡུལ་སྐྱིད་ཚལ་གྱི་མཁན་པོར་ཡང་ནན་གྱིས་བསྐོས་པའོ།﹙55﹚  
          གསུམ། དབུས་ནས་ཕྱིར་མཚོ་སྔོན་དུ་ཕེབས་ཚུལ།
          དབུས་གཙང་དུ་གསན་བསམ་གནང་བཞིན་ལོ་འགའ་སོང་བའི་སྐབས་ཤིག “བོད་ལ་གསར་བ་འོང་པ་པོ་ལ་དྲིས་པས་དགོན་ལུང་སོགས་དགོན་པ་སྔར་བཤིག་པ་རྣམས་སླར་གསོས་ཞེས་རྒྱལ་པོའི་གསེར་ཡིག་ལན་གཉིས་རིམ་པར་བབས་”﹙56﹚པ་དང་། དུས་མཚུངས་“ཡོངས་མི་རྣམས་ལ་ལོ་གཉིས་གསུམ་ནས་འོང་ཞེས་དྲང་དོན་ཚུལ་དུ་སྨྲས་ཏེ་དཔེ་ཆ་པོ་ཏི་བཅུ་ཕྲག་ལྔ་ལྷག་དང་གྱོན་པ་ཅ་ལག་དང་དགོན་ལུང་དགོན་པར་འབུལ་རྒྱུའི་རྟེན་གསུམ་ཞལ་འབག་སྤྲད་དེ་རྫོང་བདའ་བྱས་ནས་མར་བཏང་”﹙57﹚ཞེས་པ་དང་། ཡང་“ལྕགས་ཁྱི་(སྤྱི་ལོ་༡༧༣༠)ལོར། སོས་ཀ་རང་ཡུལ་ནས་སླར་ཡང་རྒྱལ་སྲས་རིན་པོ་ཆེ་ལ་ཞབས་དྲུང་ཨ་མདོར་ཅིས་ཀྱང་ཡོང་གི་ཆུག་ཅེས་ཞུ་ཡིག་བྱུང་ཚེ་ཁྱོད་རང་མར་སོང་ན་དགེ་ཞེས་གསུངས། དེ་ལ་ཁོ་བོས་མི་དབང་ཕོ་ལ་ཅུན་ཝང་གིས་ང་ལ་གནང་བྱིན་ཡང་ཡང་དང་རྩིས་ཆེས་ཆེར་མཛད་པ་འདི་ཅི་ལགས་ཞེས་ཞུས་པས་ཁྱེད་རང་རྒྱ་ནག་མཁན་པོར་བཏང་ན་གོ་ཆོད་པ་ཞིག་འདུག་ཅེས་སྨྲ་བ་ཐོས་”﹙58﹚ཞེས་པ། “རྒྱལ་སྲས་རིན་པོ་ཆེས་མི་དབང་གིས་ཤེས་ན་མི་གཏོང་བས་ཁོ་རང་ལོ་རྗེས་མའི་ཟླ་བ་གསུམ་པར་འོལ་ཁར་ཆུ་ཚན་ལ་བསྙད་བཏགས་ནས་འོལ་ཁར་ལྷོ་བྲག་རྗེ་དྲུང་ལ་རྙིང་ཆོས་མཉན་ཕྱིར་འགྲོ་དུས་སོང་ཞེས་གསུངས་”﹙59﹚ཞེས་པ་སོགས་བྱུང་བ་ལས། སུམ་པ་མཁན་པོས་ཕ་ཡུལ་དུ་དུས་བདེ་ལྷིང་འཇགས་བྱུང་བའི་གཏམ་སྙན་གསན་པ་དང་། མགྱོགས་མྱུར་ཁོང་ཉིད་ཕ་ཡུལ་ལ་ཕེབས་བཞེད་ཡོད་པ་རྟོགས་ཐུབ་ལ། མཐར་གང་ཉིད་ཀྱི་ཐུགས་འདུན་དང་རྒྱལ་སྲས་བློ་བཟང་བསྟན་འཛིན་གྱི་ཞལ་བཀོད་རྩེ་མཐུན་པར་བྱུང་བ་ལྟར། ལྕགས་ཕག་(སྤྱི་ལོ་༡༧༣༡)ལོའི་ཟླ་བ་གཉིས་པར་གྲོགས་མི་བཅུ་བདུན་དང་ལྷན་དུ་ཕ་ཡུལ་ལ་ཕྱིར་བྱོན།
          དེས་ན་སུམ་པ་མཁན་པོ་ཉིད་དབུས་ནས་ཕྱིར་ཕ་ཡུལ་དུ་ཕེབས་པའི་ལོ་ཚིགས་ཀྱི་སྐོར་ལ་སུམ་པའི་རང་རྣམ་དང་བཅས་པས་ལྕགས་ཕག་སྤྱི་ལོ་༡༧༣༡ལོར་ཡིན་པར་གསུངས་མོད། འགའ་ཞིག་གིས་“ལྕགས་ཁྱི་(སྤྱི་ལོ་༡༧༣༠) ལོ་ལ་ཕྱིར་དགོན་ལུང་དགོན་དུ་ཕེབས་”﹙60﹚ཞེས་དང་། ལྷག་པར་དུ་སྐུ་ཞབས་ཐང་ཀི་སི་ཡིས། “བོད་དུ་གསན་བསམ་ལོ་ངོ་བཅུ་གཅིག་གནང་ནས་སྤྱི་ལོ་༡༧༣༤ལོར་མཚོ་སྔོན་དགོན་ལུང་དགོན་པར་བྱོན་”﹙61﹚ཞེས་དབུས་སུ་བཞུགས་ཡུན་དང་ཕྱིར་མཚོ་སྔོན་དུ་ཕེབས་པའི་ལོ་དུས་གཉིས་ཆར་ནོར་སྐྱོན་བྱུང་ཡོད། མདོར་ན། ལྕགས་ཕག་(སྤྱི་ལོ་༡༧༣༡)ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་དགོན་ལུང་དུ་ཕེབས་ཤིང་། དེར་ཉིན་གསུམ་ནང་པོ་ཏི་ལྔའི་དམ་བཅའ་འཇོག་གནང་མཛད། འོན་ཀྱང་ཁོང་ནི་མཁས་དབང་ཞིག་ཡིན་པའི་ཆ་ནས། ཕར་ལྟོས་དཔོན་དང་ཚུར་ལྟོས་གཡོག་མེད་པའི་དཔེར་སོང་བས། སུམ་པ་ཚང་གི་སྐྱ་སེར་ཀུན་མ་དགའ་བས།﹙62﹚ “དུས་དེ་ན......རྐྱེན་ངན་ཅུང་ཟད་བྱུང་བ་ཆོས་ཀྱི་གྲོགས་སུ་ཤར་ཏེ......”﹙63﹚ཆུ་བྱི་སྤྱི་ལོ་༡༧༣༢ལོ་ནས་བཟུང་དགོན་ལུང་རི་ཁྲོད་དང་། བདེ་ཆེན་དགོན། ཆེ་གའི་གོང་བ་དགའ་ལྡན་རིན་ཆེན་གླིང་། རི་ཁྲོད་བཤད་སྒྲུབ་གླིང་། བཀྲ་ཤིས་ཆོས་གླིང་། གྲོ་ཚང་དགོན་དང་། འབྲི་ལུང་དགོན། ལང་ཇུ་སྡེ་བཞི། སྐུ་འབུམ། ཐེའུ་ཏུང་དགོན་ཆུང་སེ་ར་ལུང་གི་དགའ་ལྡན་དམ་ཆོས་གླིང་བཅས་སུ་ཕེབས་ཏེ་ཆོས་ཀྱི་དམ་བཅའ་གནང་བ་དང་། དབང་ལུང་ཁྲིད་གསུམ་གསན་པ། རི་ཁྲོད་གསར་འཛུགས། དགོན་པའི་ཁྲི་པ་གནང་བ། གྱོད་མང་ཐག་གཅོད་གནང་བ་བཅས་ཀྱིས་དུས་འདའ་བར་མཛད། མེ་སྟག་སྤྱི་ལོ་༡༧༤༦ལོར་དགོན་ལུང་གི་མཁན་ཁྲི་སོ་གཉིས་པ་གནང་ཞིང་། མེ་བྱི་སྤྱི་ལོ་༡༧༥༦ལོར་སླར་ཡང་དགོན་ལུང་གི་མཁན་ཁྲི་སོ་ལྔ་པ་མཛད།
          བཞི། པེ་ཅིང་དང་རི་བོ་རྩེ་ལྔར་ལན་དུ་མ་ཕེབས་ཚུལ།
          མེ་འབྲུག་སྤྱི་ལོ་༡༧༣༦ལོར་གོང་མས་ཟི་ལིང་གི་ཕྱོགས་ན་བླ་མ་མཁས་པ་སུ་ཡོད་སྐོར་ཨམ་བན་ལ་རྒྱུས་ལོན་བྱ་དགོས་པའི་བཀའ་ཕབ་པ་བཞིན། ཨམ་བན་གང་གིས་ཀྱང་མཁས་པ་རྒན་པ་སྐུ་འབུམ་གྱི་ར་ཁོ་བླ་མ་ཚང་དང་། གཞོན་པ་སུམ་པ་མཁན་པོ་ཡོད་སྐོར་སྙན་སྒྲོན་ཞུས་པས། སུམ་པ་མཁན་པོ་ཉིད་གདམས་ཐོན་བྱུང་བ་ལྟར། མེ་སྦྲུལ་སྤྱི་ལོ་༡༧༣༧ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་གསུམ་ཉིན་གོང་མའི་གསེར་ཡིག་པའི་གདན་འདྲེན་དང་བཅས་དགོན་ལུང་ནས་ཆིབས་རྡོག་ཐོན་པ་དང་། ས་རྟ་སྤྱི་ལོ་༡༧༣༨ལོའི་ཟླ་བ་གསུམ་པའི་ཚེས་བཅུ་དྲུག་ཉིན་པེ་ཅིང་དུ་ཞབས་སོར་འཁོད་དེ། ཚེས་བཅོ་བརྒྱད་ལ་གོང་མ་ཆན་ལུང་དང་། རིམ་བཞིན་དགུང་ལོ་ཉི་ཤུ་རྩ་གཅིག་བཞེས་པའི་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་དང་མཇལ་འཕྲད་མཛད། པེ་ཅིང་དུ་“ཞག་བརྒྱད་ཅུའི་བར་དུ་བོད་ཀྱི་མཁན་པོའི་ཕོགས་དང་། དེ་རྗེས་དགའ་ལྡན་གསེར་ཁྲི་དཔོན་གཡོག་གི་ཕོགས་དང་ཁྱད་མེད་པའི་ཕོགས་ཆེན་བྱུང་མོད་ཀྱང་། བོད་ཀྱི་དེང་སང་གི་རྙིང་མའི་ཆོས་ལུགས་ཁོ་ན་ལ་ཞེན་ཆེ་བའི་ཝང་བཅུ་གཉིས་པ་སོན་གྭལ་ཅོར་གྭན་གྱི་ཁ་མགོ་བྱེད་མི་ཀུན་གྱི་གཙོ་བོ་ཡིན་པ་དེས་ཁོ་བོ་ལ་རྙིང་མའི་ཆོས་ཉོན་ཞེས་པའི་ངག་ལ་མ་ཉན་པས་སྔོན་གྱི་སུམ་པ་ཞབས་དྲུང་གི་སྦྱིན་བདག་ཏཱ་ཝང་གི་སྲས་ཡུའི་ཆིང་ཝང་གི་ལྷ་ཁང་ཏཱ་ཝང་སི་ཞེས་པ་ཁོ་བོ་ལ་བྱིན་ནས་གོ་ས་ཅུང་དམའ་བར་བས་......