༄༅།།གད་སྙིགས་ལ་དབྱེ་བ་འབྱེད་ཤེས་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 07-16


   གད་སྙིགས་ལ་སྤྱིར་བཏང་དུ་རིགས་བཞིར་དབྱེ་ཡོད། དེ་ནི་ཕྱིར་བསྡུ་རུང་བའི་གད་སྙིགས་དང་ཐབ་ཚང་གི་གད་སྙིགས། གནོད་ལྡན་གད་སྙིགས། གད་སྙིགས་གཞན་དག་བཅས་ཡིན། གཤམ་ནས་དེ་དག་རེ་རེ་བཞིན་ངོ་སྤྲོད་ཅིག་བྱེད། 
   རང་གཞན་སུ་དང་གང་ཡིན་ཀྱང་རང་གི་བདེ་ཐང་དང་འཚོ་བའི་ཁོར་ཡུག་སྐྱིད་པོ་ཞིག་ཡོང་བར་བྱེད་པ་དང་། ད་དུང་གྲོན་ཆུང་གི་འདུ་ཤེས་ལྡན་པར་བྱས་ནས་བདེ་ཐང་གི་སྤྱི་ཚོགས་ཤིག་བསྐྲུན་པར་འབད་པ་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ཡིན།

༡ ཕྱིར་བསྡུ་རུང་བའི་གད་སྙིགས།
        ཕྱིར་བསྡུ་རུང་བའི་གད་སྙིགས་ནི་ཤོག་སྙིགས་དང་འགྱིག་རྫས། ཤེལ་རིགས། ལྕགས་རིགས། རས་རྒྱུ་སོགས་ཀྱི་རིགས་ཆེན་པོ་ལྔ་ལ་དབྱེ་ཆོག་ཅིང་། ཤོག་སྙིགས་ཀྱི་རིགས་ལ་ཚགས་པར་དང་དུས་དེབ། དཔེ་ཆ་རྙིང་བ། ཤོག་ཐུམ་སྣ་ཚོགས་འདུས་པ་ཡིན། འགྱིག་རྫས་ཀྱི་རིགས་ལ་འགྱིག་དམ་དང་འགྱིག་ཐུམ། འགྱིག་ཁུག་སོགས་འདུས་ནའང་། གཙང་ཤོག་སོགས་ལ་ཆུའི་འདུས་ཚད་མཐོ་སྟབས་ཕྱིར་བསྡུ་མི་རུང་། ཤེལ་ཆག་གི་རིགས་ལ་ཤེལ་དམ་དང་ཤེལ་ཆག ཚ་དམ་སོགས་འདུས། (མེ་ལོང་ནི་གད་སྙིགས་གཞན་དག་གམ་གད་སྙིགས་སྐམ་རིགས་ལ་གཏོགས།) ལྕགས་རིགས་ཀྱི་སྐོར་ལ་ལི་རྒྱུ་དམ་བེ(易拉罐)དང་ལྕགས་སྒམ་ཟས་རིགས་ཀྱི་སྣོད་ཆས་སོགས་འདུས། རས་རྒྱུའི་རིགས་ལ་གྱོན་ཆས་རྙིང་བ་དང་། ཅོག་ཁེབས། ལག་ཕྱིས། དཔེ་ཁུག ལྷམ་སོགས་འདུས་པ་ཡིན། 
གོང་གསལ་གྱི་གད་སྙིགས་འདི་དག་ཕྱོགས་བསྡུས་བེད་སྤྱོད་བྱས་ན་འབག་བཙོག་ཉུང་ལ་ཐོན་ཁུངས་གྲོན་ཆུང་བྱེད་ཐུབ། ཤོག་སྙིགས་ཏུན་གཅིག་གིས་ཤོག་བུ་བཟང་པོ་སྤྱི་རྒྱ850བཟོ་ཐུབ་པ་དང་། དེས་ཤིང་ཆ་སྤྱི་རྒྱ300ཙམ་གྲོན་ཆུང་བྱེད་ཐུབ་པར་མ་ཟད། ཐོན་སྐྱེད་ཀྱི་འབག་བཙོག74%ཉུང་དུ་གཏོང་། བཏུང་བའི་སྣོད་ཆས་ཏུན་གཅིག་གིས་རིམ་པ་གཉིས་པའི་རྒྱུ་ཆ་ཏུན0.7བཟོ་ཐུབ། ལྕགས་རིགས་ཏུན་གཅིག་གིས་ལྕགས་བཟང་པོ་ཏུན0.9བཟོ་ཐུབ་པ་ལས་གཏེར་རྡོ་སྲེག་བརྡར་གྱི་མ་རྩ47%གྲོན་ཆུང་བྱེད་ལ། མཁའ་དབུགས་འབག་བཙོག75%ཉུང་དུ་བྱེད། ཆུའི་འབག་བཙོག་དང་སྲ་གཟུགས་བཙོག་དངོས97%ཉུང་དུ་གཏོང་ཐུབ།
ཐབ་ཚང་གི་གད་སྙིགས།


