གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ནག་ཤོད་བསྟན་འཛིན་མཚུངས་མེད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༤ཉིན།

༄༅།།ཁྱོད་ཀྱི་ལོ་རྟགས་ཅང་ཤེས་རྟ་ཕོ་རེད།



— ནུ་བོ་རེ་བ་ཅན་བསོད་ནམས་ལྷུན་གྲུབ་ལ་སྤྲིངས་པ།
ལྷ་ས། ནག་ཤོད་བསྟན་འཛིན་མཚུངས་མེད།

གཅིག

        ཡ་མགོའི་ནང་གི་མིག་དང་། མ་མགོའི་ནང་གི་ལྕེ། ཁོག་པའི་དབུས་ཀྱི་སྙིང་ལྟར་གཅེས་སུ་འོས་པའི་བདག་གི་གཅུང་པོ་རེ་བ་ཅན་བསོད་ནམས་ལྷུན་གྲུབ་ལགས། འདི་ནི་ཁྱོད་ཀྱི་གཅེན་པོ་བསྟན་འཛིན་མཚུངས་མེད་ཀྱིས་ཁྱོད་ལ་བྲིས་པའི་འཕྲིན་ཡིག་ཐོག་མ་ཡིན། ཁྱོད་རང་དམའ་རིམ་སློབ་འབྲིང་ནས་མགོ་ཚུགས་ཏེ། རྒྱལ་ཕྱི་དང་རྒྱལ་ནང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་མྱོང་བར་མ་ཟད། ལོ་རྒྱུས་ཐོག་གི་སྐྱེས་ཆེན་མང་པོ་ཞིག་གི་རྣམ་ཐར་ཡང་ལྟ་ཀློག་བྱས་དང་བྱེད་བཞིན་ཡོད་ལ། དུས་རྒྱུན་དུ་ལོ་རྒྱུས་དང་འབྲེལ་བའི་དཔེ་ཆར་ལྟ་ཀློག་བྱ་རྒྱུ་ནི། ཁྱོད་ཀྱི་དགའ་ཕྱོགས་ཤིག་ཡིན་པ་ཕུ་བོ་ངས་ཤེས་ཀྱི་ཡོད། དེས་ན། ལོ་རྒྱུས་ཐོག་གི་མི་སྣ་ཐོག་མ་དང་བྱ་བ་ཐོག་མ། གྲུབ་འབྲས་ཐོག་མ་སོགས་ནི་མི་རྣམས་ཀྱིས་རྟག་ཏུ་གཙོ་བོ་དང་གལ་ཆེན་རྐྱང་རྐྱང་ལ་རྩི་བཞིན་ཡོད་པ་དེ་བཞིན་དུ། འཕྲིན་ཡིག་ཐོག་མ་འདི་ཡང་ཁྱོད་ཀྱིས་གལ་ཆེན་དང་དོན་ཆེན་ཞིག་ཏུ་བརྩིས་ཏེ། རྟག་པར་ཡིད་ལ་འཛིན་རོགས་ཞུ།
        སྤྱིར་ན་ཁྱོད་དང་ཁྱོད་འདྲ་བའི་སྐལ་མཉམ་རྣམས་ནི། སྐད་དང་ཡིག་རིགས་གཞན་ལ་དགའ་དད་སྤྲོ་གསུམ་གྱིས་འཇུག་གི་ཡོད་ལ། ཕྲན་གྱིས་ཀྱང་རྒྱ་ཡིག་དང་དབྱིན་ཡིག་གང་རུང་གི་ལམ་ནས་ཡི་གེ་ཆ་མ་ཆོ་ཞིག་འབྲི་ཐུབ་པ་གདའ་མོད། མཚམས་འདིར་དབྱངས་གསལ་སོ་བཞིས་བདག་གི་བརྗོད་པར་འདོད་པའི་སྐད་ཆ་རྣམས་གཟུགས་སུ་བཀོད་ཡོད་པའི་དགེ་མཚན་དང་། རིན་ཐང་སོགས་ཁྱོད་ཀྱིས་ཀྱང་མི་རིང་བར་ག་ལེར་རྟོགས་ངེས་པས་གསལ་བཤད་མང་པོ་མི་བྱ། དེ་བས་གཞན་དུ། ཡབ་མེས་བཀའ་དྲིན་ཅན་ཚོས་ང་ཚོ་ལ་གནང་བའི་རིན་བྲལ་གྱི་ནོར་བུ་སྟེ། དབྱངས་གསལ་གྱི་ཡིག་འབྲུ་རེ་རེའི་སྟེང་དུ། མིའི་རིགས་ཀྱི་འཇིག་རྟེན་ལ་མཁོ་དགུའི་ལེགས་ཚོགས་འབྱིན་ནུས་པའི་གཟི་བྱིན་གྱི་ཚན་ཁ་ཤིན་ཏུ་ཆེ་བས། རང་རེ་བུ་སྤུན་གཉིས་ཀྱི་སྐད་ཆའང་ཡི་གེ་འདི་ལ་བརྟེན་ཏེ་བརྗོད་ན། བཀྲ་ཤིས་ཤིང་དོན་འགྲུབ་ཅིང་ཕུན་སུམ་ཚོགས་པའི་རྒྱུ་རུ་འགྱུར་རོ། །དེས་ན་འཕྲིན་ཡིག་འདིར་བདག་གིས་ཀྱང་ཁྱོད་ཀྱི་ཤེས་ཚད་ལ་དཔགས་པའི་མིང་དང་ཚིག་བེད་སྤྱོད་བྱེད་ཀྱི་ཡིན་ལ། ཅུང་ཟད་གོ་དཀའ་བའི་ཐ་སྙད་འདྲ་ཐོན་བྱུང་ནའང་། ཡི་ཐང་མ་ཆད་པར་ཚིག་སྔ་ཕྱི་གུང་བསྒྲིགས་ཏེ་ལེགས་པར་བཀླགས་ན། དོན་གྱི་སྙིང་པོ་ལོན་པར་དཀའ་ཚེགས་མེད་དོ། །

གཉིས།

        ཁྱོད་རང་ཕོ་ལོ་བདུན་ལ་སོན་པའི་སྟོན་དུས་ཤིག་ལ། ང་ཚོ་མིང་སྲིང་རྣམས་ཀྱི་ཨ་མར་གྱུར་པ་སྐྱེ་རྒུའི་བདག་མོ་ཀླུ་འབེལ་གྱིས། ཁྱོད་རང་ལག་ཁྲིད་བྱས་ཏེ་རྫོང་ཆ་ཚང་སློབ་ཆུང་ལ་མིང་ཐོ་བཀོད་རྗེས། སླར་ཡང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ནང་ལ་ལོག་ནས། སྟོན་གྱི་རྩྭ་རྩི་བརྔ་ལ་འབུངས་བཞིན་ཡོད། ཁྱོད་ཀྱིས་ད་དུང་དྲན་སོས་ཀྱི་འདུག་གམ། ཨ་མའི་ངོ་གདོང་ཆར་ཆུ་དང་ལྷགས་རླུང་གིས་ཡང་ཡང་བརླན་ཞིང་། ཉི་འོད་དང་གྲང་ངད་ཀྱིས་རབ་ཏུ་གཙེས་པས། ཤ་རྩ་དཀར་པོ་ཡོངས་སུ་སྨུག་ནག་གིས་བསྒྲིབས་ཟིན་ཀྱང་། ཁོ་མོས་རྔུལ་ཆུའི་ཐིགས་པ་རེ་རེ། སེར་ཀ་དང་སག་རིས་ཁེངས་པའི་ལག་པ་གཉིས་ཀྱིས་གཡས་འབྱིད་དང་གཡོན་འབྱིད་བྱེད་ཞོར་དུ། འཛུམ་པའི་མེ་ཏོག་ཁྱོད་ཕྱོགས་སུ་བཞད་དེ། ཁྱོད་ཀྱི་མཚར་སྣང་དུ་གྱུར་པའི་དྲི་བ་རེ་རེར་ཡིད་ཚིམ་པའི་དྲིས་ལན་སྟེར། སྙིང་ཉེ་བའི་གཅུང་པོ་ཝེ། ད་ཆ་ཁྱོད་ཀྱིས་ཨ་མའི་ལང་ཚོ་ཡིད་ལ་འཆར་གྱིན་འདུག་གམ། མེ་ཏོག་བཞིན་རྣམ་པར་བཀྲ་འོས་པའི་ཨ་མའི་ལང་ཚོ་ཡིད་ལ་འཆར་གྱིན་འདུག་གམ། ལྟོས་དང་། གྲོང་ཁྱེར་འདིའི་རྒན་མོ་ལོ་བརྒྱད་ཅུར་ཉེ་བ་མན་ནས་གཞོན་ནུ་མ་ལོ་བཅའ་བཅུ་ཡན་གྱིས། ཉི་ཟེར་དང་ལྷགས་རླུང་སོགས་ལ་གཡོལ་གང་ཐུབ་ཀྱིས། རང་གི་ཤ་རྩ་དཀར་པོ་གཅེས་སུ་འཛིན་གྱིན་འདུག་ལ། སྒེག་རྫས་སྣ་ཚོགས་གདོང་ལ་བྱུགས་ཏེ། མཛེས་པའི་རྣམ་འགྱུར་ཅི་རིགས་སྟོན། འོན་ཀྱང་། ཁྱོད་ཀྱིས་ཨ་མའི་སྨུག་ནག་གི་ངོ་མདངས་དང་། ཤར་ཤུར་གྱི་ལག་རྒྱབ་སོགས་ནི། རང་རེ་མིང་སྲིང་རྣམས་ལ་སྤྲད་པའི་མཐར་ཐུག་གི་མཛེས་པ་ཞིག་ཏུ་བསམ་ནུས་ན། ཨ་མའི་ལང་ཚོ་དོན་ལྡན་ཅན་དུ་གྱུར་པ་རེད་ལ། ཁྱོད་ནི་ཚུལ་འཆོས་དང་དོན་དངོས་ལ་བརྡར་ཤ་གཅོད་ནུས་པའི་གཞོན་ནུ་རྣམ་དཔྱོད་ཅན་ཞིག་ཡིན་ངེས་ཤིང་། དེ་ལྟར་བསམ་པའི་བློ་གྲོས་ཁྱོད་ལ་ཡོད་འདུག་ན། ཕུ་བོ་ང་གཏན་དུ་དགའ་འོས། སྤྲོ་འོས།
        ལོ་དེའི་ཉིན་དེར། ཁྱོད་ཀྱིས་ང་ཚོ་ཕ་མ་སྤུན་མཆེད་རྣམས་ལ་སེམས་རྩ་བསྒུལ་བའི་དྲི་བ་ཞིག་བཏོན་པ་རེད། ལོ་བདུན་ཙམ་ལ་སོན་མ་ཐག་པའི་ཁྱོད་ཀྱིས། ཨ་མ་ལ་ན་རེ། “ ཨ་མ། ང་ག་དུས་སློབ་གྲྭར་འགྲོ་ཐུབ་བམ།”ཞེས་པར་ཨ་མས་ལན་དུ། “སློབ་གྲྭ་ནས་བརྡ་ཐོ་སླེབས་སོང་ན་འགྲོ་དགོས་རེད།” ཅེས་པ་ན། ཁྱོད་ཀྱིས་སླར་ཡང་། “ཨ་མ་ངེད་གཉིས་འདི་གར་རྩྭ་འཐུ་བཞིན་བསྡད་ན། ང་རང་སློབ་གྲྭར་འགྲོ་རྒྱུའི་བརྡ་ཐོ་ཕྱོགས་གཞན་དུ་བུད་མི་འགྲོའམ།”ཞེས་སེམས་ཁྲལ་དང་རེ་ལྟོས་ཀྱིས་དྲིས། སྐབས་དེ་ནས་བཟུང་། “བརྡ་ཐོ”ཞེས་པ་ཅི་ཞིག་ཡིན་མིན་ངེས་པ་འདྲེན་མི་ནུས་པའི་བྱིས་པ་ཁྱོད་ནི། མ་འོངས་པར་སློབ་ལ་བརྩོན་པའི་སློབ་མ་བཟང་པོ་ཞིག་ཏུ་འགྱུར་ངེས་པའི་ཡིད་ཆེས་ང་ཚོ་ཕ་མ་མིང་སྲིང་ཚང་མ་ལ་ཡོད་མྱོང་། དེ་ཡང་ཁྱོད་རང་སློབ་གཉེར་པ་ཞིག་བྱེད་འདོད་ཀྱི་རེ་བ་དང་སེམས་ཤུགས་མཚོན་པའི་དྲི་བ་དང་པོ་རེད། ད་ལྟ་ཁྱོད་ཀྱིས་དོན་སྙིང་ལྡན་པའི་དྲི་བ་དེ་དང་། འདྲི་བ་པོ་ཁྱོད་རང་གི་གནས་སྐབས་ལ་ཕྱིར་དྲན་ཞིག་བྱོས་དང་། མཚར་སྣང་དང་མཛེས་སྡུག་གིས་ཕྱུག་ཅིང་། སྙིང་ལ་ཉེ་བའི་བྱིས་དུས་ཤིག་མ་ཡིན་ནམ། ཀྱེ་ཀྱེ། བདག་གི་སྙིང་དབུས་སུ་ལྷམ་མེར་འཚེར་བའི་སློབ་གཉེར་པ་ལགས། ད་ལྟའང་ཁྱོད་ཀྱིས་རང་ལ་དབང་ངེས་སུ་གྱུར་པའི་གོ་སྐབས་བཟང་པོ་ཡོད་ཚད་ལ། རེ་ལྟོས་དང་ཡིད་ཆེས་ཀྱིས་བརྩོན་ལེན་བྱེད་ཀྱིན་ཡོད་དམ།