ཕྱིས་སུ་ཡར་འོང་རྒྱུ་བྱུང་བ་ལ་དེས་ཕན་པས་དེའང་ཆོས་སྲུང་དང་རིམ་གྲོས་ཐུགས་རྗེ་ཡིན་ངེས། དེ་ནས་ཚད་པ་མ་ཐུབ་པར་དགོངས་པ་ཞུས་ཏེ་ཧོར་ཟླ་ལྔ་པར་ཕྱིར་ལོག་གིས་སོག་ཡུལ་གྱི་མཚོབདུན་ལྷ་ཁང་དུ་ཕྱིན་”﹙64﹚ཞེས་བྱུང་བ་དེ་དག་ལས། སྐབས་དེར་སུམ་པ་ཡེ་ཤེས་དཔལ་འབྱོར་པེ་ཅིང་དུ་ཟླ་བ་གཉིས་དང་ཉིན་མ་ཉི་ཤུ་ཙམ་བཞུགས་རིང་མཁན་པོ་དང་དགའ་ལྡན་གསེར་ཁྲིའི་ཐོབ་ཐང་ལྟར། ཕོགས་ཐོབ་གྱ་ནོམ་པ་བྱུང་ཡོད་ནའང་། གོང་མའི་ཕོ་བྲང་ནང་དུ་སུམ་པ་སྔོན་མའི་སྦྱིན་བདག་ཡུའི་ཆིང་ཝང་ཞེས་པ་ཞིག་ཡོད་པ་དེ་ཉིད་ནི་དབང་ཆ་ཆུང་བ་དང་། ཕོ་བྲང་དུ་རྙིང་མའི་གྲུབ་མཐའ་ཤུགས་ཅུང་ཆེ་ཙམ་ཡོད་པའི་ཁར་གནམ་གཤིས་ཚབ་ཆེ་བ་སོགས་ལ་བརྟེན། ཁོང་ཉིད་པེ་ཅིང་དུ་ཡུན་རིང་རྒྱུན་བཞུགས་གནང་འདོད་མེད་པ་གསལ་པོར་མཚོན་གྱི་ཡོད། ལོ་དེའི་ཟླ་བ་བརྒྱད་པར་མཚོ་བདུན་དགོན་ནས་སླར་ཡང་པེ་ཅིང་དུ་གོང་མ་ཆན་ལུང་གི་འཁྲུངས་སྐར་གྱི་དགའ་སྟོན་ལ་ཕེབས་﹙65﹚པ་དང་། རིང་མིན་“རྐང་པ་མ་བདེ་ནས་དགོངས་པ་ཞུས་ཏེ་......མཚོ་བདུན་ལྷ་ཁང་གི་རྒྱབ་ཀྱི་ཤན་འདུ་ཞེས་པའི་ཆུ་ཀླུང་གི་འགྲམ་དུ་”﹙66﹚བཞུགས།
          སུམ་པ་མཁན་པོ་ཉིད་པེ་ཅིང་དུ་ཐོག་མར་ཕེབས་པའི་དགོས་པ་དམིགས་ཡུལ་གྱི་སྐོར་ལ། 《བོད་ཀྱི་གྲགས་ཅན་མི་སྣ་རིམ་བྱོན་གྱི་ལོ་རྒྱུས་》དང་《བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དག་གི་ལོ་རྒྱུས་མདོར་བསྟན་པ་》མུ “མེ་སྦྲུལ་(སྤྱི་ལོ་༡༧༣༧)ལོ་ལ། གོང་མ་ཆན་ལུང་གི་བཀའ་བཞིན་པེ་ཅིང་དུ་ལྕང་སྐྱ་དབུ་བླར་དྲངས་པ་ལ་ཕེབས་རོགས་གནང་སྟེ། པེ་ཅིང་ནས་ནང་སར་དཔར་བའི་བོད་ཀྱི་ཆོས་དཔེ་དཔེ་བསྡུར་དང་ཞུ་དག་གནང་བ་དང་། ལྕང་སྐྱ་དབུ་བླར་མཐུན་སྦྱོར་གྱིས་ཆོས་སྲིད་སྐོར་གྱི་དོན་བྱ་གལ་ཆེ་རིགས་ཐག་གཅོད་གནང་བར་ཕེབས་”﹙67﹚ཞེས་འཁོད་མོད། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། ལྕང་སྐྱ་ཚང་ནི་“ལོ་དེར་(མེ་འབྲུག་སྤྱི་ལོ་༡༧༣༦)རྒྱ་ནག་པེ་ཅིན་དུ་ཕེབས་ནས་གོང་མ་ཆེན་ལུང་དང་མཇལ་”﹙68﹚ཞེས་སུམ་པ་མཁན་པོ་ལས་པེ་ཅིན་དུ་ཕེབས་པ་ལོ་གཅིག་གིས་སྔ་བར་གསུངས་པས། ཕེབས་རོགས་གནང་མེད་པ་མངོན་གསལ་ཡིན་ལ། ཆོས་དཔེ་དཔེ་བསྡུར་དང་ཞུ་དག་གནང་བའི་སྐོར་ནི་སུམ་པའི་《རང་རྣམ་》རྒྱས་བསྡུས་གང་དུའང་མི་གསལ། གོང་འཕྲོས་ལོ་རྒྱུས་ལས། ས་རྟ་(སྤྱི་ལོ་༡༧༣༨)ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ལ་གོང་མ་མཆོག་ནས། སྐུ་གཟུགས་གསོས་རྗེས་ལོ་གསུམ་ནས་ཕྱིར་ཕེབས་དགོས་ཀྱི་བཀའ་བསྩལ་བ་ན། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་གདན་བཏེགས་ཏེ་ས་ལུག་(སྤྱི་ལོ་༡༧༣༩)ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་ཉིན་དགོན་ལུང་བྱམས་པ་གླིང་དུ་འབྱོར།﹙69﹚དེ་ནས་ལོ་ངོ་གསུམ་ཙམ་འདས་པའི་ཆུ་ཁྱི་སྤྱི་ལོ་༡༧༤༢ལོར། གོང་མ་ཆེན་པོས་སླར་ཡང་པེ་ཅིང་ལ་ཕེབས་དགོས་ཀྱི་བཀའ་ལུང་བསྩལ་བ་ལྟར།﹙70﹚ ལོ་དེ་གའི་“ཟླ་བ་བདུན་པའི་ནང་དུ་སྲོག་མཁར་ལ་དེང་སྟེ་ཉེར་དགུ་ལ་རི་ཁྲོད་ནས་སྐར་ཆེན་བཏེགས་ནས་ལམ་ལ་ཞུགས་”﹙71﹚པ་དང་། “དགུ་པའི་ཉེར་གཉིས་ལ་འབྱོར་ནས་བཅུ་པའི་ཚེས་ལྔ་ལ་རྒྱལ་པོ་ལ་འཚམས་ཞུ་དང་བླ་མ་རྣམས་དང་ཙན་དན་ཇོ་བོ་སོགས་ལ་མཇལ་ཏེ་ཕྱིས་སུ་ས་སྐྱ་འཕགས་པ་ལྷས་བཞེངས་པའི་མཆོད་རྟེན་རྩེ་ལྔར་གྲགས་པའི་ལྷ་ཁང་......དེར་བསྡད།”﹙72﹚“ཁྲག་སྐྱུག་ཟེར་བ་ཆུ་ཕག་(སྤྱི་ལོ་༡༧༤༣)ལོར། ......ལྷག་པར་དུ་དབོ་ཟླའི་ཉེར་གཅིག་ནས་སྔར་བོད་ནས་བྱུང་བའི་དུག་རོ་ཡང་ལངས་ནས་ལང་མ་ཐུབ་པར་”﹙73﹚བརྟེན། “དགོངས་པ་ཧོར་ཟླ་བཞི་པ་སྔ་མའི་བཅུ་གསུམ་ལ་ཁྲོལ་”﹙74﹚བ་ལྟར། “བཞི་པ་(སྔ་མ་)དེའི་ཉེར་ལྔར་ལམ་དུ་ཞུགས་ཏེ་ལྔ་པའི་ཡར་ཚེས་བཅུ་ལ་བཀྲ་ཤིས་ཆོས་གླིང་དུ་འབྱོར་”﹙75﹚བ་ཡིན། འདི་ལ་《བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དག་གི་ལོ་རྒྱུས་མདོར་བསྟན་པ་》ཞེས་པའི་ནང་།  “ ཆུ་ཕག་(༡༧༤༣)ལོ་ལ་རི་བོ་རྩེ་ལྔར་མཆོད་མཇལ་དུ་ཕེབས་པ་མ་ཟད། ད་དུང་གནས་དེར་ལོ་ངོ་གསུམ་ལ་སྦྱངས་པ་མཛད་”﹙76﹚ཅེས་བྱུང་ཡང་། ལོ་དེར་དེ་འདྲའི་གནས་ཚུལ་བྱུང་ཡོད་སྐོར་སུམ་པ་ཚང་གི་རང་རྣམ་རྒྱས་བསྡུས་གང་དུའང་མི་སྣང་། དེ་ནས་ལོ་བཅུ་གཉིས་ཙམ་འདས་པའི་ཤིང་ཕག་སྤྱི་ལོ་༡༧༥༥ལོར།  “ལྕང་སྐྱ་རིན་པོ་ཆེའི་སྤྱན་སོགས་བསྙུང་ཚུལ་བསྟན་པ་ཐོས་ཏེ་སེམས་མ་བཟོད་པས་དགུ་པའི་བཅུ་གསུམ་ལ་ཐོན་ནས་སོང་བ་པེ་ཅིན་དུ་བཅུ་གཉིས་པའི་ཚེས་གཅིག་ལ་འབྱོར་ཚེ་སྐུ་མཚམས་ཤིན་ཏུ་དམ་པ་ཞིག་གི་སྐབས་ཡིན་ཀྱང་འཕྲལ་དུ་མཇལ་བཅུག་” ﹙77﹚ཅེས་བྱུང་བ་བཞིན་སླར་ཡང་པེ་ཅིན་དུ་ཕེབས་བཞུགས་མཛད།
