༄༅།།ཟློས་གར་ཆེན་མོ་བརྒྱད་ཀྱི་རྣམ་བཤད།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-16



དབང་ཆེན།
        འདིར་ཟློས་གར་ཆེན་མོ་བརྒྱད་ཀྱི་དོན་ཅུང་ཟད་བཤད་པ་ལ། ཐོག་མར་ཟློས་གར་ཞེས་པའི་ཡི་གེ་གཉིས་ཀྱི་དོན་ཚིག་གི་འབྲུ་ནོན་པའི་དབང་དུ་བྱས་ཏེ་ཟློས་ཞེས་པ་དེ་ལད་མོ་བྱས་པའམ་རྗེས་སུ་མཐུན་པར་ལུས་ངག་ཡིད་ཀྱི་དོན་མ་ཉམས་པར་རྣམ་པ་གསལ་བོར་མཚོན་པ་བྱས་པ་ཞིག་ལ་གོ་དགོས་པ་ཡིན། དེ་ཡང་མཚོན་བྱེད་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཇི་ལྟར་མཚོན་པར་བྱ་དགོས་ཤེ་ན་ལད་མོའམ་ཟློས་པའི་རྣམ་འགྱུར་གྱིས་གར་གྱི་ཉམས་དགུ་དང་ལྡན་པའི་སྒོ་ནས་མཚོན་པར་བྱ་དགོས་པ་ཡིན་ཏེ། འདི་ལ་གང་ཟློས་པ་དང་གང་གིས་ཟློས་པ་དང་ཇི་ལྟར་ཟློས་པ་ཞེས་བརྗོད་གཞིར་བྱས་ཏེ། དེ་ལ་དང་པོ་གང་ཟློས་པར་བྱ་དགོས་ཤེ་ན་སྔོན་གྱི་གཏམ་རྒྱུན་ཁྱད་པར་ཅན་དང་འབྲེལ་བའམ། ཡང་ན་སྐྱེས་བུ་དམ་པའི་རྣམ་ཐར་རམ་དཔའ་བོ་ཆེན་པོ་གཡུལ་དུ་ཞུགས་པའི་ལོ་རྒྱུས་དང་། རྒྱལ་པོ་ཆེན་པོའི་རྒྱལ་ཐབས་སྐྱོང་ཚུལ་སོགས་ཀྱི་དོན་འབུར་དུ་དོད་པ་ཞིག་གར་སྟེགས་སུ་བསྐྲུན་པ་ཞིག་ཡིན་སྟེ། མདོར་ན་གཟིགས་མོར་བར་ཚོར་བ་ཤུགས་དྲགས་ཤིག་འགོག་མེད་དུ་སློང་ཐུབ་པའི་བྲོ་བ་དང་ལྡན་པ་གར་གྱི་ཚུལ་དུ་ཟློས་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་ཡིན། གཉིས་པ། དེ་ལྟ་བུ་དེ་གང་ཟག་གང་གིས་ཟློས་པར་བྱ་དགོས་ཤེ་ན། གང་ཟག་གིས་ཟློས་ཀྱང་དེའི་རྒྱུད་ལ་མཐུན་རྐྱེན་གྱི་གྲོགས་ཤེས་རབ་ཕུན་སུམ་ཚོགས་ཤིང་བརྩོན་འགྲུས་དང་མོས་གུས་ཁྱད་པར་ཅན་དང་ལྡན་པ། ལོ་རྒྱུས་དང་རྣམ་ཐར་སོགས་སྒྱུ་རྩལ་ལ་བྱང་ཆུབ་པར་མཁས་ཤིང་སྤྲོ་སྣང་སྐྱེད་པར་བྱེད་པའི་སྤོབས་པ་ཞིག་དགོས།

 གཅིག །ཆོས་རྒྱལ་ནོར་བཟང་།
        ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ཐོག་མར་བྱུང་ཁུངས་ནི་སྟོན་པའི་སྐྱེས་རབ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་ཡལ་འདབ་དྲུག་བཅུ་རེ་བཞི་པ་ནོར་བཟང་གི་རྟོགས་བརྗོད་ཅེས་པ་དེ་ལས་བྱུང་བ་ཡིན། རྟོགས་བརྗོད་འདིའི་བརྗོད་དོན་གཙོ་བོ་ནི་སྔོན་བྱུང་གི་གཏམ་རྒྱུན་དང་འབྲེལ་ཏེ་བྱང་ཕྱོགས་མངའ་ལྡན་པ་དང་། ལྷོ་ཕྱོགས་རིགས་ལྡན་པ་ཞེས་པའི་རྒྱལ་ཁབ་གཉིས་ཡོད་པར་གྲགས་ལ། ལྷོ་ཕྱོགས་རིགས་ལྡན་པའི་རྒྱལ་པོ་ཤག་པ་གཞོན་ནུ་དེ་ནི་གདུག་རྩུབ་དང་ང་རྒྱལ་གྱིས་གཞན་དབང་ཁོ་ན་ལས་ལས་འབྲས་ཁྱད་དུ་གསོད་པར་བྱེད་པའི་རྒྱལ་པོ་ཞིག་ཡིན་ལ། རྒྱལ་ཁབ་དེར་བཀྲ་མི་ཤིས་པའི་རྟགས་ལོ་ཉེས་དང་ནད་ཡམས་སོགས་འགལ་རྐྱེན་ཁོ་ནས་ཉམས་ཉེས་ཏེ་མངའ་ཐང་རང་ཤུགས་ཀྱིས་ཉམ་རྒུད་དུ་སོང་། དེས་རྐྱེན་བྱས་ཏེ་རྒྱལ་པོ་ཤག་པ་གཞོན་ནུས་བྱང་ཕྱོགས་ཀྱི་རྒྱ་མཚོ་ན་གནས་པའི་ཀླུའི་རྒྱལ་པོ་གྲོགས་སུ་འགུག་པའི་བསམ་ངན་གྱིས་མངའ་ལྡན་པདྨ་བླ་མཚོའི་ཁ་ལ་སྔགས་པ་ཞིག་བཏང་། སྔགས་པ་དེས་ཀླུའི་རྒྱལ་པོ་ལ་གནོད་འཚེ་བཏང་སྐབས་རྔོན་པ་སྤང་ལེབ་འཛིན་གྱིས་ཀླུའི་རྒྱལ་པོ་དེ་སྐྱབས་པར་གྲགས། ཀླུའི་རྒྱལ་པོའི་རྔོན་པ་སྤང་ལེབ་འཛིན་ལ་དྲིན་ལན་འཇལ་ཕྱིར་ཀླུ་ཡུལ་དུ་གདན་དྲངས་ཏེ། བྱིན་རླབས་ཅན་གྱི་ནོར་བུ་རིན་ཆེན་དགོས་འདོད་ཀུན་འབྱུང་ཕུལ། དེ་ནས་རྔོན་པ་སྤང་ལེབ་འཛིན་དྲང་སྲོང་བློ་གྲོས་རབ་གསལ་གྱི་མདུན་དུ་སོང་ནས་འདུག་སྐབས། དྲི་ཟའི་རྒྱལ་པོའི་སྲས་མོ་ཡིད་འཕྲོག་ལྷ་མོ་འཁོར་དང་བཅས་པ་ཚངས་པ་འདུ་བའི་ཁྲུས་ཀྱི་རྫིང་བུ་རུ་སྐུ་ཁྲུས་གསོལ་བར་ཕེབས་པ་མཐོང་ནས། དྲི་ཟའི་ལྷ་མོ་དེ་དག་གི་ཁྲོད་ནས་གཅིག་བཟུང་སྟེ་རང་གིས་ཆུང་མ་བྱེད་པར་འདོད་པས། ཀླུ་ཡུལ་ནས་ནོར་བུ་དོན་ཡོད་ཞགས་པ་འཁྱེར་འོངས་ནས་ཡིད་འཕྲོག་ལྷ་མོ་བཟུང་། འོན་ཀྱང་ཡིད་འཕྲོག་ལྷ་མོ་རྔོན་པའི་གཏན་གྲོགས་བྱེད་པར་ཡིད་མ་འཐད་ནས། དྲང་སྲོང་བློ་གྲོས་རབ་གསལ་གྱི་དགོངས་པ་ལྟར། རྔོན་པས་ཡིད་འཕྲོག་ལྷ་མོ་བྱང་ཕྱོགས་མངའ་ལྡན་པའི་རྒྱལ་པོ་ནོར་བཟང་གི་བཙུན་