ཨ་རིའི་མངའ་སྡེ་མང་པོས་ཕྱི་འགྲིམ་སློབ་མའི་འཐུས་མཆན་གྱི་གཏན་འབེབས་ཐད་གཏུག་བཤེར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15



      ཤིན་ཧྭ་གསར་འགྱུར་ཁང་ཝ་ཞིན་ཐོན་ནས་གློག་འཕྲིན་འབྱོར་གསལ། ཨ་རི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཕྱི་འགྲིམ་སློབ་མའི་འཐུས་མཆན་གྱི་གཏན་འབེབས་གསར་པ་ནུས་པ་ཐོན་རྒྱུར་བཀག་འགོག་བྱ་ཆེད། ཨ་རིའི་མངའ་སྡེ་17དང་རྒྱལ་ས་ཝ་ཞིན་ཐོན་གྱི་ཁོ་ལོམ་པི་ཡ་དམིགས་བསལ་མངའ་སྡེ་ཡིས་ཚེས་13ཉིན་མཱ་ས་ཁྲུའུ་སའེ་མངའ་སྡེ་པོ་སི་ཏུན་གྲོང་ཁྱེར་དུ་གནས་པའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་ལ་མཉམ་དུ་གཏུག་བཤེར་བྱས་པ་རེད། 
     གཏུག་ཡིག་ནང་། མངའ་སྡེ་17དང་ཝ་ཞིན་ཐོན་དམིགས་བསལ་ཁུལ་གྱི་ཞིབ་དཔྱོད་འགོ་འཛིན་གྱིས་ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་དང་དེའི་ཁོངས་གཏོགས་རྒྱལ་ཁོངས་སུ་ཡོང་བ་དང་འགག་སྒོའི་ཁྲིམས་བསྟར་ཅུས་དེ་ཞུ་སྦྱོར་ཕྱི་མ་བར་བྱས་ནས་ཨ་རིའི་སྲིད་གཞུང་གིས་“གདུག་རྩུབ་དང་། ཐོལ་བྱུང་། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ནས་རིམས་ནད་ཀྱི་ཁྲོད་དུ་རྒྱལ་སྤྱིའི་སློབ་མ་མཐར་སྐྲོད་གཏོང་བ་རེད”ཅེས་སྐྱོན་འཛུགས་བྱས་ཡོད། 
     ཐུན་མོང་ཐོག་གཏུག་བཤེར་བྱེད་པའི་སྣེ་ཁྲིད་མཁན་མཱ་ས་ཁྲུའུ་སའེ་མངའ་སྡེ་ཡི་ཞིབ་དཔྱོད་འགོ་འཛིན་མོ་ལ་ཞི་ལི་ཡིས་གསལ་བསྒྲགས་སྤེལ་ནས“གཏན་འབེབས་འདིར་རྒྱུན་ཤེས་དང་མི་མཐུན་ལ། བཙན་ཤེད་ངང་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་སློབ་གྲྭར་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སློབ་གྲྭའི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བར་དུ་གདམ་གསེས་བྱེད་དུ་བཅུག་པ་རེད། ཐེ་རོན་ཕུ་སྲིད་གཞུང་གིས་ཐ་ན་དེའི་གཞི་འཛིན་ས་འགྲེལ་བཤད་རྒྱག་རྩིས་ཀྱང་བྱས་མེད”ཅེས་བརྗོད་པ་དང་། གསལ་བསྒྲགས་ནང་། ཕྱི་འགྲིམ་སློབ་མའི་འཐུས་མཆན་གྱི་གཏན་འབེབས་གསར་པ་དེས་རྒྱལ་སྤྱིའི་སློབ་མ་དང་དེའི་ཁྱིམ་ཚང་ལ་གནོད་འཚེ་བཏང་བ་མ་ཟད། ཁོ་ཚོ་གནས་སའི་མངའ་སྡེ་ཡི་སྤྱི་པའི་འཕྲོད་བསྟེན་དང་དཔལ་འབྱོར་གྱི་གནས་ཚུལ་ལ“ཁ་གསབ་བྱེད་ཐབས་བྲལ་བའི་གནོད་འཚེའང་བཟོ་སྲིད”ཅེས་འཁོད་ཡོད། 
     ཉུའོ་ཙི་ཞི་མངའ་སྡེ་ཡི་ཞིབ་དཔྱོད་འགོ་འཛིན་ཀི་པིར་ཀི་ལེ་ཝར་གྱིས་གསལ་བསྒྲགས་སྤེལ་ནས། ཕྱི་འགྲིམ་སློབ་མའི་འཐུས་མཆན་གྱི་གཏན་འབེབས་གསར་པས“རྒྱལ་སྤྱིའི་སློབ་མ་དང་ཁོ་ཚོས་སྤྲད་པའི་སློབ་ཡོན་བཀན་ཤིང་དུ་བརྩིས་ནས། མཐོ་སློབ་ཀྱིས་གྲ་སྒྲིག་མ་བྱས་གོང་ནས་ངོ་ཐུག་གདོང་འཕྲད་ངང་སློབ་ཁྲིད་བྱེད་འགོ་བཙུགས་ཏེ་སློབ་མ་ཡོད་ཚད་ཀྱི་ཚེ་སྲོག་ཉེན་ཁའི་ཁྲོད་དུ་བཅུག་པ་རེད”ཅེས་བརྗོད།