གསུམ།

        སྤྱིར་ན་སེམས་ཅན་ཐམས་ཅད་རིགས་གཉིས་སུ་ངེས་ལ། རིགས་གཉིས་ལས། ཕོ་རྣམས་ལ་ཕལ་ཆེར་ཐོག་མ་ཉིད་ནས་དྲག་པ་དང་རྩུབ་པའི་རང་གཤིས་ལྡན་ཞིང་། མོ་རྣམས་ལ་ཕལ་ཆེར་ཞི་བ་དང་འཇམ་པའི་ཁྱད་ཆོས་ཡོད་པས། ང་ཚོའི་ཨ་ཕའང་སྐྱེས་པ་ཕོ་ཞིག་ཡིན་པའི་ཆ་ནས། ཅུང་ཟད་དྲག་རྩུབ་ཀྱི་རྣམ་པ་ཡོད་འདུག་པ་རྒྱུ་མཚན་གོང་ལྟར་ལགས་ཤིང་། ཁྱད་པར་དུ། ཁོ་རང་བྱིས་པ་བསམ་ཚོད་མ་ཟིན་པའི་སྐབས་ནས་ཕ་རྒན་ཚེ་ལས་འདས་ཤིང་། མ་སྨད་གསུམ་ཤུལ་དུ་ལུས་འདུག་ཅིང་། རང་རེའི་ཨ་ཁུར་འབོད་པ་ཁོ་ནི། བུ་རྒྱུད་རྒན་པ་ཡིན་ཡང་ཁྱིམ་ཚང་གི་ཚུགས་མ་ཟིན་པར། རང་སྣང་གང་ཤར་གྱིས་ཕྱོགས་ངེས་མེད་དུ་འཁྱམས་ཤིང་། སྡིག་གྲོགས་ཁོ་ན་སྙིང་ཉེར་བརྩི་ལ། རྒྱན་དང་བག་མེད་ཀྱིས་ལོག་པར་འཚོ་བའི་སྤྲང་རྒན་ཞིག་དང་གཉིས་སུ་མི་འདུག་པས། ངེད་ཅག་གི་རྨོ་མོ་དང་ཨ་ཕ་མ་སྨད་གཉིས་ཀྱིས་གཞན་གྱི་བརྙས་བཅོས་དང་གཉའ་གནོན་འོག་ནས། རང་གི་སྙིང་སྟོབས་དང་ཤེས་རབ་ལ་བརྟེན་ཏེ་ད་གཟོད་ཁྱིམ་ཚང་འདིའི་གཞི་རྐང་ཚུགས་པ་རེད། ཨ་ཕས་སྡུག་གི་ཁུར་པོ་མང་པོ་རང་ཉིད་གཅིག་པུས་ཁུར་མྱོང་ཡང་། སྡུག་ཡུས་བཤད་སའི་ཕ་རྒན་ཞིག་གཏན་དུ་རང་ཉིད་དང་རྒྱང་དུ་གྱེས་ཟིན། ཁོ་པས་ན་ཟུག་དང་། ཡི་ཆད། གཉའ་གནོན། མཐོང་ཆུང་། གནོན་ཤུགས་སོགས་ཀྱི་གྲིབ་ནག་མང་པོ་རྟག་པར་ཁོག་ལ་བསྒོམ་དགོས་བྱུང་བས། ཁོང་གི་གཤིས་ཀ་ལའང་དེ་ལྟར་རིམ་གྱིས་སེར་ཀ་མང་པོ་དོད་སོང་བར་ང་ཚོས་ནམ་ཡང་བརྗེད་ག་ལ་རུང་སྟེ། གཏན་ནས་མི་རུང་ངོ་། ། དེ་འདྲ་སྡུག་གི་ཁུར་པོ་རི་བོ་ལས་ཀྱང་ལྕི་བ་རྣམས་བཏེགས་ཏེ་ཡར་ལ་འགྲེང་ནུས་པའི་ཨ་ཕ་ནི། ང་ཚོའི་ཕ་རྒན་ཙམ་ལས་མི་གདའ་བས། ང་ཚོའི་ཨ་ཕ་ཡང་ཨ་ཕ་གཞན་ལས་བཀའ་དྲིན་ཆེ་ཚུལ་དེ་ལྟར་ལགས། དེས་ན། ཨ་ཕས་ངེད་ཅག་རྣམས་ལ་ངག་རྩུབ་ཁོ་ནས་སློབ་གསོ་གཏོང་བ་དེ་ཡང་། རྨ་ཁ་ཤོར་ཟིན་པའི་ཁོང་གི་གཤིས་ཀས་བྱས་པ་རེད་ལ། དེ་འདྲའི་གནས་སྐབས་སུ། ང་ཚོས་ཀྱང་ཁོང་གིས་བརྒྱུད་པའི་དཀའ་ཁག་རྣམས་ཡིད་ལ་དྲན་པར་བྱས་ཏེ། བསླབ་བྱ་ཇི་སྙེད་སེམས་སུ་ཉར་དགོས་ཨང་།

བཞི།

        ཕ་མ་ཞིག་ལ་མཚོན་ན། བུ་རྒྱུད་མང་པོ་ཞིག་རང་གི་ཤ་ལས་སྐྱེས་པ་དང་། དེ་དག་རེ་རེ་བཞིན་ལེགས་པར་སྐྱེད་སྲིང་བྱས་ཏེ་མི་རུ་བསྐྲུན་ཐུབ་པ་ནི། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན། བླ་ན་མེད་པའི་བྱས་རྗེས་རེད་ལ། ཁྱིམ་ཚང་རང་སྟེང་ནས་བཤད་ནའང་གཟི་བརྗིད་ཆེན་པོ་ཡིན་ངེས།  དེ་བས། བདེ་བདེ་ཐང་ཐང་ངང་འཚོ་ཞིང་གནས་པའི་མིང་སྲིང་རྣམས་ནི། ཁྱིམ་ཚང་ཞིག་གི་ལ་རྒྱ་དང་། དཔལ་ཡོན། བདེ་སྐྱིད་སྐྲུན་མཁན་གྱི་བྱེད་པ་པོ་རེ་རེ་ཡིན་ངེས་ཀྱང་། བདག་གི་སྣང་བར། ང་ཚོའི་ཁྱིམ་ཚང་ལ་ད་དུང་ཡང་ངལ་རྩོལ་གྱི་ནུས་ཤུགས་མི་འདང་བའི་ཁར། ཁྱིམ་དུ་ལོག་ཐེངས་རེ་རེར། གྲང་ཤུམ་ཤུམ་གྱི་རྣམ་པ་འདྲ་བོ་རྟག་ཏུ་མཐོང་གིན་འདུག བུ་རྒྱུད་ཆེ་གྲས་རྣམས་རེ་རེ་བཞིན་རང་ཁྱིམ་ནས་ལོགས་སུ་ཐོན་ཏེ། རང་རང་གི་འཚོ་ཐབས་བསྐྱངས་པ་དང་། གཞན་པ་རྣམས་སློབ་ལ་བརྩོན་བཞིན་པའི་སྒང་ཡིན་པས། ད་ཆ་ཕ་མ་གཉིས་དང་ལྷན་དུ། ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་འཚོ་བའི་གཅེས་ཕྲུག་གཅིག་པུ་ནི། བདག་གི་ནུ་བོ་དང་ཁྱོད་ཀྱི་ཕུ་བོ་ཚེ་རིང་འགྱུར་མེད་རེད། ཁོ་ནི་ད་ཆ་ཕ་མ་གཉིས་པོ་རྒྱབ་ནས་སྐྱོར་མཁན་དང་། མདུན་ནས་འཐེན་མཁན། གཡས་གཞོགས་གཡོན་འདེགས་བྱེད་མཁན་གྱི་ལག་རྟེན་ལྟ་བུར་གྱུར་ཡོད།
        འོན་ཀྱང་། ཁོ་རང་ད་དུང་ཡང་ན་ཚོད་ཡོངས་སུ་སྨིན་མེད་པས། ཕ་མ་གཉིས་ཀྱི་དགོས་འདོད་ཐམས་ཅད་ཁོ་རང་གཅིག་པུས་ཇི་ལྟར་འཁྱོངས་ཨང་། དེས་ན། ཨ་ཕ་སྔར་བཞིན་ཕུ་མདོའི་ལས་ཀ་ཙག་ཙིག་གི་བྲན་དུ་གྱུར་ཡོད་ལ། ཨ་མའི་ལུས་ཀྱི་དགྱེ་དགུ་མང་ཤོས་སེམས་ཅན་གྱི་གཡོག་ཏུ་འདུར་དགོས་པས། ཁོང་ཅག་རྣམས་ཅི་འདྲའི་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་མ་རེད་དམ། ནུ་བོ་ཝེ། ཁྱོད་ལའང་ཡ་ང་སྙིང་རྗེའི་སེམས་པ་བཟང་པོ་ཞིག་ཡོད་ངེས་ན། ཁོང་ཚོའི་གནས་སྟངས་དེ་འདྲ་སེམས་ཀྱིས་བཟོད་ཀྱིན་འདུག་གམ། མ་བཟོད་ན། ཁྱོད་ཀྱིས་བྱེད་འོས་པའི་བྱ་བ་གང་རེད། དེ་ལ་བསམ་བློ་མཐར་ཕྱིན་པ་བཏང་རྗེས། བརྩོན་པ་ཆུ་བོའི་རྒྱུན་བཞིན་ལྷོད་མེད་ངང་བགྱི་དགོས་པ་རྟག་ཏུ་ཡིད་ལ་འཇོག་རོགས།