མོར་ཕུལ། ཆོས་རྒྱལ་ནོར་བཟང་གིས་ཡིད་འཕྲོག་ལྷ་མོ་ཁབ་ཏུ་བཞེས་པས་ཁོང་གཉིས་ཕན་ཚུན་མཛའ་ཞིང་མཐུན་པར་གྱུར་ནས་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་རོལ་ཞིང་བཞུགས། དེ་ལྟར་ནའང་ནོར་བཟང་གི་བཙུན་མོ་ལྔ་བརྒྱ་ཁབ་ཏུ་བཞེས་པ་དེ་ཕྲག་དོག་སྐྱེས་ནས་ཡིད་འཕྲོག་ལྷ་མོ་མེད་པར་གཏོང་ཆེད་ཨ་མཆོད་ཧ་རི་དང་ངེས་འབྲེལ་བྱས། ཨ་མཆོད་ཧ་རིས་གཡོ་སྒྱུ་བཀོལ་ཏེ་ཆོས་རྒྱལ་ནོར་བཟང་བྱང་ཕྱོགས་སུ་དགྲ་འདུལ་བར་བརྫངས། ནོར་བཟང་ཕེབས་ཤུལ་དུ་ཨ་མཆོད་ཧ་རིས་ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་ཡིད་འཕྲོག་ལྷ་མོ་གསོད་པར་བརྩམས་པས་ཡིད་འཕྲོག་ལྷ་མོའི་ཨ་མཆོད་ཀྱི་ལྐོག་གཡོ་བརྩམས་པར་ཤེས་ནས་དྲི་ཟའི་ཡུལ་དུ་འཕུར། ཆོས་རྒྱལ་ནོར་བཟང་བྱང་ཕྱོགས་ནས་ཕྱིར་ཕེབས་ཚེ། ཡིད་འཕྲོག་ལྷ་མོ་དྲི་ཟའི་ཡུལ་དུ་གཤེགས་པ་ཤེས་ཏེ་ཐུགས་ལ་སྐྱོ་སྣང་ཚད་མེད་སྐྱེས། རྒྱལ་སྲིད་མཆིལ་མའི་ཐལ་བར་བཞིན་དུ་བསྐྱུར་ནས་དྲང་སྲོང་བློ་གྲོས་རབ་གསལ་གྱི་དྲུང་དུ་ཕེབས་པ་ན། ཡིད་འཕྲོག་ལྷ་མོས་བཞག་པའི་རིན་ཆེན་གསེར་གདུབ་ཐོབ། དེ་ནས་ཆོས་རྒྱལ་ནོར་བཟང་གིས་ལམ་དགྲ་མ་ལུས་པ་བཏུལ་ནས་ལྗོན་པའི་ཡུལ་དུ་ཡིད་འཕྲོག་ལྷ་མོ་འཚོལ་དུ་ཕྱིན། དྲི་ཟའི་རྒྱལ་པོ་རྟ་མགོ་ཅན་གྱིས་ཡིད་འཕྲོག་ལྷ་མོ་ཆོས་རྒྱལ་ནོར་བཟང་གི་བཙུན་མོར་སྟེར་མ་འདོད་པས་ཐབས་ཚུལ་སྣ་ཚོགས་བཀོལ་ནས་བཀག་འགོག་བྱས་པ་དང་། དྲི་ཟའི་རྩལ་པོ་ཆེ་རྣམས་དང་དཔའ་རྩལ་འགྲན་དུ་བཅུག །སྟེ་ཉམས་ཚད་བླངས་བར་བྱས། ཡིན་ན་ཡང་ཆོས་རྒྱལ་ནོར་བཟང་ཀུན་ནས་རྒྱལ་བར་གྱུར་པ་དང་། མདའ་འཕངས་པའི་རྟགས་མར་ཡང་ཡིད་འཕྲོག་ལྷ་མོ་ནོར་བཟང་ལ་བབས། མཇུག་མཐར་དྲི་ཟའི་རྒྱལ་པོས་ཡིད་འཕྲོག་ལྷ་མོ་ནོར་བཟང་ལ་མི་སྟེར་ཀ་མེད་བྱུང་། གོང་གི་བརྗོད་དོན་ལ་བརྟགས་གཞིག་བྱས་ཏེ་ཡུལ་དུས་རང་བཞིན་དང་མི་སྣའི་སྣང་བརྙན་བསྐྲུན་ནས་འཁྲབ་ཁྲིད་པས་གོ་རིམ་མ་འཁྲུགས་པར་སྒྱུ་རྩལ་གྱི་གར་སྟེགས་སུ་བསྐྲུན་ཞིང་ཉམས་འབུར་དུ་དོད་པ་བྱས་པ་ནི་ཟློས་གར་འདིའི་ཁྱད་ཆོས་སུ་མངོན་ནོ། །