     ཨ་རིའི་སྨྱན་སྦྱོར་གྱིས་གཏུག་བཤེར་ཡིག་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐུན་མོང་ཐོག་གཏུག་བཤེར་བྱས་པའི་མངའ་སྡེ་17དང་ཝ་ཞིན་ཐོན་དམིགས་བསལ་མངའ་སྡེ་རུ་སློབ་གླིང་དང་སློབ་ཆེན་1124ཡོད་པ་དང་། 2019ལོར་རྒྱལ་སྤྱིའི་སློབ་མ་ཁྲི་37.33ཙམ་བསྡུས་ཡོད། ཡེའོ་སློབ་ཆེན་དང་། ནུབ་བྱང་སློབ་ཆེན། ཁྲི་ཆ་ཀོ་སློབ་ཆེན་སོགས་ཨ་རིའི་མཐོ་སློབ་40ཙམ་གྱིས་ཐུན་མོང་གཏུག་བཤེར་ལ་རྒྱབ་སྐྱོར་བྱེད་པའི་གསལ་བསྒྲགས་ཕུལ་ཡོད། 
     ཨ་རིའི་མངའ་ཁོངས་སུ་ཡོང་བ་དང་འགག་སྒོའི་ཁྲིམས་བསྟར་ཅུས་ཀྱིས་ཚེས་6ཉིན་བརྡ་ཁྱབ་བཏང་སྟེ། གལ་ཏེ་ཕྱི་འགྲིམ་སློབ་མས་2020ལོའི་སྟོན་ཁའི་སློབ་སྐབས་སུ་དྲ་ཞུགས་སློབ་ཁྲིད་ཁོ་ན་བྱས་ན་ཨ་རིར་བསྐྱོད་པའི་འཐུས་མཆན་འགོད་པའམ་ཡང་ན་མིག་སྔའི་འཐུས་མཆན་རྒྱུན་འཁྱོངས་མི་ཐུབ་ཅེས་བརྗོད། ཧ་ཝུར་སློབ་ཆེན་དང་མཱ་ས་ཁྲུའུ་སའེ་མངའ་སྡེའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་ཚེས་8ཉིན་སྔོན་ལ་གཏུག་བཤེར་བྱས་ནས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ལ་འཐུས་མཆན་གྱི་གཏན་འབེབས་གསར་པ་མཚམས་འཇོག་ཏུ་འཇུག་པའི་རེ་ཞུས་བྱས་པས། ཨ་རིའི་ས་གནས་ཁག་གི་མཐོ་སློབ་གྱི་རྒྱབ་སྐྱོར་ཐོབ། པོ་སི་ཏུན་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གིས་ཚེས་14ཉིན་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱ་རྒྱུ་གཏན་འཁེལ་བྱས། དེ་མིན། ཁ་ལི་ཧྥུའུ་ཉི་ཡ་མངའ་སྡེ་ཡི་ཞིབ་དཔྱོད་འགོ་འཛིན་གྱིས་ས་གནས་དེ་གའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་དང་ཇོང་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཝ་ཞིན་ཐོན་གྱི་ཁོ་ལོམ་པི་ཡ་དམིགས་བསལ་སྲིད་འཛིན་མངའ་སྡེའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་བཅས་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་ཞུ་གཏུག་བྱས་ནས་གཏན་འབེབས་གསར་པ་ལག་ལེན་བསྟར་རྒྱུར་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཉེ་ཆར་རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་ཙམ་གྱིས་མིང་མཉམ་འགོད་ཀྱིས་ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ལ་འཕྲིན་ཡིག་སྤྲིངས་ནས་ཕྱི་འགྲིམ་སློབ་མའི་འཐུས་མཆན་གྱི་གཏན་འབེབས་གསར་པ་མེད་པར་བཟོ་རྒྱུའི་འབོད་སྐུལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1