ལྔ།
        ད་ཆ་ང་ཚོའི་ཁྱིམ་ཚང་ལ་རྩོད་རྙོག་ཅིག་རིམ་གྱིས་འབྱུང་གིན་ཡོད་པ་ཁྱོད་ཀྱིས་ཚོར་བྱུང་ངམ། དེ་ནི། སྒོ་ཕྱུགས་རྣམས་འཚོང་དང་མི་འཚོང་གི་རྩོད་པ་རེད། ཕ་མ་གཉིས་པོའི་སེམས་སུ། ང་ཚོའི་མི་རབས་གོང་མའི་གོང་མ་དང་། དེའི་གོང་མ་སོགས་ནས་ད་བར་དུ་སྒོ་ཕྱུགས་དང་ས་ཞིང་ལ་བརྟེན་ཏེ་རང་ཁ་རང་གསོ་བྱས་ནས་ཡོང་བ་ཡིན་པས། ང་ཚོའི་སྐབས་སུ་རྒྱུན་བཅད་ན་ཇི་ལྟར་འགྲིག་ཨང་སྙམ་སྟེ། མི་འཚོང་བའི་དམ་བཅའ་སེམས་སུ་སྒོམ་བཞིན་ཡོད། ཕུ་བོ་རྒན་པ་གཉིས་པོས་ནི། ཤ་མར་ཐུད་གསུམ་སོགས་ཁྲོམ་རའི་སྒང་ནས་ཉོས་ན་ཆོག་ཅིང་། སྒོ་ཕྱུགས་ཀྱི་ཆེད་དུ་དཀའ་བ་མང་པོ་སྤྱད་ཀྱང་ཡོང་སྒོ་མི་ལེགས་པའི་ཁར། ལུས་ཀྱི་ངལ་བ་དང་དུས་ཀྱི་འཕྲོ་བརླག་སོགས་སུ་མཐོང་སྟེ། མགྱོགས་མྱུར་ངང་བཙོང་དགོས་པའི་སྐུལ་མ་བྱེད་པ་མ་ཟད། ཕ་མ་གཉིས་ལྷ་སར་སྤོས་ཏེ་ཆོས་དང་དགེ་བ་འབའ་ཞིག་བསྒྲུབས་ན་ཆོག་ཅིང་། ནུ་བོ་ཚེ་རིང་འགྱུར་མེད་ཀྱིས་སླར་ཡང་རྩིས་དང་ཡི་གེ་བསླབས་ན་འགྲིག་ཅེས་བརྗོད། ཕུ་བོ་གཉིས་པོའི་ཀུན་སློང་ལ་བཀའ་དྲིན་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་རེད། དེ་ནི། ཕ་མ་གཉིས་པོ་དཀའ་ལས་ཁག་པར་དོགས་ཏེ། ལྷག་བསམ་རྣམ་དག་གིས་སྲི་ཞུ་སྒྲུབ་པ་ཞིག་རེད། བུ་རྒྱུད་ཟེར་ན་ཕ་མ་དང་མིང་སྲིང་ལ་བསམ་བློ་གཏོང་མཁན་ཞིག་དགོས་ཀྱི། རང་ཉིད་ཁོ་ན་བདེ་ཐབས་སྐྱིད་ཐབས་བྱས་ན་ག་ལ་འགྲིག་ཨང་།
        འོན་ཀྱང་ང་རང་ལ་བསམ་ཚུལ་མི་མཐུན་པ་ཞིག་ཡོད་པ་ནི། ཕ་མ་གཉིས་པོར་མཚོན་ན། གློ་བུར་དུ་སྒོ་ཟོག་རྣམས་དོར་ཏེ། གྲོང་ཁྱེར་དུ་འཚོ་སྡོད་བྱ་རྒྱུ་ནི། ང་ཚོས་བསམས་པ་ནང་བཞིན་ལས་སླ་མོ་དེ་འདྲ་རྩ་བ་ཉིད་ནས་ཡོད་པ་མ་རེད། ད་ལྟ་ལྷག་བསྡད་པའི་ནོར་གནག་རྣམས་ནི། ཕ་མ་གཉིས་པོ་ཐོག་མར་བཟའ་ཚང་བྱས་ཏེ། ཁྱིམ་ཐབས་སྐྱོང་བའི་སྐབས་སུ། རང་རང་གི་ནོར་སྐལ་རྣམས་ལྷན་ཅིག་ཏུ་བསྡུས་ཤིང་། རིམ་གྱིས་འཚོ་སྐྱོང་བྱས་ནས་ཡོང་བའི་ནོར་རྒྱུན་ཞིག་རེད། ནོར་གནག་རེ་རེའི་རབས་ཀྱིས་ང་ཚོ་མིང་སྲིང་རྣམས་ལ། དཀར་དམར་ཟས་ཀྱི་འཚོ་བཅུད་བྱིན་ཏེ་ལང་ཚོའི་ཁོ་ལག་རྒྱས་པར་བྱས་ཡོད་པས། ད་ཆ་ང་ཚོའི་ཤ་ཁྲག་གི་ཁོང་གསེང་དག་ན། ནམ་ཡང་བསུབ་རྒྱུ་མེད་པའི་ཤ་ཁྲག་འཕར་མ་ཞིག་སྐྱེས་ཡོད་པ་ནི། ད་ལྟའི་ནོར་གནག་རྣམས་དང་། དེ་རྣམས་ཀྱི་ཕ་མའི་ཕ་མ་སོགས་ཀྱི་དཀར་དམར་གྱི་ཤ་ཁྲག་གོ། །
        ཕ་མའི་སེམས་སུ། ནོར་གནག་དེ་ཚོས་རང་ཉིད་ཙམ་དུ་མ་ཟད། རང་གི་བུ་རྒྱུད་རྣམས་བདེ་བླག་ངང་སྐྱེད་སྲིང་བྱ་བར་མཐུན་རྐྱེན་དཔེ་མེད་སྦྱར་བྱུང་བས། བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་སྙམ་བཞིན་ཡོད། དོན་དུ། ང་ཚོས་ཀྱང་སེམས་ཅན་དེ་ཚོའི་བཀའ་དྲིན་ནམ་ཡང་བརྗེད་མི་རིགས། དེ་འདྲའང་བརྗེད་པར་གྱུར་ན། བརྗེད་པ་པོ་རང་ཉིད་ཀྱི་མི་གཤིས་ཀུན་སྤྱོད་ལ་གནད་དོན་ཡོད་པའི་རྟགས་རེད། ཕ་མ་རྣམ་གཉིས་ཀྱིས། གྲིབ་མ་དཀར་བའི་གཡང་ཟོག་དེ་དག་ལ་ནོར་ལྷ་དང་། གཡང་འཁྱིལ། གཡང་ཁྲ། ནོར་འཕེལ། བརྒྱ་འཕེལ། སྟོང་འཕེལ། དུང་མཚོ། དུང་འཛི་སོགས་འབོད་པའི་ཐ་སྙད་ཀྱང་བཀྲ་ཤིས་པ་དང་གཡང་ཆགས་པ་རྐྱང་རྐྱང་གིས་གཅེས་གཅེས་བྱས་ཏེ་བོས་དང་འབོད་བཞིན་ཡོད་ལ། དགེ་བཅུ་ཚང་བའི་ལུང་པ་དེ་དག་ལའང་། རྡོ་ལུང་དང་། ན་ལུང་། ལྷོ་ལུང་། སྐྱིད་ལུང་། གཟི་ཆེན། གཟི་ཆུང་། སྤྱང་ཚང་། ཁྲ་ཚང་། དྲེད་ཚང་། སྒང་མ་ཉག སྙི་ས་སོགས་མི་རབས་མང་པོའི་ངག་ནས་བཟླས་པའི་རི་ཆུའི་མིང་རྣམས་སེམས་སུ་བསྒོམས་ཤིང་རྡོག་པས་བཅགས་ཏེ་ཡོང་བ་རེད། ནོར་གནག་རེ་རེའི་བྱུང་རབས་དང་། རི་ཆུ་རེ་རེའི་འཕེལ་འགྱུར་རྣམས་མིའི་རིགས་ཀྱི་ལོ་རྒྱུས་ལྟར། དགའ་སྐྱོ་ཆགས་སྡང་གིས་བསླེས་པའི་གཏམ་རྒྱུད་སྣ་ཚོགས་བཤད་རྒྱུ་ཡོད་པ་ཁྱོད་ཀྱིས་མ་གོའམ། དེས་ན། ཕ་ཚེ་བུ་རབས་ཀུན་ཏུ་བཀའ་དྲིན་ཆེ་བའི་སྣོད་བཅུད་རྣམས་ལོགས་སུ་བཞག་སྟེ། ཐག་རིང་གི་གྲོང་ཁྱེར་ལ་སྤོ་དགོས་ཤེ་ན། ཁོང་གཉིས་ཀྱི་སེམས་ལ་རྨ་ཁ་མི་གཏོད་པ་ག་ལ་སྲིད།
        སྙིང་ཉེ་བའི་ནུ་བོ་ཝེ། ཁྱོད་ཀྱིས་ཀྱང་བསམ་བློ་ཡག་པོ་ཞིག་ཐོངས་དང་། གལ་ཏེ་ཕ་མ་གཉིས་པོ་གྲོང་ཁྱེར་ལ་སྤོས་ན། ད་གཟོད་བློ་བདེ་བག་ཡངས་ཤིག་ཡོང་བ་ཡིན་ནམ། ངས་བལྟས་ན་དེ་འདྲའང་ཡིན་སྲིད་ཀྱི་མ་རེད། གྲོང་ཁྱེར་ནི་ཕྱི་ཚུལ་ནས་བལྟས་ན་སྟབས་བདེ་པོ་དང་། གཙང་སྦྲ་དོད་པོ། ཕུན་སུམ་ཚོགས་པོ་སོགས་དགོས་འདོད་ཐམས་ཅད་ཆར་ལྟར་ཡོད་ངེས་ཀྱང་། དོན་དམ་པར་གཡོ་སྒྱུ་དང་། འབག་བཙོག རྙོག་འཛིང་སོགས་ཀྱིས་ཀུན་ནས་བསྐོར་བསྡད་ཡོད་པ་ང་ཚོ་ཚང་མ་ལ་མྱོང་བ་ཅུང་ཟད་རེ་ཡོད་པ་ཡིན། དེ་བས་ཀྱང་། ཕ་མ་གཉིས་གྲོང་ཁྱེར་ལ་སྤོས་ན། གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཁོང་གཉིས་དང་ཁོང་གཉིས་འདྲ་བ་རྣམས་ལ་མཐོང་ཆུང་དང་། སྐྱོན་བརྗོད། ཟུར་ཟ་སྣ་ཚོགས་བྱས་ཏེ། འབྲོག་པ། ལྐུག་པ། གྲོང་གསེབ་པ་སོགས་ངན་དམོད་ཁོ་ནས་རིགས་གཞན་ཞིག་ཏུ་འདོད་ངེས་ལ། ཅི་བྱས་ཐམས་ཅད་གཞན་ལ་བསྟུན་དགོས་པའི་འཚོ་བ་ནི། དངོས་གནས་སྙིང་པོ་ལྟ་ཅི། ལུས་སེམས་གཉི་ག་དུབ་པའི་རྒྱུ་ཡིན་པས། ཁྱོད་ཀྱིས་ཕ་མ་གཉིས་པོ་རྟག་ཏུ་གཞན་གྱི་ཁ་ངོ་ལ་བལྟས་ཏེ་འཚོ་བ་བསྐྱལ་དུ་འཇུག་འདོད་ཡོད་དམ། ང་ནི་དེ་འདྲ་བའི་འཚོ་བ་ལ་མོས་པ་རྩ་བ་ནས་མེད། དེ་བས། ཕ་མ་གཉིས་སྔར་བཞིན་རང་གི་འདོད་མོས་སུ་གྱུར་པ་རོང་འབྲོག་གི་འཚོ་བ་བསྐྱལ་དུ་བཅུག་སྟེ། ང་ཚོས་དེ་ལ་ཕན་པའི་བྱ་བ་མང་པོས་ཟུར་ནས་བརྒྱན་ན་མི་མཛེས་སམ། ནུ་བོ་ཝེ། ཁ་དཔེར། བྱ་རྒས་ན་ཚང་དྲན། མི་རྒས་ན་ཡུལ་དྲན་ཞེས་པས། ང་ཚོའང་ཇི་ལྟར་ས་མཐའི་རྒྱལ་ཁམས་འགྲིམས་ཀྱང་། མཐའ་མཇུག་གི་ལོག་མལ་ཞིག་ཡོད་དགོས་པ་མ་ཡིན་ནམ།