 གཉིས་པ། རྒྱལ་བུ་དྲི་མེད་ཀུན་ལྡན།
        དྲི་མེད་ཀུན་ལྡན་གྱི་རྣམ་ཐར་གྱི་འབྱུང་ཁུངས་ནི། འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ཞེས་པ་དེ་ཡིན། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་བརྗོད་དོན་གཙོ་བོ་ནི། སྔོན་གྱི་གཏམ་རྒྱུད་ལས་བྷེ་ཏའི་ཡུལ་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་སྐྱོང་གྲགས་ཞེས་བྱ་བ་ཞིག་ལ་རྒྱལ་རྒྱུད་འཛིན་པའི་སྲས་གཅིག་ཀྱང་མ་བྱུང་བས། རྒྱལ་པོའི་མཆོད་སྦྱིན་གྱི་བསོད་ནམས་ཚད་མེད་པར་ཚོགས་བསགས་པ་ལ་བརྟེན་བཙུན་མོ་དགེ་ལྡན་བཟང་མོ་ཞེས་བྱ་བ་དེ་ལ་རྒྱལ་བུ་ཞིག་འཁྲུངས་བ་ལ་རྒྱལ་བློན་ཐམས་ཅད་དགའ་མགུ་ཡི་རངས་ནས་མཚན་ལ་དྲི་མེད་ཀུན་ལྡན་ཞེས་གསོལ་བ་གྲགས། དེ་ལ་རྒྱལ་བུ་རིམ་བཞིན་ནར་སོན་པ་ན་ཡུལ་པདྨ་ཅན་གྱི་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བའི་སྲས་མོ་མན་དྷེ་བཟང་མོ་བཙུན་མོ་བླངས་ནས་ལེགས་ལྡན་དང་ལེགས་དཔལ་ཞེས་པའི་སྲས་ཆེ་ཆུང་གཉིས་དང་སྲས་མོ་ལེགས་མཛེས་མ་ཞེས་པ་ཞིག་དང་གསུམ་འཁྲུངས་བ་དང་། དྲི་མེད་ཀུན་ལྡན་ནི་ཆུང་དུས་ནས་བྱམས་པ་དང་སྙིང་རྗེ་ཚད་མེད་པར་ལྡན་ཞིང་དབུལ་ཞིང་ཕོངས་པའི་མ་འདྲིས་པའི་འགྲོ་བ་ཡོངས་ལ་གཏོང་ཕོད་ཆེ། ཉིན་ཞིག་འཁོར་བློན་འབངས་རྣམས་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་སྐྱོ་སངས་བྱོན་པ་ན། རྒྱལ་པོའི་ཕོ་བྲང་གི་ཉེ་འཁོར་ན་དབུལ་ཕོངས་དང་སྡུག་བསྔལ་གྱིས་མནར་བའི་མི་ཚོགས་འདུས་པ་རྒྱ་མཚོའི་ནང་ནས་ཀུན་གྱིས་དྲི་མེད་ཀུན་ལྡན་ལ་ཅེར་གྱིས་བལྟས་པར་མཐོང་བས་ཁོང་གི་སེམས་སུ་སྡུག་བསྔལ་དང་ལེན་གྱི་སྙིང་རྗེ་བཟོད་གླགས་མེད་པར་ཞིག་སྐྱེས་པའི་རྐྱེན་གྱིས་ཡབ་རྒྱལ་པོའི་མདུན་སྦྱིན་པ་གཏོང་དགོས་པའི་གནང་བར་ཞུས་པས་རྒྱལ་པོས་ཀྱང་དེ་ལྟར