རིག་རྩལ་འཁྲབ་སྟོན་འབྲོག་སྡེ་རུ་བསྐྱལ་བའི་དམངས་ཕན་བྱ་འགུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 07-16


"དག་ཞིང་གི་རྔ་བ། སྤྲོ་སྐྱིད་ལྡན་པའི་གྲོང་སྡེ"ཞེས་པའི་རིག་རྩལ་འཁྲབ་སྟོན་འབྲོག་སྡེ་རུ་བསྐྱལ་བའི་དམངས་ཕན་བྱ་འགུལ་ཧུང་ཡོན་རྫོང་ནས་སྤེལ།



        ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་དུ་བསྟར་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བར་རྒྱང་ལྟ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཚོ་བ་མངོན་འགྱུར་བྱ་ཐུབ་ཆེད། ཉེ་ལམ། ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ཁང་གིས་རིག་རྩལ་འཁྲབ་སྟོན་གྲོང་སྡེ་རུ་བསྐྱལ་ནས་དམངས་ཀྱི་བསམ་པའི་དཔལ་ཡོན་ཇེ་མཐོར་གཏོང་བའི་བྱ་འགུལ་རྒྱ་ཆེར་སྤེལ་ཅིང་། རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་རང་རྫོང་གི་མག་སར་མཆོད་འབུལ་དཀྲོལ་རྡུང་ཚོགས་པ་གཉིས་མཉམ་ཏུ་སྡེབ་ནས་ས་གནས་འབྲོག་པ་མང་ཚོགས་དང་དྲག་པོའི་དཔོན་དམག་རྣམས་ལ་རིག་རྩལ་འཁྲབ་སྟོན་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།
        མི་རིགས་སྲོལ་རྒྱུན་རིག་གནས་རྨང་མཐུག་ལ་སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་བརྗོད་དོན་ཕུན་སུམ་ཚོགས་པའི་ཁུལ་གླུ་གར་ཁང་གི་གྱང་བྲོ་ཞེས་པ་ལས་བྱ་འགུལ་གྱི་མགོ་དངོས་སུ་བརྩམས་པ་དང་། རིམ་བཞིན་དར་སྲོལ་ཆེ་བའི་དེང་གཞས་དང་ཡིད་སེམས་ཀྱི་དུང་བ་འདྲེན་པའི་དམངས་གླུ། དཔའ་བོའི་ཆོད་སེམས་དབྱངས་ལ་བསྐྱོན་པའི་བསྟོད་གླུ། མི་རིགས་ཐོན་སྐྱེད་འཚོ་བ་གར་གྱི་སྟངས་སྟབས་ལ་བརྒྱུས་པའི་ཞབས་བྲོ། གདངས་ཀྱི་ང་རོ་རྒྱུད་དྲུག་པི་ལྦང་ལས་འཕྲོས་པའི་སྒྲ་སྙན་རྡུང་ལེན་སོགས་རྣམ་པ་སྣ་མང་གི་འཁྲབ་སྟོན་གྱིས་ཡུལ་དེའི་དྲག་པོའི་དཔོན་དམག་ལྟད་མོ་རྣམས་ཀྱི་ཡིད་སེམས་ཅིག་ཅར་འཕྲོག་པ་དང་། ཐལ་མོ་སྡེབ་སྒྲས་ཡུལ་དེའི་རྣམ་པ་སྔར་ལས་ཀྱང་མཐོ་རླབས་སུ་བསྐྱལ། སྒོས་སུ་ཁུལ་གླུ་གར་ཁང་གི་གར་འཆམ་དང་མདོ་ཁམས་གར་སྟེགས་ཆེ་མ་ཆུང་གསུམ་དུ་བྱ་དགའ་གང་མང་ཐོབ་མྱོང་ལ། ཐུན་མིན་སྐད་ངག་སྒྱུ་རྩལ་གྱིས་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད་པའི་རང་ས་གནས་ཀྱི་དམངས་གླུ་བ་བཟང་བོ་བཅས་ཀྱི་འཁྲབ་སྟོན་གྱིས་སོ་སོར་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་མི་སེམས་ཀྱི་སྐྱོ་ངལ་སེལ་བའི་རང་བྱུང་ཁོར་ཡུག་གི་འཚོ་བ་སྣུམ་པོ།གཡའ་དག་པའི་མཁའ་དབྱིངས་དང་མཐོང་ཡངས་པའི་སྤང་ལྗོངས། མཚར་སྡུག་དག་གཙང་གི་རི་ཆུ་ནགས་གསུམ་སོགས་མཚོ་བོད་མཐོ་སྒང་གི་པང་ཁུག་ན་འཆམ་མཐུན་ཞི་བདེ་ངང་གནས་པའི་ཡ་རབས་མི་རིགས་ཞིག་གི་འཚོ་སྡོད་རྣམ་པ་སྒྱུ་རྩལ་ལ་དྲངས་ཏེ། ཀུན་གྱི་སྣང་ངོར་མངོན་གསུམ་གྱིས་འཆར་ཐུབ་པའི་མྱོང་བ་གསར་བ་ཞིག་བསྐྲུན་ཅིང་། འདི་ལྟ་བུའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ཡིས་འབྲོག་ཁུལ་མི་སེར་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ། ཕན་ཚུན་བར་གཞོགས་འདེགས་ཀྱི་འདུ་ཤེས་མཐོ་རུ་བཏང་ནས། དུས་རབས་གསར་བའི་འཕོ་འགྱུར་དངབསྟུན་ཏེ་རྗེས་ལུས་མི་འབྱུང་བར། མདུན་སྐྱོད་ཀྱི་བློ་སྐྱེད་ཆེན་པོས་འབྱོར་འབྲིང་སྤྱི་ཚོགས་འཚོ་བ་གསར་བའི་མདུན་བསུ་བར་སྐུལ་སློང་དང་རྒྱབ་སྐྱོར་གནང་བ་ཞིག་ཡིན་པར་མ་ཟད། ས་གནས་མི་སེར་མང་ཚོགས་ཀྱི་བསམ་པའི་གོ་རྟོགས་དང་རིག་གནས་ཁོར་ཡུག་རྒྱ་ཆེ་རུ་གཏོང་བར་རྨང་པོ་བརྟན་པོ་བཞག་པ་ཞིག་ཀྱང་ཡིན།

        ཐེངས་འདིར་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཉིན་གཉིས་རིང་སྤེལ་བ་དང་།   དུས་རྒྱུན་ཕྱི་རོལ་སྤྱི་ཚོགས་འགྲིམ་པའི་གོ་སྐབས་ཉུང་བའི་དྲག་པོའི་དཔོན་དམག་དང་ས་གནས་མི་སེར་མང་ཚོགས་དམིགས་སུ་བཟུང་སྟེ། མི་རིགས་མི་འདྲ་བའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་པར། སྡོམ་པས་དཔོན་དམག་དང་མང་ཚོགས་སུམ་རྒྱ་ལྷག་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས་ནས་འཁྲབ་སྟོན་ལ་བལྟས།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1