དྲུག
        ཚེ་རིང་འགྱུར་མེད་ལ་མཚོན་ན། ཁོ་པའི་སློབ་གཉེར་གྱི་སྐལ་བ་བཟང་ཤོས་དུས་ཀྱི་གཞན་དབང་དུ་གྱུར་ཟིན་པ་རེད། ཁོ་པའི་སློབ་གྲོགས་རྣམས་ད་ཆ་སློབ་གྲྭ་ཆེན་མོ་མཐར་ཕྱིན་ལ་ཉེ་ཡོད་ཀྱང་། ཁོ་པ་ནི། སྔར་གྱི་སྦྱངས་འབྲས་ཕལ་ཆེར་འདབ་ཆགས་ཀྱི་ཤུལ་བཞིན་རྗེས་མེད་དུ་གྱུར་ཟིན་ལ། སྦྱང་རྒྱུའི་རིག་ཚན་མང་པོ་ལ་རྨང་གཞིའི་ཤེས་བྱ་ཙམ་ཡང་མེད་པས། ཡང་ཁོ་ལ་གནོན་ཤུགས་མང་པོ་སྤྲད་དེ། ཡག་པོ་སྦྱོངས། ཡག་པོ་སྦྱོངས་ཞེས་སྐུལ་འདེད་གཏོང་དགོས་སམ། ངས་བསམས་ན། ང་ཚོ་མིང་སྲིང་ཐམས་ཅད་ཡི་གེ་ཁོ་ནར་བརྟེན་ཏེ་འཚོ་དགོས་པའི་ངེས་པ་གཏན་ནས་མི་འདུག མ་གཞི་ནས་སྤྱི་ཚོགས་འདིའི་སྟེང་གི་མི་གྲངས་འབོར་ཆེན་ཞིག་ནི། བསྟན་བཅོས་རྩོམ་མཁན་དང་། ཚན་རིག་ལག་རྩལ་གསར་གཏོད་བྱེད་མཁན། དགེ་རྒན་ཆེན་མོ་བ་སོགས་ལ་ཞབས་འདེགས་ཞུ་མཁན་གྱི་ཞིང་པ་དང་འབྲོག་པ། བཟོ་པ་རྐྱང་རྐྱང་རེད་འདུག་ལ། གལ་ཏེ་ཞིང་པ་དང་འབྲོག་པ། བཟོ་པ་སོགས་མེད་ཚེ། མིའི་རིགས་ལ་ཅི་ཞིག་ལྷག་འོས་སམ། ངས་བལྟས་ན་གང་ཡང་ལྷག་གི་མ་རེད། དེས་ན། ཚེ་རིང་འགྱུར་མེད་ཀྱིས་ཞིང་ཕྱུགས་ཀྱི་ཐོན་སྐྱེད་ལག་རྩལ་རྣམས་གོམས་པར་བྱས་ཏེ། མུ་མཐུད་དུ་རྒྱུན་འཛིན་དང་ལག་ལེན་ཐུབ་ན། ཁོ་པ་ཙམ་དུ་མ་ཟད། ང་ཚོ་མིང་སྲིང་སྤྱི་ལ་ཕན་པའི་བྱ་བ་བཟང་པོ་ཞིག་ལེགས་འགྲུབ་བྱུང་བ་དང་གཅིག་པ་རེད། རྒྱུ་མཚན་ནི། ཐོག་མར་ང་ཚོའི་ཉེ་ཤོས་སུ་གྱུར་པའི་ཕ་མ་གཉིས་ལ་བློ་ཕམ་མི་འབྱུང་བའི་ཁར། རང་གི་ཕ་མེས་ཀྱི་ལ་རྒྱའི་ཁ་འཛིན་མི་ཤོར་བ་དང་། གཉིས་ནས་ཡི་གེས་ཟ་མ་སྟེར་ཞེས། ལས་གནས་གཅིག་གི་སྟེང་ལ་མི་གྲངས་སྟོང་ཕྲག་ལྷག་གི་འཚང་ཁའི་ནང་དུ། ཤིན་ཏུ་དཀོན་པའི་དུས་ཚོད་མང་པོ་དོན་མེད་དུ་འཕྲོ་བརླག་གཏོང་མི་དགོས་ཤིང་། གལ་དང་འགག་ལ་ཐུག་དུས། རང་གི་སྤུན་མཆེད་ཉེ་དུ་རྣམས་ཀྱི་མ་མཐའི་འཚོ་ཐབས་ལའང་འགན་བཅོལ་རུང་བ་ཡིན་ཏེ། ད་ལོ་གསར་དུ་ཐོན་པའི་པྲོག་དབྱིབས་ནད་དུག་གི་གནས་ཚུལ་ལ་ལྟོས་དང་། གྲོང་ཁྱེར་པ་རྣམས་ཟས་གོས་སྐོམ་གསུམ་ལ་ཧབ་ཐོབ་བརྒྱབ་རྗེས། འབྲོ་སའི་ཁུང་བུ་མེད་པར་ལུས་ཡོད་ཀྱང་། རང་རེ་ཕ་མ་མིང་སྲིང་རྣམས་ལུང་ཁུག་ཅིག་ཏུ། སྔར་བཞིན་དཀར་དམར་ཟས་ཀྱི་ལོངས་སྤྱོད་དང་ལྷན་དུ་བློ་བདེ་བག་ཡངས་ཀྱིས་འཚོ་བཞིན་ཡོད་པ་མ་ཡིན་ནམ།

        མདོར་ན། ཚེ་རིང་འགྱུར་མེད་ཀྱིས་རོང་འབྲོག་གཉིས་ཀྱི་བྱ་བ་ཁུར་དུ་བླངས་ཏེ། ཕ་མ་མིང་སྲིང་རྣམས་ལ་སྲི་ཞུ་སྒྲུབ་བཞིན་ཡོད་ན། ང་ཚོས་བསྒྲུབ་དགོས་པའི་བྱ་བ་གཅིག་པུ་ནི། རྩིས་དང་ཡི་གེ་ལེགས་པར་བསླབས་ཏེ། སྐྱིད་སྡུག་མཉམ་མྱོང་བྱ་དགོས་པ་ལས། ཕ་མས་གཅེས་ཕྲུག་འཕགས་ཡུལ་དུ་ཆོས་ཞུ་བ་བཏང་། གཅེས་ཕྲུག་གིས་བལ་ཡུལ་དུ་བྲོ་འཁྲབ་བཞིན་བསྡད་པའི་དཔེ་རུ་སོང་ན། མི་ཚེ་ལས་གཏམ་ཚེ་རིང་བའི་ལོ་རྒྱུས་སུ་འགྲོའོ། །