          རི་བོ་རྩེ་ལྔར་ཕེབས་པའི་སྐོར་ལ་《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རྣམ་ཐར་》ལས།  ལྕགས་རྟ་ ( སྤྱི་ལོ་༡༧༥༠)ལོའི་ཟླ་བ་བཞི་པའི་ཚེས་བཞིར་དགའ་ལྡན་ཆོས་གླིང་ནས་ལམ་ལ་ཞུགས་ཏེ་ཟླ་བ་བདུན་པའི་ཚེས་དྲུག་ལ་རི་བོ་རྩེ་ལྔར་འབྱོར་ཞེས་ཐེངས་དང་པོར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པར་གསལ།﹙78﹚དེ་ནས་ལོ་ངོ་བཅུ་བདུན་འདས་པའི་མེ་ཕག་ལོའི་(སྤྱི་ལོ་༡༧༦༧)ཧོར་ཟླ་ལྔ་པའི་ཚེས་བཞི་ལ་དགོན་ལུང་ནས་ལམ་དུ་ཞུགས་ཏེ། རྒྱ་རྩིས་ལྟར་གྱི་བདུན་པ་སྔ་མར་རི་བོ་རྩེ་ལྔའི་རྡོ་སྒོའི་ལྷ་ཁང་དུ་ཕེབས་འབྱོར་བྱུང་ནས་ལྕང་སྐྱ་རིན་པོ་ཆེ་མཚམས་ཐོག་ཏུ་བཞུགས་པ་དང་མཇལ་ཞིང་། ཐུགས་ཤིན་ཏུ་མཉེས་པའི་མུ་ནས་ཕྱིར་འོང་བའི་བར་དུ་སྐུ་མཚམས་ཀྱི་གསེང་ལ་ཆོས་དང་གཞན་པའི་གསུང་གླེང་གིས་དུས་འདའ་བར་མཛད། བདུན་པ་ཕྱི་མ་ལ་ཐོན་ནས་རྒྱལ་ཟླ་བ་ལ་དགོན་ལུང་དུ་ཞབས་སོར་འཁོད་དེ་མང་འགྱེད་སོགས་ཀྱི་རིམ་གྲོ་ཞུས་﹙79﹚ཞེས་རྒྱ་ནག་རི་བོ་རྩེ་ལྔར་ཐེངས་གཉིས་པ་བྱོན་པ་རྟོགས་ཐུབ། དེ་ནས་ལོ་ངོ་བརྒྱད་འདས་པའི་ཤིང་ལུག་(སྤྱི་ལོ་༡༧༧༥)ལོར། ནང་སོག་བརྒྱུད་ཟླ་བ་བཞི་པའི་ནང་རི་བོ་རྩེ་ལྔར་ཕེབས་པ་དང་། “ལྕང་སྐྱ་རིན་པོ་ཆེ་ལྔ་པའི་ཡར་ཚེས་ལ་ཕྱག་ཕེབས་པ་ལ་སྐྱེས་སྤུས་གཙང་བཏེགས་ཏེ་མཇལ་”﹙80﹚ཞེས་དང་། “རི་བོ་རྩེ་ལྔ་ནས་ཉེར་གཅིག་ལ་ཁ་བཏགས་ཕུལ་ནས་ལྡོག་ཕྱག་འཚལ་ཏེ་སྐྱབས་འཇུག་བཀའ་བསྒོ་ཞུས་”﹙81﹚པ་དང་“མར་ངོའི་བཟང་པོ་གཉིས་པར་ཕྱིར་ཐོན་འོངས་ནས་ཨུར་ཏུ་སུའི་འདུ་ཁང་ཞེས་པར་འབྱོར་”﹙82﹚ཞེས་ཕེབས་ལམ་ནང་སོག་སོགས་བརྒྱུད་གདུལ་བྱར་ཆོས་ཀྱི་བཀའ་དྲིན་སྐྱོང་ཞོར་རི་བོ་རྩེ་ལྔར་ཐེངས་གསུམ་པ་ཕེབས་པ་གསལ་པོ་ཡིན།
          ལྔ། སོག་ཡུལ་དང་བཅས་པར་ཕེབས་ཚུལ།
          ལྕགས་རྟ་སྤྱི་ལོ་༡༧༥༠ལོར་རྒྱ་ནག་རི་བོ་རྩེ་ལྔར་ཐེངས་དང་པོ་ཕེབས་པའི་ལམ་བར་ཨ་ལ་ཤ་ཞེས་པར་ཐོག་མར་མི་ཡི་དབང་པོ་པེའི་ལེ་བློ་བཟང་རྡོ་རྗེ་དང་དཀོན་མཆོག་སྐྱབས་ཀུང་སོགས་ཀྱི་རུ་སྡེ་དང་། དེ་ནས་ཨུར་ཏུ་སུའི་མི་དབང་འཇམ་དབྱངས་ཝང་གི་རུ་སྡེ་སོགས་སུ་ཕེབས་ཤིང་། ཟླ་བརྒྱད་པའི་ཚེས་གསུམ་ལ་ཕྱིར་ཕེབས་པའི་ཚེ་སླར་ཡང་ཝང་དེ་གཉིས་ཀྱི་སར་ཕེབས་པ་སོགས། རི་བོ་རྩེ་ལྔར་ཐེངས་དང་པོ་བྱོན་པའི་བར་ལམ་ནས་སོག་ཡུལ་གྱི་དད་འདུས་མི་མང་ལ་དབང་ལུང་དང་བཅས་པའི་ཆོས་ཀྱི་བདུད་རྩི་བསྩལ་བ་མ་ཟད། ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིར་ནང་སོག་ཨུར་ཏུ་སུའི་ཡུལ་ནས་སྐུ་དྲག་གི་རྒྱུད་པ་ཡིན་པ་གསུམ་དང་སྤྱིར་བཏང་གི་གྲྭ་པ་ཡིན་པ་བདུན་བཅས་དགོན་ལུང་གི་ཆོས་ཚོགས་ནང་ཞུགས་སུ་བཅུག་སྟེ། ནང་སོག་ཨུར་ཏུ་སུ་ཡི་གྲྭ་རྒྱུན་དགོན་ལུང་གི་ཆོས་སྒོར་ཞུགས་པའི་སྲོལ་གཏོད་གནང་ཡོད།﹙83﹚དེ་ནས་བཟུང་སྟེ་ནང་སོག་གི་ཨུར་ཏུ་སུའི་ཏ་ལད་དང་། ཨུར་ཏུ་སུའི་ཧང་གིན། ཨ་ལ་ཤ་བཅས་པའི་དཔོན་རིགས་ཀྱིས་སྔ་ཕྱིར་གདན་འདྲེན་ཞུས་པ་ལྟར་ཡུལ་དེ་དག་ཏུ་ལན་དུ་མ་ཕེབས་ཤིང་། ད་དུང་ཐུ་མེད་ཡུལ་གྱི་ལྷ་ཁང་དང་། ཏ་ལད་ཀྱི་བཀྲ་ཤིས་ཆོས་གླིང་། མཁར་སྔོན་རྒྱབ་ཀྱི་ཆ་ཧར་ཏི་ཡན་ཆིའི་ལྷ་ཁང་། ཨུར་ཏུ་སུའི་ཨེམ་ཆི་ཆོས་རྗེ་དགོན་པ། བཀྲ་ཤིས་ཕན་བདེ་གླིང་། ཧལ་ཧའི་ཨེ་རྟེ་ནི་ཐོ་ཡོན་ཆོས་རྗེ་དགའ་ལྡན་བསྟན་འཛིན་གྱི་དགོན། ཆ་ཧར་གྱི་ཞབས་དྲུང་ངག་དབང་འཇམ་དབྱངས་ལྷུན་གྲུབ་ཀྱི་བདེ་ལྡན་དགོན་སོགས་སོག་ཡུལ་གྱི་དགོན་པ་དང་སྒྲུབ་སྡེ། ལྷ་ཁང་ཁག་ནས་གདན་འདྲེན་བྱུང་བ་ལྟར་སོ་སོར་ཕེབས་པ་མ་ཟད། ཆུ་འབྲུག་སྤྱི་ལོ་༡༧༧༢ལོར་སུམ་པ་མཁན་པོས་ལྕང་སྐྱ་རོལ་པའི་རྡོ་རྗེ་གང་ཉིད་པེ་ཅིང་ནས་སོག་ཡུལ་དུ་ཕེབས་རྒྱུའི་སྙན་པ་གསན་ནས། གང་དེར་མཇལ་བའི་བར་སྐབས་དག་ཏུ་ཆ་གྭར་ཚོབརྒྱད་བརྒྱུད་ནས་མཚོ་བདུན་ལྷ་ཁང་གི་ཉེ་འདབས་སུ་ལྷགས་པའི་ཨབྷ་གྭ་དང་། སུ་ཉིད། ཧལ་ཧ། པར་གྭད། ཁི་ཤིག་ཐེན། ཧ་ར་ཆེན། ཧོར་ཆེན། ཐུ་མེད་སོགས་ཀྱི་བླ་དཔོན་དང་བཅས་པར་ཆོས་ཀྱི་བདུད་རྩི་གནང་ལ། མཚོ་བདུན་ནས་ལྕང་སྐྱ་ཚང་དང་ཞལ་གྱེས་ཀྱིས་ཕྱིར་དགོན་ལུང་དུ་ཕེབས་པའི་ལམ་བར་པེན་ཁུའུ་ཁེད་དང་། ཧལ་ཧ། ཨུར་ཏུ་སུ། ཨ་ལ་ཤ་སོགས་ཀྱི་དད་འདུས་མི་མང་ལ་བཀའ་ཆོས་དབང་ལུང་གི་བཀའ་དྲིན་བསྐྱངས་པ་སོགས།﹙84﹚ མདོར་ན། དེང་གི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཡུལ་དང་སྡེ་ཚོ་མང་པོ་ཞིག་ཞབས་ཀྱིས་བཅགས་ཡོད། གོང་ཞུས་ཀྱི་ཆ་ཧར་ཏེ། ཡན་ཆིའི་དགོན་ནི་དེང་གི་ལེའོ་ཉིང་ཞིང་ཆེན་ཧྥུ་ཞིན་སོག་པོ་རང་སྐྱོང་རྫོང་གི་རུའེ་ཡིང་དགོན་(瑞应寺)ཞེས་པ་སོག་པོ་རང་གིས་གེ་གིན་སོམ་ཞེས་འབོད་པ་དེ་ཡིན།
          དེ་ལྟར་སུམ་པ་མཁན་པོས་དབུས་གཙང་དང་། པེ་ཅིང་། མཚོ་སྔོན། ཀན་སུའུ ལེའོ་ཉིང་། ནང་སོག་བཅས་ཡུལ་ལུང་ཁག་ཏུ་ཕེབས་ཏེ། དད་འདུས་མང་པོའི་དོན་རྒྱ་ཆེར་མཛད་མཐར། ས་སྤྲེལ་(སྤྱི་ལོ་༡༧༨༨)ལོའི་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་སྐུ་ཞི་བར་གཤེགས།
གསུམ་པ། བརྩམས་ཆོས་ཀྱི་སྐོར།
          དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་ནས་སོག་ཡུལ་དུ་བོད་ཡིག་གི་ལམ་ནས་གསུང་རྩོམ་མཛད་པའི་ཚ་རླབས་ཤིག་འཕྱུར་ཞིང་། གསུང་འབུམ་བཞུགས་པའི་སོག་པོའི་དགེ་བཤེས་དེ་དག་གི་ནང་ནས་སུམ་པ་ཡེ་ཤེས་དཔལ་འབྱོར་ནི་ཆེས་ཁྱད་དུ་འཕགས་པའི་ཚབ་མཚོན་པ་ཞིག་ཡིན།