        ཐབ་ཚང་གི་གད་སྙིགས་ནི་ཟ་མ་ལྷག་མ་དང་། སྔོ་ཚལ་ལྷག་མ། རུས་པ། སྔོ་ཚལ་གྱི་རྩ་བ། སིལ་ཏོག་གི་ཤུན་པ་སོགས་ཀྱི་ཟས་རིགས་ལྷག་མ་འདུས་པ་ཡིན། གོང་གསལ་དག་ལ་སྐྱེ་དངོས་ལག་རྩལ་སྤྱད་དེ་ལས་སྣོན་བྱས་ན། ཐབ་ཚང་གི་གད་སྙིགས་ཏུན་གཅིག་གིས་སྐྱེ་ལྡན་ལུད་རྫས་ཏུན0.6ནས0.7ཙམ་བཟོ་ཐུབ།

༣ གནོད་ལྡན་གད་སྙིགས།
        གནོད་ལྡན་གད་སྙིགས་ནི་མིའི་བདེ་ཐང་ལ་གནོད་པའི་ལྕགས་རིགས་ལྕི་བ་དང་དངོས་པོ་དུག་ཅན་ནམ་ཁོར་ཡུག་ལ་གནོད་འཚེ་བཟོ་བའམ་གནོད་འཚེ་འབྱུང་བའི་དངོས་པོ་ལྷག་མ་རིགས་ཡིན། དཔེར་ན། གློག་རྫས་དང་འོད་གློག་གི་སྦུ་གུ གློག་ཞུའི་ཤེལ་ཏོག དངུལ་ཆུའི་དྲོད་འཇལ་བྱེད། སྣུམ་རྩིའི་སྣོད། ཁྱིམ་སྤྱོད་གློག་ཆས་འགའ། དུས་བརྒལ་སྨན་རྫས། ཡོ་བྱད། དུས་བརྒལ་སྒེག་རྫས་ལྟ་བུ་འདུས།

