གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རགས་ཆེན་ཀུན་བཟང་།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༤ཉིན།

༄༅།།མི་ཚོགས་ཀྱིས་གང་པའི་གྲོང་ཁྱེར།


རགས་ཆེན་ཀུན་བཟང་།
ཤིན་ཏུ་མཐོ་བའི་ཁང་བརྩེགས་རི་ལྟར་འགྱིངས། །
དྭངས་གཙང་ཁོར་ཡུག་མཛེས་པའི་རྒྱན་ཆས་སྤྲས། །
གནམ་ས་ཀུན་ཏུ་འཕྲུལ་གྱིས་བྲོ་གར་རྩེན། །
ངོ་མཚར་སྒྱུ་མའི་གྲོང་ཁྱེར་ལྟ་ན་སྡུག །
དྲོ་གྲང་འཇམ་པོས་མི་ཚོགས་མཛེས་ཉམས་དོད། །
དཔྱིད་ཀའི་མེ་ཏོག་འདབ་མ་ལྷུག་པར་གྲོལ། །
གང་འདོད་དགའ་བའི་ལོངས་སྤྱོད་བརྗོད་ལས་འདས། །
སྤོས་ལྡན་གྲོང་གི་ངོ་མཚར་བསམ་མི་ཁྱབ། །
ཁོ་ར་ཁོར་ཡུག་ལྗོན་པའི་ལོ་འདབ་སྟུག །
སྣ་ཚོགས་བྱེའུ་གསུང་སྐད་ཅིར་ཅིར་འགྱུར། །
མི་ཚོགས་རྣམས་ནི་རང་རང་ལས་ལ་བྲེལ། །
འདི་ནི་སྒྱུ་མའི་གྲོང་གི་མིག་འཕྲུལ་ཡིན། །
ལྗོན་པའི་ཆུ་མཚོར་པདྨའི་འདབ་ཡངས་གྲོལ། །
ཟླ་བའི་གཟུགས་ནི་མཚོ་ནང་མགྲོན་པོར་གྱུར། །
མིག་ལ་ཡ་མཚན་བསྟན་པའི་སྒྱུ་རྩལ་གྱིས། །
ཁོར་ཡུག་ཀུན་ཏུ་མི་ཚོགས་ཧད་དེ་ལུས། །
སྣ་ཚོགས་གློག་འོད་མཚན་མོའི་འཇའ་ཚོན་གྱུར། །
མཐོན་པོའི་སྐར་མ་ས་གཞིར་ལྟད་མོར་ཕེབས། །
མཛེས་པའི་སྟངས་སྟབས་ཡིད་ཀྱི་བུ་གར་སིམ། །
འདི་ནི་འཇིག་རྟེན་གྲོང་གི་དག་ཞིང་ཡིན། །
ངོ་མཚར་སྒྱུ་མའི་མིག་འཕྲུལ་ས་གཞིར་རྩེན། །
གང་འདོད་ལོངས་སྤྱོད་སྩོལ་མེད་ལྷུན་གྱིས་གྲུབ། །
ཕུན་ཚོགས་དཔལ་གྱིས་ལྷ་ཡུལ་སྐྱེངས་བྱེད་པའི། །
མི་ཡི་གྲོང་ཁྱེར་ལྷ་ཡིས་ཕྲག་དོག་མཚར། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1