ས་གནས་འདིར་གཙང་པོ་རྒྱས་ནས་གནས་ཚུལ་ཛ་དྲག་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-15



        ཉིན་ཤས་རིང་བསྟུད་མར་ཆར་བ་བབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁོངས་ཀྱི་གཙང་པོ་རྒྱས་ནས། ཆུ་རྒྱུད་གཤོང་ཁུལ་དང་རྫོང་ཁོངས་ཀྱི་བགྲོད་ལམ་ཁག་ཅིག་ཆུས་བསྣུབས་ཡོད་ལ།འགྲོ་ལམ་བཀག་པ་སོགས་ས་གནས་མང་པོར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་འདུག 

        དེ་རིང་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། སྡེ་དགེ་རྫོང་གྲོང་གི་གཙང་པོ་རྒྱས་ནས་རྫོང་སྤྱི་བདེ་ཅུས་ཀྱི་གཞུང་ལས་ཐོག་བརྩེགས་ཁང་ཆེན་དང་འབབ་ཚུགས་གསར་པ་སོགས་སུ་ཆུ་རུད་ཡོད་ལ། འཕྲང་རོང་འགག་སོགས་བགྲོད་ལམ་ཆུས་བསྣུབས་ནས་ཡོངས་སུ་བཅད་འདུག དེ་མིན་གཞུང་ལམ་གཞན་པ་ཁག་ཅིག་ལ་ཡང་ལམ་ཉིལ་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
   

        སྡེ་དགེ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱ་རྒྱུར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་གྱིས་གེགས་འགོག་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ལ། ལས་གནས་སུ་ཡོད་པའི་འགོ་ཁྲིད་རྣམས་གཙང་པོའི་གནོད་ཐེབས་ཁུལ་དང་གཞུང་ལམ་གཙོ་བོའི་སར་བསྐྱོད་དེ་གནོད་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་དང་། སྔ་སྣུར་དུ་ཆུ་རྒྱུད་དང་ཉེན་ཁ་ཆེ་བའི་ས་ཡི་མི་སྣ་ཁ་འགྲེམས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱས།



ཉེན་བརྡ།
      རྫོང་གནམ་གཤིས་ཅུའུ་གྱིས་སྔོན་བརྡ་བཏང་བ་ལྟར་ན། སྡེ་དགེ་རྫོང་ལ་ད་དུང་མུ་མཐུད་དུ་ཆར་པ་འབབ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་གནས་སྐབས་ཕྱིར་སྐྱོད་བྱེད་མཚམས་བཞག་ནས། རང་ཉིད་ཀྱི་བདེ་འཇགས་ལ་དོགས་ཟོན་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་དགོས་པའི་གསལ་བརྡ་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1