སྔོན་ཆད་ཁྱོད་ལ་ཕུགས་བསམ་ཅི་ཡོད་ངས་མང་པོ་ཞིག་དྲིས་མྱོང་མེད་མོད། ཁྱོད་རང་མཐོ་རིམ་སློབ་འབྲིང་དུ་ཚུད་པ་ནས་བཟུང་། ནར་སོན་རྗེས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམག་མི་ཞིག་བྱེད་འདོད་པའི་གཏམ་གོ་ཐོས་བྱུང་ལ། དེ་ནི་ཁྱོད་ཀྱི་ཕུགས་བསམ་ཡིན་ཚུལ་སློབ་གྲོགས་དང་དགེ་རྒན་གྱི་མདུན་དུ་སྤོབས་པ་ཆེན་པོས་བཤད་མྱོང་ཚུལ་ངས་ཀྱང་གོ་ཐོས་བྱུང་། མི་ཞིག་ལ་ཕུགས་བསམ་ཡོད་པ་ནི། དོན་བཟང་པོ་ཞིག་རེད་ལ། ཁྱོད་ལ་ཕུགས་བསམ་ཡོད་པ་ནི། ང་ཚོ་ཕ་མ་མིང་སྲིང་རྣམས་དགའ་འོས་པ་ཞིག་རེད། སྙིང་ཉེ་བའི་གཅུང་པོ་ཝེ། ཁྱོད་ཀྱིས་རང་གི་ཕུགས་བསམ་དེ་ཉིད་སྟོང་བསམ་དུ་མ་བཞག་པར་འབད་བརྩོན་བྱེད་བཞིན་ཡོད་ངེས་ན། ང་རང་དགའ་ཚོར་ཚད་མེད་སྐྱེ་གི་འདུག དེ་བས་ཁྱོད་ལ་ཕུགས་བསམ་ཞིག་ཡོད་པར། ངས་དེ་ཉིད་མངོན་དུ་འགྱུར་རྒྱུའི་བཀྲ་ཤིས་སྨོན་འདུན་ཞུ་གི་ཡིན།
        ཁྱོད་ལ་ཕུགས་བསམ་གང་དང་ཅི་ཞིག་ཡོད་ཀྱང་། གལ་ཏེ་ཕུགས་བསམ་དེ་ཉིད་མངོན་དུ་གྱུར་པའི་དབང་དུ་བཏང་ན། དེ་ཡི་ནུས་པས། ཁྱོད་རང་སྒེར་དང་། ཡང་ན་ཁྱིམ་ཚང་། ཡང་ན་མི་རིགས། ཡང་ན་རྒྱལ་ཁབ། ཡང་ན་མིའི་རིགས་ལ་ཕན་པའི་བྱ་བ་ཞིག་དང་། བྱེད་པ་པོ་ཞིག་ཡིན་ན། ཕུགས་བསམ་དེ་ནི་དོན་སྙིང་ལྡན་པ་ཞིག་རེད་ལ། ཁྱེད་རང་ཡང་དོན་སྙིང་ལྡན་པའི་སྐྱེས་བུ་ཞིག་ཏུ་འགྱུར་ངེས། ཧ་ཧ། གཅུང་པོ་ཝེ། ང་ཚོས་ཁྱོད་ཀྱི་དགའ་ཕྱོགས་སུ་གྱུར་པའི་ལོ་རྒྱུས་རིག་པའི་ཤེས་བྱ་མདོ་ཙམ་ཞིག་འཆད། དེ་ཡང་ས་ལྒང་རིལ་མོ་འདི་ཉིད་ལེགས་པར་གྲུབ་ནས་ད་བར་ལོ་ཡི་འཁོར་མོ་དུང་ཕྱུར་ཞེ་དྲུག་ཙམ་ཕྱིན་པ་དང་། སེམས་ཅན་དང་རྩྭ་རྩི་གང་ཡིན་ཡང་། ཚེ་དང་སྲོག་ཡོད་དོ་ཅོག་ལ་ཐུན་མོང་གི་མེས་པོ་སྟེ། སྐྱེ་བའི་ཆོས་ཅན་གཅིག་ལས་མེད་ཀྱང་། གཅིག་པུ་དེ་ཉིད་ཀྱི་རྗེས་ཤུལ་རྙེད་དུ་ཡོད་པའི་ལོ་རྒྱུས་ནི། མིག་སྔར་ལོ་ངོ་དུང་ཕྱུར་སོ་གཉིས་ཡན་ཡིན་ཞེས་དང་། དེ་གཉིས་ལས་ཐོག་མར་སེམས་མེད་ཀྱི་ཚེ་སྲོག་རྩྭ་རྩི་སྔོན་དུ་བྱུང་ལ་དེའི་འཕེལ་འགྱུར་གྱི་ཆོས་ཉིད་ལས་སེམས་ཅན་གྱི་ཚེ་སྲོག་རིམ་པས་བྱུང་ཞེས་དེང་རབས་དཔྱོད་འཇུག་པའི་གཏམ་དུ་གྲགས། མིའི་རིགས་བྱུང་ནས་ད་བར་ལོ་ངོ་ཁྲི་ཚོ་ལྔ་ཙམ་གྱི་ལོ་རྒྱུས་ལས་མེད་ཀྱང་། དུས་དེ་ནས་བཟུང་། ད་བར་དུ་མི་ཡི་འགྲོ་བ་དུ་ཙམ་ཞིག་སྐྱེ་འཆི་བྱུང་ཡོད་པ་ང་ཚོ་སུས་ཀྱང་བཤད་དུ་མེད། དོན་དངོས་ཐོག་ཏུ། མིའི་རིགས་ཀྱི་ལོ་རྒྱུས་ནི། ཡི་གེའི་བསྟན་པ་དར་བ་ནས་བཟུང་མགོ་ཚུགས་པ་ཞིག་རེད་མོད། མི་ཡི་རིགས་སུ་སྐྱེས་སོ་ཅོག་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་ཐབས་མེད་པ་ངས་ཀྱང་འགྲེལ་བཤད་བྱ་མི་དགོས། འོ་ན། ལོ་རྒྱུས་ཐོག་ཏུ་བྱུང་བའི་མི་གྲངས་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ཞིག་གང་དུ་བུད་སོང་བ་ཡིན་ནམ། ཁོང་ཚོའང་འཇིག་རྟེན་འདིའི་ཐོག་ཏུ་སྐྱེས་ཤིང་འཚོས་པ་དང་། མཐའ་མཇུག་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང་བ་མ་ཡིན་ནམ། འོན་ཀྱང་། ཁོང་ཚོ་འཇིག་རྟེན་འདིར་སྐྱེས་ཤིང་འཚོས་པའི་རྟགས་དང་རྒྱུ་མཚན་གང་འདུག་གམ། གང་ཡང་མཐོང་དུ་མི་འདུག་གོ། ། ང་ཚོར་མཐོང་དུ་ཡོད་པ་ནི། བརྒྱ་ཆའི་བརྒྱ་ཐམ་པ་ལས། བརྒྱ་ཆའི་གཅིག་ཁོ་ནའི་མི་རྣམས་འཇིག་རྟེན་འདིར་སྐྱེས་ཤིང་འཚོས་པའི་དཔང་རྟགས་ཙམ་ལས་རྙེད་དུ་མེད། དེས་ན། ལོ་རྒྱུས་ནི་ནམ་ཡང་བྱས་པ་ཅན་གྱི་སྐྱེས་བུ་རྣམས་ལ་དབང་བ་ཡིན་གྱི། མི་རུ་སྐྱེས་པ་ཐམས་ཅད་ལོ་རྒྱུས་ཀྱི་མི་སྣ་ཡིན་པའི་ངེས་པ་མེད་དོ། ། སྙིང་ནས་བརྩེ་བའི་ལོ་རྒྱུས་པ་ཆུང་ཆུང་ལགས། ཁྱོད་ཀྱིས་ལོ་རྒྱུས་ཀྱི་ཤེས་བྱ་སྤང་བླང་འཇུག་ལྡོག་ལེགས་པར་བྱས་ཏེ། ཁྱོད་ཀྱང་ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་འགྱུར་རྒྱུར་རྟག་ཏུ་བརྩོན་པ་སྐྱེད་བཞིན་ཡོད་དམ། ཡོད་ན། ངས་ཀྱང་ཁྱེད་རང་ལོ་རྒྱུས་ཐོག་གི་སྐྱེས་བུ་ཆེན་པོ་ཞིག་ཏུ་འགྱུར་བའི་སྨོན་ལམ་ད་ལྟ་ཉིད་ནས་འདེབས་སོ། །