          སུམ་པ་མཁན་པོར་སྤྱིར་གསུང་རྩོམ་པོད་བརྒྱད་ཡོད་པར་གྲགས་ལ། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་གསུང་འབུམ་ལ་དེབ་ཉི་ཤུ་རྩ་གཅིག་བཞུགས། ནང་དོན་གྱི་ཆ་ནས་ནང་བསྟན་དང་། ལོ་རྒྱུས། རྩོམ་རིག བརྡ་སྤྲོད། སྐར་རྩིས། གསོ་རིག བཟོ་རིག་བཅས་འདུས་ཡོད། འདིར་གྲགས་ཆེ་བ་ཁག་གཅིག་མཚམས་སྦྱོར་དང་སྦྲགས་ནས་གླེང་ན་འདི་ལྟར།
          གཅིག ཡོངས་གྲགས་སུ་《ཆོས་འབྱུང་དཔག་བཟང་ལྗོན་བཟང་》ཞེས་དང་། མཚན་རྒྱས་པར་《རྒྱ་གར་ནག་ཧོར་བོད་ཀྱི་ཡུལ་དུ་བསྟན་འཛིན་ཇི་ལྟར་བྱུང་ཚུལ་མདོར་བསྡུས་ཙམ་བརྗོད་པའི་ཆོས་འབྱུང་ཡོངས་འདུས་ལྗོན་བཟང་》ཞེས་པ་འདི་ནི། ས་འབྲུག་སྤྱི་ལོ་༡༧༤༨ལོར་མཛད་པ་ཞིག་ཡིན་པ་དང་།﹙85﹚གཙོ་བོ་རྒྱ་གར་དང་། རྒྱ་ནག ཧོར། བོད་བཅས་སུ་སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་ཇི་ལྟར་བྱོན་ཚུལ་ནང་དོན་དུ་བྱས་པའི་ཆོས་འབྱུང་གལ་ཆེན་ཞིག་ཡིན། ཆོས་འབྱུང་འདིས་《དེབ་སྔོན་》དང་། 《བུ་སྟོན་ཆོས་འབྱུང་》《རྒྱ་གར་ཆོས་འབྱུང་》《སྦ་བཞེད་》རྒྱལ་དབང་ལྔ་པ་དང་འཇམ་བཞད་པ་སྐུ་ཕྲེང་དང་པོའི་གསུང་རྩོམ། སོག་པོའི་ལོ་རྒྱུས་ཡིག་ཆ། ན་རོ་པ་དང་མར་པ་ལ་སོགས་པའི་རྣམ་ཐར། གཞན་ཆོས་ལུགས་ཀྱི་ལྷ་སྒྲུང་བཅས་པ་ལ་གཞི་བཅོལ་བར་མངོན་ཞིང་། བོད་སོག་འབྲེལ་བའི་ལོ་རྒྱུས་དང་། ཁྱད་པར་སོག་ཡུལ་དུ་ཆོས་རྒྱལ་དང་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་ཚུལ་དང་། སོག་པོ་རྒྱལ་རབས་དང་ཚོ་ཁག་གི་ལོ་རྒྱུས་ནི་རྒྱས་པར་བཀོད་ཡོད་པ་མ་ཟད། གུ་ཤྲི་ཧན་དང་དེའི་རྗེས་ཀྱི་ལོ་རྒྱུས་དོན་དངོས་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་སྔོན་མ་དག་ལས་གསལ་ཞིང་ཞིབ་པ་ཞིག་བྱུང་ཡོད་པས། ཕྱིས་སུ་བོད་ཡིག་གི་ལམ་ནས་བརྩམས་པའི་གུ་ཤྲི་ཚེའཕེལ་གྱི་《ཧོར་གྱི་ཆོས་འབྱུང་》དང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་《བོད་སོག་ཆོས་འབྱུང་》སོག་ཡིག་གི་ལམ་ནས་སྤེལ་བའི་སྦྱིན་པ་དར་རྒྱས་ཀྱི་《ཤེལ་དཀར་མེ་ལོང་》དང་། ཡེ་ཤེས་དཔལ་ལྡན་གྱི་《ནོར་བུའི་ཕྲེང་བ་》བཅས་པར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། དེར་བརྟེན་ཆོས་འབྱུང་འདི་ནི་བོད་སོག་གང་དུའང་རྒྱུགས་ཆེ་ལ། བོད་སོག་ཕྱོགས་གཉིས་ཆར་རིག་གཞུང་གི་རིན་ཐང་ཆེན་པོ་ཡོད་པ་ཞིག་དང་། དུས་རབས་བཅོ་བརྒྱད་ནས་བཅུ་དགུའི་བར་གྱི་སོག་པོའི་ལོ་རྒྱུས་གླེང་བའི་ལོ་རྒྱུས་དེབ་ཐེར་ཕལ་ཆེ་བའི་རྩ་བའི་ཡིག་ཆ་རུ་གྱུར་ཡོད།﹙86﹚
          ཆོས་འབྱུང་འདིའི་ཁྱད་ཆོས་གཙོ་བོ་ནི། གཅིག་ཏུ་ན་“འོན་ཀྱང་སྔོན་གྱི་དེབ་ཐེར་དང་། །ཆོས་འབྱུང་སོ་སོ་མི་མཐུན་ཞིང་། །བྱེ་བྲག་ལོ་མཚམས་སྣ་ཚོགས་ཕྱིར། །འཁྲུངས་གཤེགས་ལོ་ཟླར་ཡིད་བརྟན་དཀའ། །” ﹙87﹚ཞེས་སུམ་པ་མཁན་པོ་ཉིད་རྩིས་ལ་མཁས་པས། ལོ་རྒྱུས་ལ་ཤིན་ཏུ་གལ་ཆེ་བའི་ལོ་ཚིགས་ཀྱི་སྐོར་ནས་ཁུངས་འདེད་ཞིབ་ཚགས་གནང་ཡོད་པ་དང་། གཉིས་སུ་ན་“འདིར་རེའུ་མིག་ཏུ་བཀོད་པ་”﹙88﹚ཞེས་པ་དང་། “དཔེར་ན་ཀུན་གྱིས་ཚད་མར་བྱེད་པའི་དེབ་ཐེར་སྔོན་མོར་ཡང་གོང་དུ་བརྗོད་ཟིན་ལྟར་འཁྲུལ་བ་མང་”﹙89﹚ཞེས་ལོ་རྒྱུས་ཀྱི་ལོ་ཚིགས་སོགས་ལ་ཞིབ་འཇུག་བྱེད་སྐབས་དཔྱད་གཞིའི་ཡིག་ཆ་ཁུངས་བཙུན་དག་ལ་བསྟེན་རྒྱུ་གལ་ཆེ་ཡང་། ཁོང་གིས་མཐའ་གཅིག་ཏུ་དེ་དག་སོ་སོར་ཡིད་རྟོན་མ་མཛད་པར་རང་གི་བློ་རིག་ཞིབ་མོར་བརྟེན་པ་དང་། དེ་དག་ཕན་ཚུན་བསྡུར་བའི་ཆ་ནས་རེའུ་མིག་ཏུ་བཀོད་དེ་མཚོན་པར་གནང་ཡོད། དེ་བཞིན་ཆོས་འབྱུང་འདིའི་མགོ་མཇུག་བར་གསུམ་དུ། “......ལ་ལ་ནི་བློ་ལྡན་དག་གིས་གཟིགས་ན་ཤན་ཕྱེད་ཀྱང་བདག་འདྲར་སོམ་ཉིའི་གཞིའོ་” ﹙90﹚ ཞེས་པ་དང་། “......གང་ལྟར་ཡང་དེང་སང་ཡོད་པའི་དེ་དག་ན་རྒྱལ་བའི་བཀའ་དང་རྒྱ་གར་པཎ་གྲུབ་ཀྱི་བསྟན་འཆོས་སྤྱི་སྐད་དང་མི་མཐུན་པའི་སྐད་ཆ་གསར་བྱུང་མང་བས་ཡིད་ཆེས་དཀའོ་”﹙91﹚ཞེས་པ་ལྟ་བུ། དེ་མིན་ལོ་རྒྱུས་ཞིབ་འཇུག་ལ་ཧ་ཅང་མཁོ་བའི་ཐ་སྙད་གལ་ཆེན་སོམ་ཉི་དང་། ཕལ་ཆེར་རམ། ཡིན་ནམ་སྙམ་པ་ལྟ་བུ་ཡང་ནས་ཡང་དུ་བཀོལ་གནང་ཡོད་པས། དེ་དག་གིས་སུམ་པ་མཁན་པོ་ཁོང་ནི་བསམ་བློ་བའམ་ཞིབ་འཇུག་པ་ཚད་ལྡན་ཞིག་གི་ལམ་བུར་བཞུད་ཡོད་པ་གསལ་པོར་མཚོན་ཐུབ། གསུམ་དུ་ན་དཔེར་ན། བོད་ཀྱི་རིགས་རྒྱུད་སྐོར་འཆད་སྐབས་སུའང་།  “མི་ཕོ་མོ་གདོང་དབྱིབས་སྤྲེའུ་དང་བྲག་སྲིན་མོ་འདྲ་སེ་བ་བྱུང་བ་ལས་བོད་མི་མཆོག་གི་རྒྱུད་ཀྱང་འཕེལ་བར་སྨྲས་ན་མི་རྒྱུད་ལྷ་ལས་ཆད་པ་ལེགས་པའི་དཔེ་དང་ཡང་འབྲེལ་ཞིང་ཡིག་ཚང་ཕལ་ཆེར་དང་མི་འགལ་ཙམ་འབྱུང་ངམ་སྙམ་མོ་”﹙92﹚ཞེས་བྱུང་བ་ལྟ་བུས་བོད་ཀྱི་རིགས་རྒྱུད་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་སྲོལ་རྒྱུན་གྱི་ཤོད་སྟངས་དེ་ནི་དཔེའི་སྒོ་ནས་བསྟན་པ་ཞིག་ཡིན་པར་བཞེད་པ་དང་། འོས་མཐུན་གྱིས་དཔྱད་བརྗོད་ཀྱང་གནང་བ་རྟོགས་ཐུབ། བཞི་རུ་ན་ཟེར་སྒྲོས་ཀྱི་རྗེས་སུ་མ་འབྲངས་པར་ལོ་རྒྱུས་དངོས་ཀྱི་རྗེས་སུ་བསྙེགས་གནང་བ་དཔེར་ན། ས་ཆེན་ཀུན་དགའ་སྙིང་པོ་འདི་ལ་“རྣམ་ཐར་ལ་ལར་འདིས་མཆོག་གི་དངོས་གྲུབ་བརྙེས་ཤིང་དུས་གཅིག་ལ་སྤྲུལ་པ་དྲུག་སོགས་བསྟན་ཟེར་ནས་སླར་གུང་ཐང་དུ་དུག་ཟས་དྲང་བར་བརྟེན་ནས་ཆོས་གང་སླ་(བསླབས་)བ་ཀུན་བརྗེད་ཟེར་བ་ནི་དངོས་དང་ཚུལ་བསྟན་མ་ཕྱེས་པར་བཤད་པས་བསྟོད་མི་ཤེས་པའི་སྨད་རར་སོང་བའོ་”﹙93﹚ཞེས་གསུངས་པ་ལྟ་བུ་ལས་རྟོགས་ཐུབ་པ་ཡིན།