གད་སྙིགས་གཞན་དག


        གད་སྙིགས་གཞན་དག་ནི་གོང་གསལ་གྱི་གད་སྙིགས་རིགས་དག་དང་མི་འདྲ་བའི་སོ་ཕག་དང་རྫ་ཆས། ས་རུལ། གསང་སྤྱོད་ཁང་གི་ཤོག་སྙིགས་སོགས་ཕྱིར་བསྡུ་དཀའ་བའི་དངོས་པོ་དང་ས་རྡུལ། ཟས་སྣོད་དམ་ཁུག་མ་སོགས་ཡིན། 
 རིགས་་དབྱེའི་འདུ་ཤེས་འཛུགས་དགོས།
        གད་སྙིགས་རིགས་དབྱེ་དང་། སློབ་གསོ། དར་སྤེལ་བཅས་ཀྱི་བྱ་བར་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་། འཛད་སྤྱོད་པར་གད་སྙིགས་རིགས་དབྱེའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛུགས་པ། གད་སྙིགས་ཀྱིས་སྤྱི་ཚོགས་འཚོ་བར་བཟོས་པའི་གནོད་འཚེ་ཚབས་ཆེན་དྲིལ་བསྒྲགས་བྱེད་པ་དང་འཛད་སྤྱོད་པར་གད་སྙིགས་རིགས་དབྱེ་འབྱེད་པའི་གལ་ཆེན་རང་བཞིན་དང་དོན་དངོས་རང་བཞིན་དྲིལ་བསྒྲགས་བཅས་བྱས་ཏེ་འཛད་སྤྱོད་པར་གད་སྙིགས་རིགས་དབྱེའི་ནང་ཧུར་ཐག་ཞུགས་དགོས་པའི་འབོད་སྐུལ་བྱེད་པ་དང་། དེ་དང་ཆབས་ཅིག་འཛད་སྤྱོད་པས་གད་སྙིགས་རིགས་དབྱེའི་ཤེས་བྱ་བསླབས་ནས་གད་སྙིགས་རིགས་དབྱེ་བྱེད་པ་དེ་རང་རྟོགས་དང་གོམས་གཤིས་སུ་ལོབས་པར་བྱེད་དགོས།
  ཕྱིར་སྡུད་སྒྲིག་བཀོད།
        གད་སྙིགས་བླུག་སྒམ་གཅིག་དུམ་བུ་ཁ་ཤས་སུ་བགོ་བའམ་ཡང་ན་ཁེར་རྐྱང་གི་རིགས་དབྱེ་གད་སྙིགས་བླུག་སྣོད་ཁ་ཤས་བཟོས་ནས། གད་སྙིགས་རིགས་དབྱེ་རིམ་བཞིན་ཞིབ་ཕྲ་དང་། གད་སྙིགས་རིགས་དབྱེ་ཇི་ཙམ་ཞིབ་ཚགས་ན་དེ་ཙམ་ལེགས་པས་ཕྱིར་སྡུད་བེད་སྤྱོད་བྱ་རྒྱུར་དེ་ཙམ་གྱིས་ཕན་པ་ཡོད། ཁ་དོག་མི་འདྲ་བའི་གད་སྙིགས་བླུག་སྒམ་བཀོལ་ནས་སོ་སོར་ཤེལ་དང་། ཤོག་བུ། སྤོས་འགྱིག ལྕགས་རིགས་ཀྱི་ཐུམ་སྒྲིལ་གད་སྙིགས། རྩི་ཤིང་གི་གད་སྙིགས། འཚོ་བའི་གད་སྙིགས། གློག་རྫས་ཀྱི་ཤེལ་ཏོག་སོགས་དམིགས་བསལ་གྱི་གད་སྙིགས་ཕྱིར་སྡུད་བྱས་ཆོག
 གསོག་ཉར་དང་སྐྱེལ་འདྲེན་བྱེད་སྟངས།
        བོངས་ཚད་ཆེ་བའི་གད་སྙིགས་ལ་བཙིར་གནོན་བྱས་རྗེས་གསོག་འདྲེན་བྱེད་དགོས། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི་ཁོར་ཡུག་འཕྲོད་བསྟེན་ཅུའུ་ཡིས་གད་སྙིགས་ཕྱིར་སྡུད་རླངས་འཁོར་ལ་དབྱེ་འབྱེད་རྣམ་པའི་སྒྱུར་བཀོད་བྱས་ནས་གད་སྙིགས་རིགས་དབྱེ་ནས་ལྡུག་དགོས། 
        ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གད་སྙིགས་རིགས་དབྱེའི་ལམ་ལུགས་ལ་སྐུལ་མ་མགྱོགས་པོ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་དེ་ས་གནས་ཁག་སོ་སོ་ནས་རིམ་བཞིན་སྤེལ་འགོ་ཚུགས་པས། ཕན་འབྲས་རགས་ཙམ་ཐོན་པ་བཅས་བྱུང་ནས་གཙོ་གནད་གྲོང་ཁྱེར་46ལ་སྔོན་ལ་ཚོད་ལྟ་བྱས་ནས་གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། 2019ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་དུ་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་གཙོ་གནད་གྲོང་ཁྱེར་46ལ་གད་སྙིགས་རིགས་དབྱེ་ཐག་གཅོད་ཀྱི་མ་ལག་གཞི་རྩའི་ཆར་བཙུགས་ཟིན་པ་བྱ་རྒྱུ་དང་2025ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་དུ་གད་སྙིགས་རིགས་དབྱེ་ཐག་གཅོད་ཀྱི་མ་ལག་གཞི་རྩའི་ཆར་བསྐྲུན་ཟིན་པ་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1