ཞི་ཅིན་ཕིང་གིས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-16



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7པའི་ཚེས14ཉིན་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་ལ་ཁ་པར་བཏང་།
        ཞི་ཅིན་ཕིང་གིས་ལིས་ཞན་ལུང་གིས་མི་དམངས་འགུལ་སྐྱོད་ཏང་གི་འགོ་ཁྲིད་དེ་ཉེ་ལམ་རྒྱལ་ཡོངས་ཀྱི་འདེམ་བསྐོ་ཆེན་མོའི་ཁྲོད་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། སིང་ག་ཕོར་གྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཁྱོད་ཀྱི་འགོ་ཁྲིད་འོག་ཏུ། སིང་ག་ཕོར་མི་དམངས་སྔ་མོ་ནས་རིམས་ནད་ལས་རྒྱལ་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་གསོན་ཤུགས་སླར་གསོ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོས་མུ་མཐུད་དུ་སིང་ག་ཕོར་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ངེས་ཡིན། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་ཁྲོད་དུ། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། སྦ་གསང་ཅི་ཡང་མེད་པར་རྒྱལ་ཁབ་སོ་སོའི་བར་དུ་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རང་ནུས་ཅི་ཡོད་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དངོས་རྫས་དང་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོས་སིང་ག་ཕོར་དང་མཉམ་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དམ་པོས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་བཟང་བོ་འདོན་པོར་རྒྱབ་སྐྱོར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་བྱུང་རྗེས། ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ལས་རིགས་སོ་སོས་ཕན་ཚུན་རོགས་རམ་དང་གཞོགས་འདེགས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་སྔོན་ལ་དགོས་ངེས་ཀྱི་མི་སྣ་འགྲོ་འོང་གི་མྱུར་ལམ་བཏོད་ནས། མཉམ་དུ་ས་ཁུལ་གྱི་འདོན་སྤྲོད་འབྲེལ་ཐག་དང་ཐོན་ལས་འབྲེལ་ཐག་གེགས་མེད་འབྱུང་བར་སྐུལ་འདེད་བཏང་། རིམས་འགོག་མཉམ་ལས་ནི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་གྲུབ་འབྲས་གསར་བ་རུ་གྱུར་ལ། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྔོན་དཔག་རང་བཞིན་དང་འཐབ་ཇུས་རང་བཞིན། དཔེ་སྟོན་རང་བཞིན་ཡང་བསྐྱར་མངོན་པར་མཚོན་པ་དང་། ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་ནང་སྙིང་གལ་ཆེན་ཡང་བསྣན་ཡོད། ད་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་བར་དུ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་རུ་གནས་ཡོད། ཕྱོགས་གཉིས་ཀྱིས་ཐབས་ལམ་སྣ་མང་སྤྱད་དེ་དགའ་སྟོན་བྱ་འགུལ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དེ་མི་དམངས་ཀྱི་སེམས་སུ་ཐིམ་པར་བྱེད་དགོས། རིམས་འགོག་མཉམ་ལས་ལ་ཤུགས་བསྣན་ནས། རང་རྒྱལ་ཁབ་ཏུ་ཡོད་པའི་ཕ་རོལ་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཁག་ཐེག་བྱེད་དགོས། འགྲོ་འོང་གི་མྱུར་ལམ་བཟང་བོར་བཀོལ་ནས་རྒྱལ་ཁབ་གཉིས་ཀྱི་ལས་ཐོན་སླར་གསོ་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ཟབ་མོར་སྤེལ་ཏེ། སྐམ་མཚོའི་འགྲུལ་ལམ་གསར་བ་དང་ཕྱོགས་གསུམ་པའི་མཉམ་ལས་ཀྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས། ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན་ལ། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་སིང་ག་ཕོར་ནས་དཔལ་འབྱོར་བྱ་འགུལ་སྤེལ་བར་མཐུན་རྐྱེན་བསྐྲུན་རྒྱུ་ནི་རེ་བ་ཡིན། ཀྲུང་གོས་སིང་ག་ཕོར་དང་མཉམ་དུ། བར་ཆད་ཡོངས་སུ་སེལ་ནས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བཟང་བོ་བྱེད་འདོད་ཡོད་ཟེར།
        ལིས་ཞན་ལུང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་ཤན་ཤུགས་ཟབ་མོ་ཐེབས་ཡོད། ཁྱོད་ཀྱི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོས་རིམས་ནད་ལ་རྒྱལ་ཁའི་ངང་ཚོད་འཛིན་བྱེད་ཐུབ་ཡོད། སིང་ག་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་བརྒྱུད་རིམ་ཁྲོད་དུ་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད་ལ། ཀྲུང་གོས་སིང་ག་ཕོར་ཕྱོགས་ཀྱིས་རིམས་ནད་སེལ་བའི་ཐད་ལ་ནུས་པ་བཟང་བོ་བཏོན་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཁྱབ་ཁོངས་སོ་སོ་དང་ཕྱོགས་གཉིས་ཕྱོགས་མང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོས་འགོག་ཁབ་དང་སྨན་རྫས་གསར་སྤེལ་སོགས་ཀྱི་མཉམ་ལས་ཐད་ཤུགས་སྣོན་པ་དང་། འགྲོ་འོང་གི་མྱུར་ལམ་མུ་མཐུད་དུ་བཟང་བོར་བཀོལ་བ། སྐམ་མཚོའི་འགྲུལ་ལམ་གསར་བ་འཛུགས་སྐྲུན་བཟང་བོ་བྱེད་པ། ལས་ཐོན་སླར་གསོ་བརྟན་བརླིང་ངང་སྤེལ་བ། དཔལ་འབྱོར་སླར་གསོ་གོང་འཕེལ་ལ་ཡར་སྐུལ་བྱེད་པ་བཅས་ལ་རེ་སྒུག་བྱས་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རང་དབང་སྒོ་འབྱེད་ཉོ་འཚོང་ལ་སྲུང་སྐྱོབ་བྱས་ཏེ། ས་ཁུལ་གྱི་མཁོ་འདོན་འབྲེལ་ཐག་དང་ཐོན་ལས་འབྲེལ་ཐག་གེགས་མེད་ཡོང་བར་ཁག་ཐེག་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སིང་ག་ཕོར་གྱི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར།
        ལིས་ཞན་ལུང་གིས་ཉེ་སྔོན་ཀྲུང་གོའི་འབྲི་ཆུ་དང་ཧོའེ་ཆུའི་འབབ་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་བྱུང་བར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་དེར་བཀའ་དྲིན་ཞུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1