          《ཆོས་འབྱུང་དཔག་བསམ་ལྗོན་བཟང་》འདི་ལ་སོག་ཡིག་གི་དཔར་གཞི་གཉིས་ཡོད་པར་བརྗོད་དེ། གཅིག་ནི་པེ་ཅ་ཨེར་མཚོ་སྦིར་ཡ་ཐུ་ནས་ཡིན་པའི་ཏེ་ཀི་ལིས་ལོ་ཧྥུ་ཟེར་བས་སྤྱི་ལོ་༡༨༦༩ལོར་བོད་ཡིག་ནས་སོག་ཡིག་ཏུ་བསྒྱུར་བ་དེ་ཡིན། ཕྱིས་སུ་སུའུ་ལེན་གྱི་བོད་རིག་པ་སྨྲ་བ་ཕུའུ་པཱ་ཡེ་ཧྥུ་ཡིས་དེབ་དེ་ཉིད་ཧྲིལ་པོ་མ་བསྒྱུར་བར་བསྒྱུར་སྒྲིག་ཙམ་བྱས་པ་ཞིག་ཡོད་པར་བརྗོད། ཅིག་ཤོས་ནི་ནང་སོག་རང་སྐྱོང་ཁུལ་དཔེ་མཇོད་ཁང་དུ་ཉར་ཚགས་བྱས་པའི་སོག་ཡིག་གི་དེབ་དེ་ཡིན། དེ་ནི་རྒྱལ་ནང་དུ་དུས་ད་ལྟའི་བར་དུ་སོག་ཡིག་གི་དཔར་མ་ཐོག་མར་དེ་ཡིན་པར་བརྩི། དེའི་བསྒྱུར་བ་པོ་ནི་ལྷ་རམས་པ་དར་ཧན་བློ་བཟང་བསམ་གཏན་དང་། བཤུ་འབྲི་མཁན་ནི་བསྟན་འཛིན་དོན་འགྲུབ་ཡིན།﹙94﹚ སྤྱི་ལོ་༡༩༠༨ལོར་རྒྱ་གར་གྱི་བོད་རིག་པ་སྨྲ་བ་ཏཱ་སི་ཡིས་དཔེ་ཆའི་ཁ་བྱང་ལ་《རྒྱ་གར་དང་བོད་ཀྱི་ཆོས་འབྱུང་》ཞེས་པའི་ནང་དུ་དེའི་ཚན་པ་འགའ་དབྱིན་ཡིག་ཏུ་བསྒྱུར་བར་བརྗོད། དེ་ནས་ཕུའུ་ཝུན་ཁྲེང་དང་ཚེ་རིང་གཉིས་ཀྱིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཇོད་ཁང་དུ་ཉར་བའི་དཔེ་རྙིང་གཞིར་བྱས་ཏེ་རྒྱ་ཡིག་ཏུ་བསྒྱུར་བ་དང་།﹙95﹚ “སྤྱི་ལོ་༡༩༩༣ལོར་ཆིན་ཀི་ལི་དང་མའོ་པའོ་ཀྲུའུ་ཡིས་མཆན་འགྲེལ་བརྒྱབ་ནས་སོག་ཡིག་གི་ལམ་ནས་དཔེ་བསྐྲུན་བྱས་”﹙96﹚པ། ད་དུང་འཇར་མན་དང་ཨུ་རུ་སུའི་སྐད་དུའང་བསྒྱུར་ཡོད་སྐད།
          《ཆོས་འབྱུང་དཔག་བསམ་ལྗོན་བཟང་》འདི་ལ་མིག་སྔའི་བར་ཞིབ་འཇུག་བྱེད་མཁན་འགའ་ཞིག་བྱུང་ཡོད་ཅིང་། ཕྱི་རྒྱལ་ལ་མཚོན་ན། ཨོ་ཀོའི་རིག་གཞུང་པ་ཝ་ཞི་ལི་ཡེ་ཧྥུ་ཞེས་པས་ཐོག་མར་ཞིབ་འཇུག་གནང་སྟེ། སུམ་པ་ཧུ་ཐོག་ཐུའི་《ལོ་ཚིགས་རེའུ་མིག་》དང་ཆོས་འབྱུང་འདི་ཨོ་ཀོའི་ཡི་གེར་བསྒྱུར་ནས་མཆན་ཡང་བཀོད་མོད། རྗེས་སུ་དེ་ནི་འགྲེམས་སྤེལ་བྱེད་མ་ཐུབ་པར་མངོན། དེའི་རྗེས་སུ་རྒྱ་གར་གྱི་བོད་རིག་པ་སྨྲ་བ་ཏཱ་སི་ཡིས་སྤྱི་ལོ་༡༨༨༩ལོར་《སུམ་པ་མཁན་པོའི་ལོ་རྒྱུས་》ཞེས་པ་ཞིག་བྲིས་པ་མ་ཟད། 《དཔག་བསམ་ལྗོན་བཟང་》ཁྲོད་ཀྱི་“ལོ་ཚིགས་རེའུ་མིག་”དབྱིན་ཇིའི་ཡི་གིར་བསྒྱུར་ནས་《བྷང་ག་ལ་ཡ་གླིང་རིག་གཞུང་ལྷན་ཚོགས་དུས་དེབ་》ཀྱི་སྟེང་དུ་བཀོད། སྤྱི་ལོ་༡༩༠༨ལོར་ཏཱ་སི་ཡིས་《དཔག་བསམ་ལྗོན་བཟང་》ཁྲོད་ཀྱི་རྒྱ་གར་དང་བོད་ཀྱི་སྐོར་རྣམས་དབྱིན་ཡིག་ཏུ་བསྒྱུར་བ་དང་མཆན་བཏབ་སྟེ། དཔེ་མིང་ལ་《རྒྱ་གར་དང་བོད་ཀྱི་ཆོས་འབྱུང་》ཞེས་ཅཱ་ཨེར་ཀེ་ཏ་རུ་འགྲེམས་སྤེལ་བྱས་པས། དེ་ནི་ནུབ་ཕྱོགས་སུ་དུས་ད་ལྟའི་བར་དུའང་བོད་སོག་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་པོས་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་འཛིན་བཞིན་ཡོད། དེ་ནས་བོད་སོག་རིག་པའི་ཁྱབ་ཁོངས་སུ་མིང་གྲགས་ཆེ་བའི་ལཱོ་ཁི་ཧྲི་ཆན་ཏེ་ལེ་ཡིས་《སུམ་པ་མཁན་པོའི་〈དཔག་བསམ་ལྗོན་བཟང་〉དང་ཀྲུང་གོ་དང་སོག་པོའི་ཆོས་འབྱུང་》(རྒྱ་གར་གྱི་《གཏེར་བརྒྱའི་དཔེ་ཆོ།གས་》པོད་བརྒྱད་པ། ཏི་ལི་གསར་པ་ནས་སྤྱི་ལོ་༡༩༥༩ལོར་བསྐྲུན་)ཞེས་པ་དང་། སུའུ་ལེན་གྱི་མཁས་པ་ཕུའུ་ཧྲི་ཡིས་《དཔག་བསམ་ལྗོན་བཟང་དུས་རབས་བཅོ་བརྒྱད་པའི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་》(རྒྱ་གར་གྱི་《མི་རིགས་ཞིབ་འཇུག་གི་གནས་ཚུལ་》སྤྱི་ལོ་༡༩༨༥ལོའི་དེབ་གཉིས་པའི་ངོས་༥༩ནས་༦༡བར་གསལ་)ཞེས་པ། 《དཔག་བསམ་ལྗོན་བཟང་ཁྲོད་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་ཚུལ་》ཞེས་པ། 《མཚོ་སྔོན་པོའི་ལོ་རྒྱུས་》《སུམ་པའི་ཆོས་འབྱུང་ཁྲོད་ཀྱི་སོག་པོ་དང་འབྲེལ་བའི་ཡིག་ཆའི་སྐོར་གླེང་བ་》ཞེས་པ་སོགས་བརྩམས་ཤིང་།  དེ་བཞིན་ཕྱི་སོག་རྒྱལ་ཁབ་ཀྱི་མཁས་པ་རྟ་མགྲིན་ཚེརིང་དང་། སྤིས་ར། ཨལ་ཐན་ཀི་རེ་ལི་བཅས་པས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཛད་འཕྲིན་དང་གསུང་རྩོམ་སྐོར་ནས་ཀྱང་ཆེད་རྩོམ་དང་ཆེད་དམིགས་ཞིབ་འཇུག་མི་ཉུང་བ་ཞིག་བྱས་ཡོད་པ་རེད། རྒྱལ་ནང་ལ་མཚོན་ན། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ལ་ཞིབ་འཇུག་བྱེད་མཁན་སྔ་ཤོས་ནི་གཤེགས་ཟིན་པའི་སོག་པོ་རིག་པ་སྨྲ་བ་སྐུ་ཞབས་ཧན་རུའུ་ལིན་ཡིན་﹙97﹚པ་དང་། རིམ་བཞིན་ཆོ་ཅི་དང་། ཀུའེ་རུངཡ ཨུ་ལན། ཀྲང་ཙེ་ལེན་བཅས་པས་ཆོས་འབྱུང་འདིར་ཞིབ་འཇུག་བས་ཏེ་ཆེད་རྩོམ་འགའ་ཞིག་སྤེལ་ཡོད། དེ་ལྟར་《ཆོས་འབྱུང་དཔག་བསམ་ལྗོན་བཟང་》འདི་ཉིད་ཧ་ཅང་སྐད་གྲགས་ཆེ་བའི་ཆོས་འབྱུང་ཞིག་ཏུ་ཟད་མོད། འོན་ཀྱང་བོད་ཀྱི་རྒྱུད་པ་རྒྱ་གར་ལ་གཏུགས་པ་དང་། སོག་པོའི་རྒྱུད་པ་བོད་ལ་གཏུགས་པ། དེ་བཞིན་དགེ་ལུགས་པར་གནོད་འཚེ་གཏོང་མཁན་གྱི་རྒྱལ་པོ་ཞིག་ཡིན་ཚེ་བོད་སོག་གང་ཡིན་ཡང་དེ་ཉིད་བདུད་ཀྱི་སྤྲུལ་པ་ལྟ་བུར་བརྩི་བ་སོགས་ཆོས་ལུགས་གྲུབ་མཐའི་ཤུགས་རྐྱེན་ལས་བྱུང་བའི་བཤད་སྟངས་ཀྱང་ཡོད་ལ། ཆོས་འབྱུང་འདིར་རྒྱ་གར་གྱི་སྐོར་ལ་ཤོག་ངོས་༢༥༦དང་། བོད་ཀྱི་སྐོར་ལ་ཤོག་ངོས་༥༧༤  རྒྱ་ནག་གི་སྐོར་ལ་ངོས་༡༦  སོག་པོའི་སྐོར་ལ་ཤོག་ངོས་༤༨ཡོད་པ་བཅས་ནང་དོན་གྱི་ཆ་ནས་དོ་མི་མཉམ་ལ། ད་དུང་བྱེ་བྲག་ཏུ་བཀའ་གདམས་གསར་རྙིང་དང་རྗེ་རིན་པོ་ཆེའི་སྐོར་འཁོད་པ་མང་བ་དང་། ས་མིང་དང་མི་མིང་སྔ་གཞུག་ཏུ་ཐོད་མི་ཐུག་པ་མང་བ་སོགས་ཀྱི་གནད་དོན་ཡང་ཡོད།
