གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༤ཉིན།

༄༅།།གདོད་མའི་ཚན་རྩལ་ཇི་ལྟར་དར་བ་རེད།

        གདོད་མའི་མིའི་རིགས་ཀྱི་སྐད་ཡིག་དང་བསམ་གཞིག་གི་ནུས་པ་མཐོར་འདེགས་སུ་ཕྱིན་པ་དང་བསྟུན་ནས། རིམ་བཞིན་རིགས་འདེད་ཀྱི་གཤོག་རྩལ་རྒྱས་ཤིང་དོན་སྤྱིའི་གོ་བ་རགས་ཙམ་ལོན་པར་མ་ཟད། ཕྱིའི་དངོས་པོའི་རྒྱུ་རྐྱེན་རྟེན་འབྲེལ་ལའང་རྒྱུས་ལོན་ངེས་ཅན་བྱུང་སྟེ་མིའི་རིགས་ཀྱི་ཤེས་རྒྱ་སྔར་བས་ཇེ་ཆེར་གྱུར།
        བཟའ་ཆས་འཐུ་སྒྲུག་དང་རྔོན་རྒྱག་པའི་གོ་རིམ་ཁྲོད་དུ། གདོད་མའི་མིའི་རིགས་ཀྱིས་ལྕགས་ཀྱུ་དང་མདའ་མདུང་དང་སྟ་གྲི་སོགས་ཀྱི་ལས་ཀའི་ཡོ་བྱད་བཟོས་པ་རེད། དེ་ནས་ཀྱང་བྱ་ཕོ་དང་ཕག་དང་ནོར་དང་ལུག་སོགས་ཆེས་ཐོག་མར་གཡུང་དུ་ཕབ་ཅིང་སྒོ་ཟོག་ཏུ་བཀུག་སྟེ་བཟའ་ཆས་ཀྱི་ཁ་སྣོན་མཛད། ཁོར་ཡུག་གི་འགྱུར་ལྡོག་དང་རྔོན་ལས་ཇེ་ཉུང་དུ་ཕྱིན་པ་དང་བསྟུན་ནས། མིའི་རིགས་ཀྱིས་ཟོར་བ་གསར་དུ་བཟོས་ཏེ་རི་སྐྱེས་ཀྱི་གྲོ་དང་ཁྲེ་དང་མ་རྨོས་ལོ་ཏོག་གི་འབྲས་བུ་བསྡུས། དེ་དང་ཆབས་ཅིག་ཏུ། རྩི་ཤིང་སྐྱེ་འཕེལ་གྱི་དུས་ཚིགས་དང་ཆོས་ཉིད་རྟོགས་པར་གྱུར་ཏེ་འདེབས་འཛུགས་ཀྱི་ལག་རྩལ་དར། གདོད་མའི་ཞིང་ལས་དང་ཕྱུགས་ལས་ཐོག་མར་དར་དུས་སུ། དེ་སྔའི་རྔོན་ལས་སོགས་དང་ཁྱད་པར་ཆེན་པོ་བྱུང་མེད་དེ། གཅིག་ཁ་གཅིག་གསབ་ཀྱི་ཚུལ་དུ་མིའི་རིགས་ཀྱི་བཟའ་ཆས་ཁག་ཐེག་བྱས་ཤིང་། ཞིང་ཕྱུགས་ལས་ཀྱི་ལག་རྩལ་བྱུང་བ་དེས་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་གོམ་ཁ་སྔར་བས་ཇེ་མགྱོགས་སུ་བཏང་།
        གདོད་མའི་མིའི་རིགས་ཀྱིས་གཏན་སྡོད་ཀྱི་འཚོ་བ་རོལ་མགོ་བརྩམས་པ་ནས་བཟུང་སྟེ།ཁོམ་གསེང་གི་གོ་སྐབས་སྔར་བས་མང་བ་དང་འཚོ་བའི་ཆ་རྐྱེན་ཡང་སྔར་བས་ཇེ་བཟང་དུ་ཕྱིན་པར་མ་ཟད། སྡོད་ཁང་དང་ཁྱིམ་སྤྱོད་ཅ་ག་དང་འཚོ་བའི་ཡོ་བྱད་སོགས་ལོངས་སུ་སྤྱད་པ་རེད། དེ་ནས་རིམ་བཞིན་དུ་འཐག་སླེ་དང་རྫ་ཆས་བཟོ་བའི་ལག་རྩལ་དར་ཏེ་མིའི་རིགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། རྫ་ཆས་བཟོ་བ་ནི་དངོས་པོ་གསོག་འཇོག་དང་བཟའ་བཏུང་གཡོས་སྦྱོར་གྱི་ཆེད་དུ་ཡིན་ལ། རྫ་ཆས་ནི་དངོས་པོ་གནས་གཅིག་ཏུ་གསོག་པར་འཚམ་པ་དང་། འཐག་སླེ་བྱས་པའི་སླེ་བོ་སོགས་ནི་དངོས་པོ་ཡར་མར་དུ་འཁྱེར་བྱེད་ལ་བདེ་བ་རེད། འཐག་སླེའི་ལག་རྩལ་ཕུལ་དུ་ཕྱིན་པར་བརྟེན།བལ་དང་སློ་མ་དང་སྲིང་བལ་གྱི་འཐག་རྫས་ཀྱང་རིམ་གྱིས་བྱུང་། མིའི་རིགས་ཀྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ནི་མེ་སྟེ། མེ་བཀོལ་སྤྱོད་བྱས་པ་ནི་གདོད་མའི་མིའི་རིགས་ཀྱི་བྱས་རྗེས་གལ་ཆེན་ཞིག་རེད། དང་པོ་རང་བྱུང་དུ་འབར་བའི་མེ་བེད་སྤྱོད་བྱས་ཤིང་། རྗེས་སུ་མེ་ཁ་ཇི་ལྟར་གསོ་བ་ཤེས་ཏེ། རྔོན་རྒྱག་པའི་དུས་སུ་གཅན་གཟན་གྱི་གནོད་འཚེ་བཟློག་ཅིང་ཁ་ཟས་བསྲེགས། ཞིང་ལས་ཀྱི་དུས་སྐབས་སུ། ཁང་པའི་སྨག་སེལ་བ་དང་དྲོད་ལེན་པ། བཟའ་བཏུང་གཡོས་སྦྱོར། ས་རྒོད་མེར་བསྲེགས་ནས་ཞིང་དུ་རྨོས་པ་སོགས་ཀྱི་བྱེད་ནུས་ཐོན། སྨན་བཅོས་དང་ནད་ཡམས་འགོག་པའི་ལག་རྩལ་ནི་དེའི་དུས་ནས་དར་བར་མངོན། གདོད་མའི་གསོ་རིག་ནི་ནམ་ཡང་ཆོ་འཕྲུལ་གྱི་བྱ་བྱེད་དང་མཉམ་དུ་སྦྲགས་འདུག་ཅིང་། རྡོ་ཆས་རྙིང་མའི་དུས་མཇུག་ནས་བཟུང་སྟེ། ཆོ་འཕྲུལ་སྨན་པའམ་ལྷ་པ་མོ་པ་དག་བཟའ་བཏུང་རྩོལ་སྒྲུབ་ཀྱི་ལས་ཀ་ལས་ལོགས་སུ་གྱེས་ཏེ། ཆེད་དུ་སྨན་བཅོས་ཀྱི་ལས་ཀ་གཉེར་བ་དང་ཁོ་ཚོའི་ནད་གདོན་སྒྲོལ་ཐབས་ནི་སྒྱུ་མ་མཁན་གྱི་ཆོ་འཕྲུལ་འབའ་ཞིག་དང་མཚུངས་ནའང་། ཕྱི་ནང་གཤགས་བཅོས་དང་། ཡང་ན་རྩི་ཤིང་དང་གཏེར་རྫས་དང་སྲོག་ཆགས་སོགས་སྨན་རྫས་བྱས་ཏེ་སྙུན་གཞི་གསོ་ཐབས་རེ་གཉིས་དེའི་དུས་ནས་རྟོགས་ཡོད་དོ། །

《འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ》ལས་བདམས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1