བརྒྱད།

        མེས་པོ་གོང་མ་རྣམས་ཀྱི་ལེགས་བཤད་དུ། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྐྱལ་སྦེ་གསུམ་སྡེ་དགུ་ནི། ཕོ་རྩལ་སྣ་དགུ་ཡིན་ཟེར། དེ་ཡང་མདོར་བསྡུས་ན། སྐྱེས་པའི་མི་ལ་དཔའ་བ་དང་མཛངས་པ་གཉིས་ལྡན་ན། སྐྱེས་པའི་མཆོག་ཏུ་གྱུར་པར་འདོད། དཔའ་བ་ནི་དྲག་པོ་གཡུལ་གྱི་ལས་སྣེ་འཛིན་པ་དམག་མི་ལྟ་བུའོ། །མཛངས་པ་ནི། རྩིས་དང་ཡི་གེའི་ལས་བྱེད་པ་མཁས་པ་ལྟ་བུའོ། །ཁྱོད་ཀྱི་ཕུགས་བསམ་ནི། དཔའ་བའི་ལས་བྱེད་མཁན་ཡིན་པས། ཉེ་བའི་དུས་སུ། ཁྱོད་ཀྱིས་དུས་ཚོད་མང་པོ་སྤྱད་དེ། ལུས་ཀྱི་ཤེད་རྩལ་སྦྱོང་གི་ཡོད་པའི་གཏམ་ཡང་གོ་ཐོས་བྱུང་། དངོས་གནས་བྱས་ན། ཁྱོད་ཀྱིས་ཕུགས་བསམ་མངོན་དུ་འགྱུར་ཕྱིར་འབད་བརྩོན་དེ་ལྟ་བུ་བྱས་ན་ནོར་འཁྲུལ་ག་ལ་ཡིན་ཏེ། མ་ཡིན་ནོ། །ཁྱད་པར་ལུས་སྦྱོང་རྒྱུན་འཁྱོངས་བྱས་ན། རང་གི་གཟུགས་པོ་བདེ་བར་འཚོ་ཐུབ་ཅིང་། གཟུགས་པོ་བདེ་བར་གནས་ན། ད་གཟོད་ལས་དང་བྱ་བ་ཀུན་ལ་འཇུག་ཐུབ་པས་སོ། །
        ཡིན་ན་ཡང་། ད་ལྟའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མ་འོངས་པར་འཕོ་འགྱུར་ཅི་འདྲ་ཡོང་བར་ཚོད་དཔག་རེ་བྱོས་དང་། དཔའ་བའི་དཔུང་དང་དྲག་པོའི་ཤེད་ཀྱིས་བཙན་པོ་གཉའ་ནས་མནན་ཅིང་ཉམ་ཆུང་མཐའ་ནས་བསྐྱངས་ལ་བདེན་པའི་རྒྱབ་རྩ་ཡོང་ངམ། ང་རང་གིས་བསམས་ན་དེ་ཡང་ཁག་པོ་རེད། ད་ལྟའི་དུས་ཙམ་མ་ཟད། མ་འོངས་པ་ལའང་། ཡི་གེ་ཅན་གྱི་སྐྱེས་བུས་ལག་རྩལ་ལ་ཁ་ལོ་བསྒྱུར་ཐུབ་ཅིང་། ལག་རྩལ་ཅན་གྱི་སྐྱེས་བུས། དཔལ་འབྱོར་གྱི་ཁ་ལོ་བསྒྱུར་ཐུབ་ལ། སུ་ཞིག་གིས་དཔལ་འབྱོར་གྱི་ཁ་ལོ་བསྒྱུར་ཐུབ་ན། དེས་ནི། སྐད་དང་ཡི་གེ་སོགས་དབང་དུ་བསྒྱུར་ཏེ། མཐར་རིག་གནས་ཀྱང་དབང་དུ་བསྒྱུར་འགྲོ་བ་ཡིན། དེས་ན། ད་ཆ་དཔའ་མཛངས་གཉིས་ལས། མཛངས་པ་དང་པོ་དང་། དཔའ་བ་གཉིས་པ་ཡིན་པས། མཛངས་པའི་ལས་ཏེ། རྩིས་དང་ཡི་གེ་ལ་བསླབ་པ་སློབ་གཉེར་ལེགས་པར་བྱས་ཐོག དཔའ་བའི་ལས་ཀྱང་དོན་དུ་གཉེར་ན། ཁྱོད་ཀྱི་ཕུགས་བསམ་མངོན་དུ་འགྱུར་བའི་རེ་བ་ཆེ་ལ། དེ་ལྟར་མངོན་དུ་གྱུར་ན། དོན་གྱི་ཆོད་ཀྱང་རང་བཞིན་གྱིས་ཆེ་བ་ཡིན། ནུ་བོ་ཝེ། ཁྱོད་ཀྱིས་ཀྱང་ཡབ་མེས་རྣམས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱོས་དང་། ཕ་ཚེ་བུ་རབས་མང་པོའི་རིང་ལ། གནམ་སྲོང་བཙན་སྒམ་པོ་དང་ས་སྲོང་བཙན་སྒམ་པོ་ཞེས་ངག་ནས་ངག་དང་། སྙན་ནས་སྙན་བརྒྱུད་དེ་ཡོང་དོན་གྱི་རྩ་བ་ཡང་དམ་པ་དེ་ཉིད་ཀྱིས་དཔའ་བའི་ལས་ཁོ་ན་དོན་དུ་གཉེར་བས་མ་ཡིན་པར། མཛངས་པ་རྩིས་དང་ཡི་གེ་ལ་རག་ལས་པ་ཡིན་ཏེ། བོད་ལ་སྔ་ན་ཡི་གེ་མེད་པར། བཙན་པོ་དེའི་རིང་ལ་གསར་དུ་བཏོད་ནས། གཙུག་ལག་དང་བཀའ་ཁྲིམས་ཀྱི་གཞུང་བཟང་པོ་མཛད། མཐོང་རྒྱ་དང་ཐོས་རྒྱ་འཛམ་གླིང་ལ་བསྲིངས། འབངས་ཀྱི་མཐོ་དམའ་བསྙམས། མཛངས་པ་ལ་བསྟོད། དཔའ་བ་ལ་བཀུར། ལེགས་བྱས་ལ་བྱ་དགའ། ཉེས་བྱས་ལ་ཆད་པ་བཅད་པས། བླ་ན་རྗེ་སྒམ་པ་ཁྲི་སྲོང་བཙན་ནོ་ཞེས་མི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་ནས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་འདུག་པས་སོ། །
        སྤྱིར་ན་དམག་མི་ནི་རང་སྲོག་དམར་པོ་འབེན་ལ་བཞག་སྟེ། དམངས་ཀྱི་ཕན་བདེ་སྲུང་མཁན་ཞིག་ཡིན་པས། དམག་མིའི་བྱ་བའང་རླབས་ཆེན་གྱི་བྱ་བ་ཞིག་རེད། ཡིན་ན་ཡང་། ད་ཆ་མང་པོ་ཞིག་གི་སྣང་ངོར། དམག་མི་རྣམས་ནི། དྲག་པོ་གཡུལ་གྱི་ལས་བྱེད་ནུས་པ་ཙམ་ལས། རྩིས་དང་ཡི་གེར་བསླབ་མི་དགོས་པའམ་གནད་དེར་ཡོངས་སུ་རྨོངས་པར་འདོད་ཀྱིན་ཡོད་པས། ཁྱོད་ཀྱིས་ཀྱང་དམག་གི་ལས་ནི་ཤིན་ཏུ་སླ་བར་མཐོང་ཞིང་། རྩིས་དང་ཡི་གེ་མ་བསླབས་པར་བསྡད་ན། ཤིན་ཏུ་འཁྲུལ་བའི་རྟགས་ཏེ། དེ་ཙམ་གྱིས་དམག་མིའི་ལས་སུ་རུང་ཡང་། ཁྱོད་ནི་ནམ་ཡང་ལུས་ཤུགས་ཁོ་ན་དོན་དུ་གཉེར་ནུས་པའི་དམག་མི་དཀྱུས་མའི་དཀྱུས་མ་དང་། ཕལ་བའི་ཕལ་བ་ཞིག་ལས། ནང་བསམ་པའི་གོ་ཆ་བཙན་ཞིང་། ཚོགས་ཀྱི་དབུས་དང་གཙོ་བོ་ཞིག་ཏུ་འགྱུར་རྒྱུའི་སྐལ་བ་མེད་དོ། །བདག་གིས་གོང་དུ་བཤད་པ་ལྟར། མ་འོངས་པ་ནི། ཡི་གེ་དང་རྩིས་ལ་བརྟེན་པའི་ལག་རྩལ་གྱིས་ཁ་ལོ་བསྒྱུར་དགོས་ཀྱི། དཔའ་དང་ཕོ་ཤེད་ཁོ་ན་ཙམ་གྱིས་ཅི་ཡང་འགྲུབ་མི་ནུས་པ་ཡིད་ལ་འཇགས་རོགས། དེ་ཙམ་དུ་མ་ཟད། སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་སྤྲོད་ནའང་ཡིག་ཚད་ཀྱི་སྐར་གྲངས་ཁོ་ནས་ཐག་གཅོད་པ་ལས། ཕོ་ཤེད་དང་ལུས་སྟོབས་ཀྱིས་གང་ཡང་མི་ནུས་པའང་སེམས་སུ་ཞོག བརྩེ་བའི་དམག་མི་ཆུང་ཆུང་ལགས། ཁྱོད་ཀྱི་དཔའ་མཛངས་གཉིས་ལ་བདག་གིས་ནམ་ཡང་ཡི་རང་ཞུ་བཞིན་ཡོད། དཔའ་མཛངས་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས། ནམ་ཞིག་གཟི་བརྗིད་ཀྱི་རྒྱལ་རྔ་ས་སྟེང་འདི་ནས་བསྒྲགས་བྱུང་ན། ང་ཚོ་ཕ་མ་མིང་སྲིང་རྣམས་ཀྱིས་སྤོབས་པའི་མགོ་བོ་འདེགས་བཞིན། དགའ་བའི་མཆི་མ་འབྱིད་བཞིན། ཁྱོད་ལ་དགའ་སྤྲོའི་ཐལ་མོ་བརྡབ་ཆོག

དགུ།
        མི་ཞིག་གིས་མི་ཚེ་གང་བོར་དཔེ་ཆ་བལྟས་ཀྱང་། བསམ་བློ་ལ་ཡར་སྐྱེད་དང་སྤྱོད་པ་ལ་ལེགས་བཅོས་མེད་ན། མི་དེ་ནི་དུས་ནམ་ཡང་ཡི་གེའི་བྲན་གཡོག་ཡིན་པ་ལས། ཡི་གེ་ལ་དབང་སྒྱུར་ཐུབ་པའི་ཀློག་པ་པོ་ཞིག་གཏན་ནས་མ་རེད། སློབ་མ་ཞིག་དུས་ཡུན་རིང་པོར་སློབ་སྦྱོང་བྱས་ཀྱང་། བསམ་བློ་ལ་འགན་འཁྲི་དང་སྤྱོད་པ་ལ་རང་འགུལ་མེད་ན། སློབ་མ་དེ་ཡང་སློབ་ཁང་ནང་དུ་འཚོ་བའི་བཙོན་པ་ཞིག་ཡིན་པ་ལས། རིག་པ་ལ་དགའ་ཞིང་ཤེས་རབ་ལ་མོས་པའི་སློབ་གཉེར་པ་ཞིག་རྩ་བ་ནས་མ་རེད། དེས་ན། ཁྱོད་ཀྱིས་བལྟས་བལྟས་ཐམས་ཅད་རང་རྒྱུད་ལ་སྨིན་ཅི་ཐུབ་དང་། སྦྱངས་སྦྱངས་ཐམས་ཅད་ལག་ལེན་ལ་བསྟར་གང་ཐུབ་བྱས་ཏེ། ལམ་ལོག་མགོ་རྨོངས་སུ་མ་གྱུར་པ་ཞིག་བགྱི་བ་ལས། བོང་བུའི་རྣ་ཅོག་གསེར་དང་། ཞབས་བརྡོལ་པའི་སྣོད་ཀྱི་དཔེ་རུ་འགྲོ་མི་ཉན། རྒན་རབས་པ་ཚོས་ཀྱང་། རྒྱུད་ཐོག་ཏུ་མ་འཁེལ་བའི་ཐ་སྙད་ལ་ལྕེ་སྦྱང་པ་ནི། ནེ་ཙོས་ཁ་ཏོན་བྱས་པ་དང་འདྲ་སྟེ་དོན་མེད་གསུངས། ཁྱོད་ཀྱི་གཡས་གཡོན་དུ། གཏམ་འདི་ཞེས་སྨྲ་མཁན་ཡང་ཡོད་སྲིད་དེ། “ང་ཨང་རྩིས་ལ་དགའ་པོ་མེད། བྱས་ཙང་ངས་ཨང་རྩིས་བློས་བཏང་བ་ཡིན།” “ང་དབྱིན་ཡིག་སྦྱང་རྒྱུར་དགའ་པོ་མེད། བྱས་ཙང་ངས་དབྱིན་ཡིག་སྦྱོང་གི་མེད།” ཅེས་པ་ལྟ་བུའོ། །ལས་དང་བྱ་བ་གང་ཡིན་ཡང་། དེ་ནི་རང་ལ་མཚོན་ན་རང་འགུལ་ཡིན་དང་གཞན་བཀོལ་ཡིན་ལེགས་པར་བརྟག་དགོས།