          གཉིས།  《འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན་》ནི། མེ་བ་སྤྱི་ལོ་༡༧༧༧ལོར་བརྩམས་གནང་བ་དང་།ནང་དོན་གྱི་ཆ་ནས་དམ་པ་ཉེར་བཞག་སོགས་མདོ་དང་དུས་འཁོར་བཅས་པའི་རྒྱུད་དང་བསྟན་བཅོས་མངོན་པ་མཇོད་དང་། རྒྱ་བོད་ཧོར་གྱི་ལམ་ཡིག་འགའ་དང་ངག་སྒྲོས་སོགས་ལ་བརྟེན་ནས། ཡུལ་སོ་སོར་རི་ཆེན་དང་ཆུ་ཀླུང་། འགྲོ་བ་སོགས་ཇི་ལྟ་བུ་ཡོད་ཚུལ་བསྟན་འདུག་པ་ན། ལོ་རྒྱུས་ས་ཁམས་རིག་པའི་ཐད་དཔྱད་གཞིའི་རིན་ཐང་མཆིས་པ་ཞིག་ཡིན་མོད།《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཁྲོད་ཀྱི་ལོ་རྒྱུས་ས་མིང་སྤྱིའི་ཆ་ནས་བརྗོད་པ་》ཞེས་པ་ལས། “སུམ་པ་མཁན་པོས་དྲངས་པའི་དཔྱད་གཞིའི་ཡིག་ཆ་གསར་པ་ཚང་མ་ནི་རྒྱབ་རྟེན་འོས་པ་ཞིག་ཏུ་མ་མཐོང་སྟེ། རྩོམ་པ་པོས་ཡིད་ཆེས་ཐལ་དྲགས་པའི་སྒོ་ནས་མ་རྟོགས་པའི་རྒྱལ་ཁམས་ཀྱི་དཔྱད་གཞིའི་ཡིག་ཆ་དག་དྲངས་པས། དེ་དག་ཀྱང་ཁོང་ཉིད་ངོ་མཚར་བསྐྱེད་བྱེད་ཀྱི་ཆ་འཕྲིན་ཞིག་ཏུ་གྱུར་ཡོད། ཡང་ཁོང་ལ་དཔྱད་གཞི་འདོན་སྤེལ་གནང་མཁན་གྱི་མིའང་རིག་གནས་ཤེས་ལྡན་པ་ཞིག་མ་ཡིན་པར། དེ་དག་ཚང་མ་ནི་སྤྱིར་བཏང་གི་མང་ཚོགས་ཁོ་ནར་ཟད་དེ། ཕལ་ཆེ་བ་ཞིག་ནི་གནས་མཇལ་བ་དང་། བང་ཆེན། ཡང་ན་ཨེ་ཤ་ཡ་དབུས་རྒྱུད་དང་ཁལ་མིག་ནས་ཡོང་བའི་ཚོང་པ་ཁག་ཡིན་”﹙98﹚ཞེས་བརྗོད་པ་ཡང་དོན་ལ་གནས་པ་ཞིག་ཡིན།
          གསུམ། 《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན་》ནི། སུམ་པ་གང་ཉིད་ཀྱིས་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་པ་མེ་རྟ་སྤྱི་ལོ་༡༧༨༦ལོར་མཛད་པ་ཞིག་ཡིན་ལ།  “སྙན་ངག་མངོན་བརྗོད་བརྡ་རྙིང་གིས་ཆེས་ཆེར་མ་བཅིངས་པར་ཕལ་གཏམ་ཚུལ་དུ་བཀོད་ལ། དེ་ཕལ་ཆེར་བླ་མ་རྣམས་ཀྱི་རྣམ་ཐར་ལས་བཏུས་པ་དང་། མང་པོ་ཞིག་གཏམ་རྙིང་དག་ཁུལ་ལྟར་ཡིན་ལ། ཡང་ལ་ལ་ངག་སྒྲོས་སྣ་ཚོགས་ལ་བསྟུན་”﹙99﹚གནང་བ་ཞིག་ཡིན། འདིའི་ནང་གཙོ་བོ་མཚོ་སྔོན་པོའི་ཡུལ་གྱི་བཀོད་པ་དང་། རྒྱ་བོད་སོག་གསུམ་གྱི་སྐྱེས་ཆེན་དང་རྒྱལ་བློན་གང་དག་བྱོན་ཚུལ། ད་དུང་སོག་པོའི་བྱེ་ཐང་ནུབ་ཀྱི་ཁལ་ཁའི་ཆོག་ཐུ་དང་། བྱེ་ཐང་ལྷོ་ཡི་ཆ་ཧར་ལེགས་ལྡན་རྒྱལ་པོ། ཧོ་ཤོད་ཐུ་ཚོ་པའི་གུ་ཤྲི་བསྟན་འཛིན་ཆོས་རྒྱལ། བོད་ཀྱི་ཁམས་བེ་རི་དང་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ། མདོ་སྨད་མཚོ་སྔོན་དུ་བྱུང་བའི་སོག་པོའི་དམག་འཁྲུག་སོགས་ཀྱི་སྐོར་འཁོད་ཡོད་པས་ན། འདི་ནི་དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་བོད་སོག་འབྲེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། མདོ་སྨད་དང་མཚོ་སྔོན་གྱི་ལོ་རྒྱུས་ཤེས་རྟོགས་བ་རྒྱུར་ཡང་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་པར་འཁུམས། འདི་ཉིད་ཕྱིས་སུ་རྒྱ་ཡིག་ཏུ་བསྒྱུར་ནས་རྒྱལ་ནང་གི་དུས་དེབ་ཁག་གཅིག་གིས་མུ་འགོད་བས་ཡོད་པ་མ་ཟད། དབྱིན་ཡིག་དང་སོག་ཡིག་ཏུ་བསྒྱུར་བ་ཡང་ཨ་རི་ཕྱི་སོག་སོགས་ནས་དཔེ་སྐྲུན་བྱས་ཡོད།   
          བཞི།《རང་རྣམ་》བསྡུས་པར། ཤིང་ཁྱི་སྤྱི་ལོ་༡༧༥༤“ལོ་དེར་རང་ལུགས་བཞག་པའི་དགེ་ལྡན་རྩིས་གསར་བསྒྲིགས་” ﹙100﹚ཞེས་དང་། 《རང་རྣམ་》རྒྱས་པར་ཡང་། “རང་ལུགས་ཐུན་མོང་མ་ཡིན་པ་བཞག་པའི་དགེ་ལྡན་རྩིས་གསར་གྱི་མ་མོ་འདི་ནག་འགྲོས་ལྟ་བུར་བསྒྲིགས་”﹙101﹚ཞེས་སུམ་པ་མཁན་པོས་རང་ལུགས་གསལ་ལ་ཐུན་མོང་མ་ཡིན་པའི་《དགེ་ལྡན་རྩིས་གསར་》ཞེས་པའི་རྩིས་གཞུང་ཞིག་བསྒྲིགས་གནང་ཡོད། འདི་ལ་《མདོ་སྨད་ཆོས་འབྱུང་》ལས། “རྩིས་ཀྱི་སྐོར་ལ་དགེ་ལྡན་རྩིས་གསར་ཞེས་གྲགས་ཆེ་”﹙102﹚ཞེས་གསུངས་པ་ལྟར། འདི་ནི་ཀུན་གྱིས་ཁས་འཆེས་པ་ཞིག་ཡིན་ལ། དེང་དུས་སུའང་ཕྱི་སོག་ཏུ་རྒྱུགས་ཆེ་ཞིང་། ལི་ཐོ་སོགས་ཀྱང་འདི་ལ་གཞི་བཅོལ་བར་བཤད།
          ལྔ། སུམ་པ་མཁན་པོས་རྒྱལ་བ་ལྔ་པའི་བླ་སྨན་ཕུག་པོ་ཆེ་བའི་སློབ་མ་ཨརྐེ་སྨན་རམས་པ་ཉི་མ་རྒྱལ་མཚན་གྱི་དྲུང་ནས་《རྒྱུད་བཞི་》ཡི་ལུང་དང་སྔོ་སྨན་ངོས་འཛིན་ཡན་ཆད་ཀྱི་ཁྲིད་ཞིབ་རྒྱས་སུ་མནོས་རྗེས། གསོ་དཔྱད་ཀྱི་ལག་ལེན་ཟབ་མོ་རྣམས་ཉམས་པར་དོགས་པ་དང་། མན་ངག་རིན་པོ་ཆེ་རྙེད་པ་དག་བརྗེད་ངེས་པར་དགོངས་ཏེ། གབ་སྦས་མེད་པར་ནག་འགྲོས་ཀྱི་ཚུལ་དུ་སྨན་གཞུང་མ་བུ་གསུམ་དང་གཞན་དག་ཀྱང་ཡི་གིར་བཀོད་﹙103﹚གནང་བ་དང་། གཞན་ཡང་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་“གཡུ་ཐོག་མགོན་པོའི་གསུང་ལ་མན་ངག་དུ་མས་བརྒྱན་ཏེ་”﹙104﹚《བདུད་རྩིའི་ཆུ་རྒྱུན་》དང་། 《ཤེལ་དཀར་མེ་ལོང་》《བདུད་རྩིའི་ཟིལ་དཀར་》《བདུད་རྩིའི་ཐིགས་པ་》《བདུད་རྩིའི་དགའ་སྟོན་》ཞེས་པའི་གསོ་རིག་སྐོར་གྱི་བརྩམས་ཆོས་ཁག་ལྔ་ཙམ་མཛད་ཅིང་། “བརྩམས་ཆོས་ཁག་ལྔ་པོ་འདི་ནི། ནང་སོག་མཁར་སྔོན་པོའི་ཨུད་སི་ཐུ་ཀྲོ་དགོན་དུ་བོད་ཡིག་གི་ཤིང་དཔར་བཀོད་ནས་དཔར་དུ་བཏབ་པ་གང་ཉར་ཡོད་ལ། ཆིན་རྒྱལ་རབས་སུ་སོག་ཡིག་གི་ལག་བྲིས་མའི་ཚུལ་གྱིས་དམངས་ཁྲོད་དུ་དར་བར་མངོན། སྤྱི་ལོ་༡༩༩༤ལོར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བསྒྲིགས་ནས་བོད་ཡིག་དེབ་པར་དུ་བསྐྲུན་”﹙105﹚ཡོད།   
          དྲུག 《སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཚད་ཀྱི་རྣམ་འགྲེལ་མེ་ཏོག་ཕྲེང་བ་》ཞེས་པ་འདི་ནི། སུམ་པ་མཁན་པོས་སྔོན་གྱི་མཁས་དབང་རིམ་བྱོན་གྱི་བརྩམས་ཆོས་ཁག་ལ་གཞི་མཛད་ནས་འགྲེལ་པ་གནང་བའི་བཟོ་རིག་པའི་སྐོར་གྱི་བརྩམས་ཆོས་ཤིག་ཡིན། འདིའི་འགྲེལ་པ་ཁ་གསལ་གོ་བདེ་ལ། ལྷག་དོན་དུ་སུམ་པ་ཁོང་ཉིད་རི་མོའི་གཞུང་ལུགས་ལས། ལག་ལེན་གྱི་བྲིས་ལ་མཁས་པས། འདིའི་ནང་རི་མོ་དང་ཡི་གི་ཟུང་ལྷན་ཐབས་ཀྱི་ཚུལ་གྱིས་བཀོད་གནང་ཡོད་སྟབས། རིན་ཐང་ཤིན་ཏུ་ཆེའོ། 
མཇུག་བསྡུའི་གཏམ།
          སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་སྟོད་དབུས་གཙང་དང་། བར་ཨ་མདོ། སྨད་རྒྱ་ནག་བཅས་པར་ཆོས་སྲིད་ཀྱི་ལམ་བུ་མང་པོར་བཞུད་པ་སྟེ། སྐུ་ཚེའི་བརྒྱུད་རིམ་ཧ་ཅང་ཕུན་སུམ་ཚོགས་པའི་མཁས་དབང་ཞིག་ཡིན་པས། འདི་ལ་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་མངའ་བ་དང་། ཁྱད་པར་ཁོང་ནི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་འབྲེལ་མཁས་པའི་མཁས་དབང་དམ་པ་ཞིག་སྟེ། དཔེར་ན། ཆོས་ལ་སྦྱངས་པའི་ཆོས་པ། གཞུང་ལ་སྦྱངས་པའི་པཎྜི་ཏ། ཆོས་འབྱུང་ལོ་རྒྱུས་ལ་གཟིགས་པའི་ལོ་རྒྱུས་སྨྲ་བ། སྨན་ལ་སྦྱངས་ཤིང་ལག་ལེན་དུ་བསྟར་བའི་གསོ་བྱེད་མཁན་པོ། རྩིས་ལ་སྦྱངས་པའི་རྩིས་པ། བཟོ་ལ་སྦྱངས་པའི་ལྷ་བཟོ་བ་ལྟ་བུ་འདི་དག་གིས་མཚོན་ལ། མ་ཟད་བོད་སོག་མི་རིགས་ཕན་ཚུན་དབར་གྱི་འབྲེལ་འདྲིས་དང་རིག་གནས་བརྗེ་རེས། མཉམ་སྤེལ་མཉམ་རྒྱས་བཅས་པར་ཕྱག་རྗེས་བླ་ན་མེད་པ་བཞག་གནང་མཁན་ཞིག་ཀྱང་ཡིན། །
          ལུང་འདྲེན་དཔྱད་ཡིག
          ①③ ཀྲང་དབྱི་སུན་གྱིས་གཙོའགན་བཞེས་ནས་རྩོམ་སྒྲིག་བྱས། 《བོད་རྒྱ་ཚིག་མཛོད་ཆེན་མོ་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤོག་ངོས་༢༩༢༨    ༢༩༢༩ན་གསལ།
          ②⑥㉒㉗㊴㊺㊼﹙52﹚﹙53﹚﹙57﹚﹙58﹚﹙59﹚﹙63﹚﹙65﹚﹙66﹚﹙70﹚﹙71﹚﹙74﹚﹙75﹚﹙79﹚﹙80﹚﹙81﹚﹙82﹚﹙84﹚﹙103﹚《པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༠༡ལོ། ཤོག་ངོས་༡༦ནས་༡༧   ༢༢ནས་༢༥ ༢༤ ༣༠ ༦༡ ༡༡༠ ༡༢༨ནས་༡༢༩ ༩༢ ༩༤ནས་༩༥  ༡༥༡  ༡༥༢  ༡༥༣  ༡༦༡  ༢༡༢ ༢༡༣  ༢༦༣   ༢༦༣   ༢༦༥   ༢༦༥   ༣༧༠ནས་༣༧༣   ༤༣༨   ༤༤༠  ༤༤༣ ༤༡༧ནས་༤༡༨   ༣༠༠ནས་༣༠༡བཅས་སུ་གསལ།
          ④㊳ གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་རྩོམ་སྒྲིག་བྱས།《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོ། ཤོག་ངོས་༡༧༦༢   ༧༦༢ལ་གསལ།
          ⑤㉝ ཚའེ་ཀྲི་ཁྲུན་གྱིས་བརྩམས། 《སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་དང་<མཚོ་སྔོན་ལོ་རྒྱུས་>ཀྱི་དཔྱད་གཏམ་》ཞེས་པ་ནི་༡༩༨༥ལོའི་《མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་རིག་གཞུང་》དུས་དེབ་དང་པོའི་ཐོག་འཁོད།
          ⑦㉑㊵㊽﹙55﹚﹙56﹚﹙62﹚﹙64﹚﹙69﹚﹙72﹚﹙73﹚﹙77﹚﹙78﹚﹙83﹚﹙85﹚﹙100﹚﹙101﹚《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རྣམ་ཐར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ༡༩༩༧ལོ། ཤོག་ངོས་༣ནས་༥   ༣ནས་༤༤    ༢༥ནས་༢༦    ༢༥ནས་༢༦    ༣༨ནས་༣༩   ༣༩    ༥༥    ༥༥ནས་༥༦   ༥༧   ༦༧    ༦༧    ༨༣ནས་༨༤  ༧༨    ༧༩    ༧༣    ༨༣    ༣༡༨ན་གསལ།
          ⑧㊱﹙61﹚ཐང་ཀི་སི་ཡིས་བརྩམས། 《བོད་བརྒྱུད་ནང་བསྟན་དང་སོག་པོའི་རིག་གནས་》 ལེའོ་ཉིང་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ། ཤོག་ངོས་༢༤༦  ༣༤༦  ༣༤༦ན་གསལ།
          ⑨㉟﹙54﹚﹙68﹚ དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོག་ངོས་༢༠༥  ༢༠༥   ༢༩༦   ༧༩༨ན་གསལ།
          ⑩㉛ ལིས་ཙོང་ཧྭ་དང་ལིས་ཡན་ཁེ་ཡིས་བརྩམས། 《ཨ་མདོའི་ལོ་རྒྱུས་མདོར་བསྟན་པ་》 མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ལོ། ཤོག་ངོས་༡༧༧   ༡༧༧དུ་གསལ།
          ⑪㊾ སྨི་དབྱི་ཀྲི་དང་ཀྲང་ཁོ་ཡིས་བརྩམས། 《མཚོ་སྔོན་གྱི་ལོ་རྒྱུས་མདོར་བསྟན་པ་》 མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤོག་ངོས༢༧༤   ༡༦༥རུ་གསལ།
          ⑫ ཐང་ཅིན་ཧྥུ་ཡིས་རྩོམ་སྒྲིག་བྱས། 《ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་གྲགས་ཅན་དགེ་བཤེས་ཟིན་བཀོད་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོ། ཤོག་ངོས་༢༠༧དུ་གསལ།
          ⑬﹙51﹚ཙེང་ཀུའོ་ཆང་དང་ཀུའོ་ཝེ་ཕིང་གིས་རྩོམ་སྒྲིག་བྱས། 《བོད་ཀྱི་གྲགས་ཅན་མི་སྣ་རིམ་བྱོན་གྱི་ལོ་རྒྱུས་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ༡༩༩༦ལོ ཤོག་ངོས་༢༨༠   ༢༨༠རུ་གསལ།
          ⑭㊸﹙67﹚﹙76﹚དབྱང་ཀུའེ་མིང་དང་མ་ཅི་ཞང་གིས་སྒྲིག་བསྒྱུར་བྱས། 《བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དག་གི་ལོ་རྒྱུས་མདོར་བསྟན་པ་》མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ལོ། ཤོག་ངོས་༣༢༤ ༣༢༤ ༣༢༥ ༣༢༤རུ་གསལ།
          ⑮⑰⑱⑳ ཕུའུ་ཝུན་ཁྲིན་གྱིས་གཙོ་སྒྲིག་བྱས། 《ཀན་སུའུ་དང་མཚོ་སྔོན་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་》མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ༡༩༩༠ལོ། ཤོག་ངོས་༡༦༨   ༡༨༧ནས་༡༨༨   ༡༩༨   ༡༩༦ན་གསལ།
          ⑯⑲㉖㊲﹙102﹚བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོ། ཤོག་ངོས་༦༡  ༦༡ནས་༦༢  ༦༡  ༦༡  ༦༣ན་གསལ།
          ㉓ ཚེ་རིང་དཔལ་གྱིས་བརྩམས། 《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རིགས་རུས་དང་འཁྲུངས་ཡུལ་ལ་དཔྱད་པ་》ཞེས་པ་ནི་༡༩༩༧ལོའི་《མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་》དུས་དེབ་གསུམ་པར་འཁོད།
          ㉔㊹㊻ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས། 《ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་དཀར་ཆག་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༨ལོ། ཤོག་ངོས་༡༡༠  ༡༡༣  ༡༡༢ནས་༡༡༣བཅས་སུ་གསལ།
          ㉕㉞ པའོ་དབྱིན་ཧུའུ་ཡིས་གཙོ་སྒྲིག་བྱས། 《སོག་པོའི་ལོ་རྒྱུས་ཚིག་མཛོད་》(གནའ་རབས་པོད་)ནང་སོག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་ངོས་༢༦   ༢༦ཏུ་གསལ།
          ㉘﹙87﹚﹙88﹚﹙89﹚﹙90﹚﹙91﹚﹙92﹚﹙93﹚སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོ། ཤོག་ངོས་༡༠༠༠  ༡༠༡༩  ༩༠༨  ༡༠༢༠  ༢༦༩  ༢༦༩  ༢༩༠ནས་༢༩༡   ༦༩༥ནས་༦༩༦ན་གསལ།
          ㉙ ཀྲུང་དབྱང་མི་རིགས་སློབ་གླིང་གི་རྩོམ་འབྲི་ཚོགས་ཆུང་གིས་བསྒྲིགས། 《བོད་ཀྱི་རྩོམ་རིག་ལོ་རྒྱུས་》ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོ། ཤོག་ངོས་༡༤༠རུ་གསལ།
          ㉚ ཐུང་ཅིན་ཧྭ་ཡིས་བརྩམས། 《བོད་ཀྱི་རྩོམ་རིག་ཞིབ་འཇུག་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོག་ངོས་༣༢༢སུ་གསལ།
          ㉜ ལིས་ཙུང་ཧྭ་དང་ལིས་ཡན་ཁེ་ཡིས་བརྩམས། 《མི་རིགས་ཚིག་མཛོད་》ཧྲང་ཧེ་ཚིག་མཛོད་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ༡༩༨༡ལོ།  ཤོག་ངོས་༦༦༣ན་གསལ།
          ㊶ མི་ཉག་མརྒོན་པོས་བརྩམས། 《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་》(དེབ་དང་པོ་)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༦ལོ། ཤོག་ངོས་༤༦༤ན་གསལ།
          ㊷﹙60﹚ཨུལ་ཇུ་པཱ་ཡེར་གྱིས་བརྩམས། 《སོག་བོད་འབྲེལ་བའི་ལོ་རྒྱུས་ཕྲེང་སྟར་ཆེན་མོ་ཡི་ཆོས་ལུགས་པོད་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་ཕྱི་ཡིག་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་། ༢༠༠༡ལོ། ཤོག་ངོས་༣༣༣   ༣༣༤རུ་གསལ།
          ㊿《ཆིན་ཧྲི་ཙུང་གི་ལོ་རྒྱུས་》ཚན་པ་བཅུ་དགུ་པ། ཡུང་ཀྲེན་ཁྲི་ལོ་གཉིས་པ་ཆུ་ལུག་ལོའི་བཤོལ་ཟླ་བཞི་པ། སྨི་དབྱི་ཀྲི་དང་ཀྲང་ཁོ་ཡིས་བརྩམས།《མཚོ་སྔོན་གྱི་ལོ་རྒྱུས་མདོར་བསྟན་པ་》མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤོག་ངོས་༡༧༥རུ་དྲངས་པ་བཞིན་འདིར་དྲངས།
          ﹙86﹚﹙98﹚སྦིས་ལ་ཡིས་བརྩམས།《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཁྲོད་ཀྱི་ལོ་རྒྱུས་ས་མིང་སྤྱིའི་ཆ་ནས་བརྗོད་པ་》ཞེས་པ་ནི་《སོག་པོ་རིག་པའི་ཆ་འཕྲིན་》༡༩༩༧ལོའི་དེབ་གསུམ་པར་གསལ།
          ﹙94﹚﹙97﹚ཆོ་ཅི། 《སོག་ཡིག་གི་ལོ་རྒྱུས་ཡིག་ཚག་བསྡུས་བཀོད་》(བདུན་པ་)ཡི་ནང་བསྡུས་ནས་བཀོད་ཡོད། ༡༩༨༦ལོའི་《ནང་སོག་སྤྱི་ཆོགས་ཚན་རིག་》དུས་དེབ་དྲུག་པར་གསལ།
          ﹙95﹚ཕུའུ་ཝུན་ཁྲེང་དང་ཚེ་རིང་གཉིས་ཀྱིས་རྒྱ་ཡིག་ཏུ་བསྒྱུར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》༡༩༩༤ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
          ﹙96﹚ ཨུའུ་ལན་གྱིས་བརྩམས། 《སུམ་པ་མཁན་པོའི་<དཔག་བསམ་ལྗོན་བཟང་>གཟབ་མ་》ཞེས་པ་ནི་《བྱང་ཕྱོགས་མི་རིགས་་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》༢༠༠༩ལོའི་དེབ་དྲུག་པར་གསལ།
          ﹙99﹚སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། 《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོ། ཤོག་ངོས་༥༥ན་གསལ།
          ﹙104﹚སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། 《གསོ་རིག་གསུང་རྩོམ་ཕྱོགས་བསྒྲིགས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༤ལོ། ཤོག་ངོས་༦༠༨ན་གསལ།
          ﹙105﹚དབང་ཆེན་ཚེ་བརྟན། 《སུམ་པ་ཡེ་ཤེས་དཔལ་འབྱོར་དང་ཁོང་གི་རིག་གཞུང་གི་འབྲས་བུར་དཔྱད་པ་》ཞེས་པ་ནི་༢༠༠༨ལོའི་《ཀྲུང་གོའི་མི་རིགས་གསོ་བ་རིག་པའི་རིག་གཞུང་》དུས་དེབ་དྲུག་པར་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1