        རང་གི་ནུས་པས་རིག་ཚན་མ་ལུས་ཀྱི་དོན་རྣམས་ཁོང་དུ་ཆུད་དེ། བློས་བཏང་བའམ་མ་སྦྱངས་པ་ན་རང་འགུལ་རེད། དེ་འདྲ་བ་ཡིན་ན། སྤོབས་པ་ཆེན་པོས། ད་ནས་རིག་ཚན་འདི་སྦྱོང་གི་མིན་ཞེས་བཤད་ན་ཆོག་མོད། མང་པོ་ཞིག་ནི་གཞན་བཀོལ་འབའ་ཞིག་སྟེ། ཨང་རྩིས་སྦྱངས་ན་ཨང་རྩིས་མི་ཤེས། དབྱིན་ཡིག་སྦྱངས་ན་དབྱིན་ཡིག་མི་ཤེས་པའི་ཁར། ད་དུང་ངས་དེ་དག་བློས་གཏོང་བྱས་པ་ཡིན་ཟེར་ན། རང་གི་མ་རིག་པ་གཟི་བརྗིད་དུ་རློམ་པའི་རྟགས་མ་རེད་དམ། ཁོ་པ་ཚོས་རིག་ཚན་དེ་དག་གི་དོན་ཡོངས་སུ་ཤེས་ཏེ་བློས་གཏོང་བྱས་པ་ག་ལ་ཡིན་ཏེ། རིག་ཚན་དེ་དག་གིས་ཁོ་པ་ཚོ་ཚུར་བློས་གཏོང་བྱས་པ་ཁོ་ནའོ། ། དེས་ན། ཁྱོད་ཀྱིས་གཞན་དཔེ་རང་ལ་བླངས་ཏེ། བློས་གཏོང་བྱས་ན་འོས་པའི་རིག་ཚན་གང་འདུག་བསམ་བློ་ཞིག་ཐོངས། ལེགས་པར་བསམས་ན། ད་ལྟ་རིག་ཚན་ཚང་མ་ཡག་པོ་བྱས་ཏེ་སྦྱང་རྒྱུ་ཡིན་པ་ལས། བློས་གཏོང་བྱ་རྒྱུའི་རིག་ཚན་ཞིག་ཧ་ལམ་ཡོད་ཀྱི་མ་རེད། སློབ་གཉེར་པ་ཞིག་ལ་མཚོན་ན། ཐམས་ཅད་བསླབ་རྒྱུ་ཡིན་པ་ལས། བློས་གཏོང་བྱ་རྒྱུ་གང་ཡང་མེད་དོ། །རིག་པ་དང་ཤེས་རབ་ལ་དགའ་བའི་ནུ་བོ་ཝེ། ཁ་དཔེར། ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་རེད་ཟེར་བས། གང་དང་ཅི་ལའང་ལེགས་པར་སྦྱང་རྒྱུའི་སྙིང་སྟོབས་དང་ཡིད་ཆེས་ཡོད་དགོས།
        དེ་བཞིན་དུ། ཡང་འགའ་ཞིག་གིས་ཁྱོད་ལ་འདི་སྐད་འདྲི་བའང་སྲིད་དེ། “བདག་གི་ཨ་ཕའི་མོ་ཊxxརྟགས་ཅན་རེད། ཁྱོད་ཀྱི་ནང་ལ་མོ་ཊ་གང་ཡོད།” “ངའི་གཅེན་པོས་སྒོར་སྟོང་ལ་རི་བའི་གྱོན་པ་མ་གཏོགས་མི་གོན། ཁྱོད་ཀྱི་གཅེན་པོས་ཅི་འདྲ་གོན།” “ངས་མོ་ཊ་དང་གྱོན་པའི་མཚོན་རྟགས་འདི་དང་འདི་སོགས་ཤེས། ཁྱོད་ཀྱིས་དུ་ཤེས།”ཞེས་པ་ལྟ་བུའོ། ། ནུ་བོ་ཝེ། རང་རེའི་ཕ་མ་གཉིས་པོ་གདོད་ནས་དབང་དང་འབྱོར་བ་ལྡན་པའི་བཟའ་ཚོ་ཞིག་མིན་པ་དོན་དངོས་རེད་ལ། གོང་དུ་དྲངས་པའི་དྲི་བ་དེ་དག་ཁྱོད་ཀྱིས་ལན་ལྡོན་མི་ནུས་པ་གཅེན་པོར་གྱུར་པ་བདག་གིས་ལོས་ཀྱང་ཤེས། ཡིན་ན་ཡང་། དེ་ཙམ་ལ་ལན་ལྡོན་མ་བཏུབ་པས་ཁྱོད་རང་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར་དོན་མི་འདུག་སྟེ། ཕ་མ་གཉིས་པོ་ཇི་ལྟར་འུ་ཐུག་ཐབས་ཟད་དུ་གྱུར་ཀྱང་། རང་གི་ཡང་དག་པའི་འབད་རྩོལ་ལ་བརྟེན་ནས། ཤ་ལས་སྐྱེས་པའི་བུ་ཕྲུག་སུ་ལ་ཡང་འཁྱགས་ལྟོགས་ཀྱི་སྡུག་བསྔལ་མྱང་དུ་མ་བཅུག་པར། བདེན་པའི་ཟས་ནི་བསྟབས། གཙང་མའི་གོས་ནི་གཡོགས། དགེ་བའི་ལམ་ནི་བསྟན། སྡུག་བསྔལ་ནི་བསལ། བདེ་སྐྱིད་ནི་བསྒྲུབས་ཏེ་མི་མཉམ་པ་དང་མཉམ་པར་བྱས། མི་མཚུངས་པ་དང་མཚུངས་པར་བྱས་གདའ་བས་སོ། ། དེ་ལྟ་བུའི་དྲི་བ་འཕེན་མཁན་གྱི་སློབ་གྲོགས་ལ། ཁྱོད་ཀྱིས་ལྡོག་འདྲི་བྱས་ན་རིགས་ཏེ། “ངའི་ཨ་ཕས་ལོ་རེར་འབུམ་རྒྱས་འབྲིང་བསྡུས་གསུམ་ཚར་རེ་ཀློག་གི་རེད། ཁྱོད་ཀྱི་ཨ་ཕས་ཅི་ཞིག་ཀློག་གི་རེད།” “ངའི་ཨ་མས་མི་ལའི་རྣམ་མགུར་དང་། ཀུན་བཟང་བླ་མའི་ཞལ་ལུང་། ལམ་རིམ་ཆེན་མོ་སོགས་རྟག་ཏུ་ཀློག་གི་ཡོད་ལ། གླིང་གེ་སར་གྱི་སྒྲུང་དཔེ་དང་། ལྷ་མོའི་འཁྲབ་གཞུང་བརྒྱད་སོགས་མ་བཀླགས་པ་ཧ་ལམ་མེད། ཁྱོད་ཀྱི་ཨ་མས་དཔེ་ཆ་ཅི་ཞིག་ཀློག་གི་རེད།” “ངས་ལོ་རྒྱུས་ཐོག་གི་སྐྱེས་བུ་ཆེན་པོ་འདི་དང་འདི་སོགས་ཀྱི་རྣམ་ཐར་བཀླགས་མྱོང་། ཁྱོད་ཀྱིས་སུ་དག་གི་རྣམ་ཐར་བཀླགས་སམ།”ཞེས་པ་ལྟ་བུའོ། །དེ་ལྟར། ཟས་གོས་ཙམ་གྱི་འབྱོར་བ་ཟང་ཟིང་ལ་འགྲན་བཟོད་པ་མ་ཡིན་ཚེ། ཁྱོད་རང་ནམ་ཡང་ཁ་སྟབས་ཞན་པའི་ཐབས་ཆག་ཅིག་ཏུ་གྱུར་སོང་བ་མ་རེད་དེ། ཕོ་སུ་ངར་དང་། བུ་སུ་རྒོད་ཀྱི་རྒྱལ་ཕམ་ཐབས་དང་ཤེས་རབ། རིག་དང་མ་རིག རང་གིས་ནུས་དང་མ་ནུས་ཀྱིས་འབྱེད་དགོས་པ་ཡིན་གྱི། གཞན་གྱི་ཕུན་ཚོགས་རང་གི་རྒྱལ་ཁར་བརྩི་བ་ནི། ད་གཟོད་འ་ཆད་འུ་ཐུག་ཏུ་གྱུར་པའི་བྱབ་ཆུང་ཀླད་མེད་ཅིག་གི་རང་རྟགས་ཡིན་པ་ཡིད་ལ་ཞོག་ཅིག
        དོན་ལ། མེས་པོ་བཀའ་དྲིན་ཅན་གྱི་གཏམ་དུ། ཆོས་གཤའ་མ་གཅིག་བྱེད་པ་ལ་གྲོགས་བཟང་པོ་གལ་ཆེ། ཐ་མ་ཞིག་གྲོགས་བཟང་པོ་དང་འགྲོགས་ཀྱང་འབྲིང་ཙམ་ལས་མི་ཡོང་བ་དང་། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མ་འགྲོ་བ་ལ་ཚེགས་མེད་གསུངས། ཇི་སྐད་གསུངས་པ་དེ་ལྟར། བསླབ་པ་སློབ་གཉེར་གྱི་ལམ་པོ་ཆེར། དགེ་བའི་གྲོགས་པོ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བ་ཡིན་པས། མཚམས་འདི་ནས། མེས་པོ་གོང་མ་རྣམས་ཀྱི་ལེགས་བཤད་གསེར་གྱི་ཕྲེང་བ་རྣམས་དཀྱུས་སུ་བཟུང་སྟེ། ཁྱོད་ལ་གྲོགས་པོ་བཟང་ངན་གྱི་གཏམ་མདོར་བསྡུས་ཤིག་གླེང་། དེ་ཡང་གྲོགས་བཟང་པོ་གསེར་གྱི་སྦྲམ་བུ་དང་འདྲ་བ་དེ་རང་ལ་འགོ་བར་དཀའ། གྲོགས་ངན་སྦུར་མ་དང་འདྲ་བ་དེ་བགས་ཀྱིས་འགོ། གྲོགས་བཟང་བསྟེན་པར་དཀའ་སྟེ། འཕྲལ་དུ་རྩུབ་པ་སྨན་བཞིན་ནོ། ། གྲོགས་ངན་བསྟེན་པར་སླ་སྟེ། འཕྲལ་དུ་འཇམ་པ་དུག་བཞིན་ནོ། །གྲོགས་བཟང་གསེར་གྱི་སྦྲམ་བུ་འདྲ་བ་དེ། འཕྲལ་དུ་འདྲིས་པར་དཀའ་ཡང་ཕུགས་སུ་ཕན་པའི་སྨན་ཡིན། གྲོགས་ངན་སྦུར་མ་འདྲ་བ་དེ་འཕྲལ་དུ་སྙིང་ཉེ་ཉེ་འདྲ་མོད་ཕུགས་སུ་གནོད་པའི་དུག་ཡིན། གྲོགས་བཟང་ཤ་ཚ་ཅན་ཕུགས་ལ་ཕན་པའི་ཐབས་བསྒྲུབ། གནོད་པའི་གེགས་བཟློག སྐྱིད་སྡུག་མཉམ་དུ་མྱོང་། གྲོགས་ངན་ཤ་ཚ་དང་བྲལ་བ་དེས། ཕན་ཐོགས་པའི་དུས་བྱུང་ཡང་མི་འདོགས། གནོད་བཟློག་པའི་ཐབས་བྱུང་ཡང་མི་བཟློག་པར། བྱ་ལས་མཐོང་ན་བྱི་སོ། བྱི་ལས་མཐོང་ན་གཤོག་པ་ཞེས་པའི་དཔེ་ལྟར། སྐྱིད་ཅིག་འདུག་ན་ང་ཡིན། སྡུག་ཅིག་འདུག་ན་ང་མིན་ཟེར་མཁན་གྱི་ཕ་ཝང་དང་འདྲ་བས། འཇིག་རྟེན་ཆོས་དང་མཐུན་པའི་གྲོགས་པོ་རྣམས་ལ་ཇི་ལྟར་རྒན་རྒོན་རྣམས་ཀྱིས་འཁར་བ་ལ་བརྟེན་པ་དེ་ལྟར་ཡུན་དུ་བསྟེན་དགོས་ཞེས་གསུངས་ལ། མགོ་ནག་བོད་ཀྱི་ཁ་དཔེར། ཙག་དང་བསྡེབས་ན་དམར། རམས་དང་བསྡེབས་ན་སྔོ་ཞེས་པས། གྲོགས་པོ་ནི་ཁ་དོག་དཀར་དམར་གྱི་ཚོན་དང་འདྲ་སྟེ། གང་དང་འགྲོགས་ཡུན་རིང་བ་དེའི་ཁ་དོག་ཏུ་འགྲོ་བ་ལགས། དེས་ན་སྙིང་ཉེ་བའི་གཅུང་པོ་ཝེ། ཁྱོད་ཀྱིས“ཨང་རྩིས་བློས་གཏོང”བྱེད་མཁན་རྣམས་དང་། “དབྱིན་ཡིག་ལ་དགའ་པོ་མེད”ཟེར་མཁན་ཚོ་དང་། “མོ་ཊ་དང་གྱོན་པ་གླེང་མཁན་གྱི”ཚོགས་པ་དང་གཏན་དུ་གྱེས་ཏེ། བློ་སྣ་ཉུང་ཞིང་རང་ཚུགས་ཐུབ་ལ། མི་གཤིས་བཟང་ཞིང་རྩིས་དང་ཡི་གེར་མོས་པའི་གྲོགས་པོ་གསེར་གྱི་སྦྲམ་བུ་དེ་འདྲ་ཡོད་པར་གྱུར་ན་གཅེས་སུ་ཟུངས་ལ། མེད་ཀྱང་ཡུན་གྱིས་རྙེད་ངེས་པའི་སྨོན་ལམ་འདེབས་འོས་སོ། །

བཅུ།

        ཡི་གེ་མང་པོ་འདི་འདྲ་བཀླག་ཡོང་དུས། ཁྱོད་རང་དཀའ་ལས་ཏོག་ཙམ་ཁག་ཡོད་ངེས། ད་ནི་ཕྱི་གླིང་པའི་གཏམ་རྒྱུད་ཅིག་ལས་འཕྲོས་ཏེ། འཕྲིན་ཡིག་འདིའི་མཇུག་བསྡུ་བར་བྱ། ཇི་སྐད་དུ། ཚང་ཚིང་རབ་ཏུ་སྟུག་ཅིང་རྩྭ་རྩི་ཤིན་ཏུ་རྒྱས་ལ། སྤངས་དང་ན་ཁས་མཐའ་ནས་བསྐོར་བསྡད་པའི་ཡུལ་ལྗོངས་ཤིག་ན། ཤྭ་བ་ཞིག་དང་སེང་གེ་ཞིག་འཚོ་ཞིང་གནས་པར་བཤད། ས་སྲོད་རེ་རེའི་སྐབས་སུ། གཉིས་ཀ་དབུགས་ཧལ་ཧལ་དང་། འདར་ཕྲིལ་ཕྲིལ་གྱིས་སང་ཉིན་གྱི་བྱ་བ་ལ་དམ་བཅའ་འཇོག ཤྭ་བ་ན་རེ། སང་ཉིན་ངས་སེང་གེ་ལས་གོམ་པ་གང་གིས་སྔ་བར་ལང་གི་ཡིན། གལ་སྲིད་སེང་གེ་ལས་གོམ་པ་གང་གིས་ཕྱིས་ན། ང་ནི་སེང་གེའི་ཟས་སུ་གྱུར་ཏེ་ཤི་རྒྱུ་ལས་འོས་མེད་པས། ཞོགས་སྔ་ལངས་བྱས་ནས་བྲོས་ན་ལེགས་སྙམ་སྟེ་གཉིད་ལ་ཡུར། སེང་གེ་ན་རེ། སང་ཉིན་ངས་ཤྭ་བ་ལས་གོམ་པ་གང་གིས་སྔ་བར་ལང་གི་ཡིན། གལ་སྲིད་ཤྭ་བ་ལས་གོམ་པ་གང་གིས་ཕྱིས་ན། ང་ལ་བཟའ་རྒྱུ་གང་ཡང་མེད་པར་ལྟོགས་ཤི་ཐེབས་ངེས་རེད། དེས་ན་སྔ་མོ་ནས་ལངས་ཏེ་ཤྭ་བ་གཟུང་དགོས་སྙམ་ཞིང་གཉིད་ལ་ཡུར། ཞེས་པའོ། །གཏམ་རྒྱུད་དེས་ནི། སུ་ཞིག་གཞན་གྱི་རྗེས་སུ་ལུས་ན། དེ་ནི་རྣམ་པ་ཀུན་ཏུ་ཕམ་པར་འགྱུར་བའི་དོན་བསྟན་ཡོད་པ་ཡིན། ད་ལྟའི་སྤྱི་ཚོགས་ནི། མ་གཞི་ནས་འགྲན་རྩོད་ཀྱི་སྤྱི་ཚོགས་ཤིག་སྟེ། གལ་སྲིད་ཁྱོད་ཀྱིས་ཆུ་ཚོད་གཅིག་ལ་སློབ་སྦྱོང་མ་བྱས་ན། གཞན་གྱི་རྗེས་སུ་ཆུ་ཚོད་གཅིག་ལུས་པ་དང་། གལ་སྲིད་ཁྱོད་ཀྱིས་ཟླ་བ་གཅིག་ལ་སློབ་སྦྱོང་མ་བྱས་ན། གཞན་གྱི་རྗེས་སུ་ཟླ་བ་གཅིག་ལུས་པ་དང་། གལ་སྲིད་ཁྱོད་ཀྱིས་ལོ་གཅིག་ལ་སློབ་སྦྱོང་མ་བྱས་ན། གཞན་གྱི་རྗེས་སུ་ལོ་གཅིག་ལུས་པ་དང་མཚུངས་ཤིང་། དེ་ལྟར་རྗེས་སུ་ལུས་ན། མཐའ་མཇུག་གོ་སྐབས་བཟང་པོ་ཐམས་ཅད་གཞན་ལ་སྤྲད་རྗེས། རང་ཉིད་གང་དང་ཅི་ཡང་མེད་པར་གཅིག་པུ་ལོགས་སུ་འཚོ་དགོས་པའི་གནས་སུ་གྱར་རོ། །
        མདོར་ན། ཁྱོད་ཀྱི་ལོ་རྟགས་ཅང་ཤེས་རྟ་ཕོ་རེད། ཁ་དཔེར། རྟ་ཕོ་ལ་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་བས། ད་ནི། མུ་དང་མཐའ་མེད་པའི་ཤེས་རིག་གི་སྤང་ལྗོངས་ཡངས་པོ་ན། བརྩོན་འགྲུས་ཀྱི་རྟ་ཕོ་ཐབས་དང་ཤེས་རབ་ཀྱི་ལྕག་གིས་བསྐུལ་ཏེ། ནམ་ཡང་དོན་སྙིང་ལྡན་པའི་མི་ཞིག་བྱ་རྒྱུའི་དམ་བཅའ་ཞོག་ཅིག གཅེན་པོ་ངས་རྟག་ཏུ་ཁྱོད་རང་གི་འཚར་ལོངས་ལ་དྲན་པ་ཉེ་བར་འཇོག་བཞིན་ཡོད།
        ཅེས་པ་འདི་ནི། ཁྱོད་ཀྱི་གཅེན་པོས་རང་གི་སློབ་སྦྱོང་གི་དུས་ཚོད་སྤྱད་དེ། སྤྱི་ལོ2019ལོའི་ཟླ12པའི་ཚེས1ལ། དབུས་ལྷ་ལྡན་གྲོང་ནས་ཡོངས་སུ་གྲུབ་ཀྱང་། སྤྱི་ལོ2020ལོའི་ཟླ2པའི་ཚེས12ལ་སྐབས་ཀྱི་དགོས་ཆེད་ལ་གཞིགས་ཏེ་ནང་གཏམ་ཁག་ཅིག་ལོགས་སུ་ཉར་ཅིང་། ཚན་བཤུས་འདིར་ཡང་བཅས་བཅོས་ཅུང་ཟད་བགྱིས་པ་དང་བཅས། འདིས་ཀྱང་གཅུང་པོ་བསོད་ནམས་ལྷུན་གྲུབ་དང་འདྲ་བ་རྣམས་ཀྱི་བསླབ་སྦྱང་ལ་ཕན་པ་ཅུང་ཟད་རེ་ཐོགས་པའི་སྨོན་ལམ་འདེབས་སོ། །



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1