་གནང་བར་བསྩལ། རྒྱལ་པོའི་བང་མཛོད་ཀྱི་སྒོ་ཕྱེས་ནས་རིན་པོ་ཆེ་དང་ནོར་བུ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་ཡུལ་ཁམས་དེའི་འཁོར་མངའ་འབངས་རྣམས་ལ་སྐད་གསང་མཐོན་པོའི་སྦྱིན་པའི་མགྲོན་དུ་བོས་ནས་ཡུལ་ཁམས་དེའི་སྐྱེ་བོ་ཀུན་དབུལ་ཕོངས་ཀྱིས་སྡུག་བསྔལ་ལས་སྒྲོལ་བར་མཛད་དོ། །སྐབས་དེར་ཡུལ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་རྒྱལ་པོ་ཤིང་ཁྲི་བཙན་པོ་ཞེས་བྱ་བ་དེས་གཏམ་དེ་ཐོས་མ་ཐག་སྙིང་ལ་མནག་དཀའ་བའི་འདོད་གདུང་མནར་བས་འཁོར་གྱི་བློན་འབངས་ནང་ནས་བྲམ་ཟེ་བློ་གྲོས་ཞེས་པ་དེ་བོས་ནས་ནོར་བུ་དགོས་འདོད་དཔུང་འཇོམས་སློང་བར་བཏང་། རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཕངས་པ་མེད་པར་ནོར་བུ་དགོས་འདོད་ཀུན་འཇོམས་དེ་བྲམ་ཟེ་བློ་གྲོས་ལ་བྱིན་པ་ན། གཏམ་དེ་ཡབ་རྒྱལ་པོ་ས་སྐྱོང་གྲགས་པས་ཐོས་འཕྲལ་རབ་ཏུ་ཁྲོས་པར་གྱུར་ཏེ་དེ་མ་ཐག་རྒྱལ་བུ་དྲི་མེད་ཀུན་ལྡན་ལ་སྡང་ཞིང་སྡིག་པའི་གཏམ་གྱིས་ལོ་བཅུ་གཉིས་བར་བདུད་རི་ཧ་ཤང་གི་གནས་སུ་བསྐྱུངས་བའི་ཁྲིམས་ཆད་བཅད། དྲི་མེད་ཀུན་ལྡན་བདུད་རི་ཧ་ཤང་ལ་འགྲོ་བར་བརྩམ་པ་ན་བཙུན་མོ་དང་སྲས་མིང་སྲིང་གསུམ་པོ་ཡང་ལྷན་དུ་རྗེས་སུ་གཤེགས་ཏེ་དྲི་མེད་ཀུན་ལྡན་གྱིས་ལམ་པར་ནས་སློང་མོ་བ་རྣམས་ལ་ནོར་སྐལ་རྣམས་ཕོངས་མེད་དུ་སྦྱིན་པ་བྱིན་པ་མ་ཟད་སྲས་མིང་སྲིང་གསུམ་པོ་ཡང་སློང་མོ་བ་རྣམས་ལ་ཕོངས་མེད་དུ་བྱིན། ད་དུང་ཚངས་པས་སློང་ཚད་ཉམས་འདོན་པའི་ཆེད་དུ་བཙུན་མོ་མན་དྷེ་བཟང་མོ་སློང་བས་ཁོང་གིས་ལན་དང་རྣམ་སྨིན་སོགས་གང་ལའང་མ་ལྟོས་པར་ཕངས་མེད་དུ་སྦྱིན་པ་མཛད་པར་གྲགས། དེ་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་བཟའ་ཟླ་ཟུང་བདུད་རི་ཧ་ཤང་དུ་ལོ་བཅུ་གཉིས་འདུག་ནས་ཕྱིར་རང་གནས་སུ་ལོག་པའི་ལམ་བར་དུ་བྲམ་ཟེ་ལོང་བ་ཞིག་དང་འཕྲད་ནས་བྲམ་ཟེ་ལ་དྲི་མེད་ཀུན་ལྡན་རང་གིས་མིག་གཉིས་ཀྱང་བྱིན་པས་སྦྱིན་པའི་མཐའ་རྫོགས་པར་མཛད་དོ། །དེ་ལྟར་ནའང་དྲི་མེད་ཀུན་ལྡན་སྦྱིན་པའི་སྟོབས་ཀྱིས་མིག་གཉིས་སྔར་ལས་ཀྱང་གསལ་བ་མ་ཟད་བྲམ་ཟེ་བློ་གྲོས་ཀྱིས་ནོར་བུ་དགོས་འདོད་དཔུང་འཇོམས་ཕྱིར་སྤྲོད་པ་དང་སྲས་མིང་སྲིང་གསུམ་པོ་ཡང་བྲམ་ཟེ་རྣམས་ཀྱིས་ཕྱིར་ཕུལ་བའི་ལོ་རྒྱུས་གསལ་ལ། དེ་ལྟར་རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཡུམ་སྲས་དང་བཅས་པ་རང་ཡུལ་དུ་ཕེབས་པར་མ་ཟད་ཡབ་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ་འཁོར་མངའ་འབངས་དང་བཅས་འདི་ཕྱི་གཏན་གྱིས་བདེ་སྐྱིད་ཀྱི་ས་ལ་བཀོད་པ་གྲགས་པའི་རྣམ་ཐར་འཁྲབ་གཞུང་དུ་བྱས་ཏེ་སྒྱུ་རྩལ་གྱི་གར་སྟེགས་འདིར་བསྐྲུན་པ་ལགས་སོ། །

 གསུམ་པ། གཟུགས་ཀྱི་ཉི་མ།

    རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ལོ་ཙཱ་བ་བེེ་རོ་ཙ་ན་དང་ཤེའུ་ལོ་ཙཱ་བ་གཉིས་ཀྱིས་རྒྱ་གར་ནས་བསྒྱུར་པའི་གཏམ་རྒྱུད་ཅིག་ཡིན་ལ། བརྗོད་དོན་གཙོ་བོ་ནི་རྒྱལ་བུ་ཟླ་བའི་སེང་གེ་ཞེས་བྱ་བས་རིགས་ངན་གྱི་བུ་མོ་ཞིག་བཙུན་མོར་བླངས་རྗེས་ཡུན་རིང་མ་ལོན་པར། ཡང་དེ་ལས་གཞན་པའི་དྲང་སྲོང་སྒོམ་ཆེན་གྱི་བུ་མོ་མཛེས་སྡུག་ལྡན་པ་ཞིག་ཀྱང་བཙུན་མོར་བཞེས་པས་རྐྱེན་བྱས་ཏེ། རིགས་ངན་གྱི་བུ་མོ་དེ་ཕྲག་དོག་དང་ཞེ་སྡང་གི་ཀུན་ནས་སློང་སྟེ་གླུ་གར་ལ་མཁས་པའི་གན་དྷེ་བཟང་མོ་དང་གྲོས་ངན་བརྩམས་ཏེ་གཟུགས་ཀྱི་ཉི་མ་བསླུ་ཁྲིད་བྱས་པར་རྒྱུད། མ་ཉེས་ཁ་གཡོགས་སོགས་ཞོར་དུ་མི་འདོད་པའི་བྱ་བ་གང་མང་བྱས་མཐར། རྒྱལ་པོའང་གཡོ་འོག་ཏུ་ཚུད་དེ་གཟུགས་ཀྱི་ཉི་མ་གཤེད་མ་གསུམ་གྱི་ལག་ཏུ་སྤྲད་ནས་དུར་ཁྲོད་དུ་གསོས་པར་བཏང་མོད། གཟུགས་ཀྱི་ཉི་མ་བསོད་ནམས་དང་དབང་ཐང་ཆེ་བའི་སྟོབས་ཀྱིས་རྫོགས་མཐའ་མེད་པའི་མཚར་སྡུག་དང་ཟིལ་ཆེ་བས་གཤེད་མ་དེ་དག་ལག་བརྡར་བའི་སྤོབས་པ་དང་བྲལ་ཏེ་རང་སར་བཏང་བ་དང་། ཡབ་དྲང་སྲོང་ནི་འདས་ཟིན་པས་བློ་ཐབས་གཞན་གང་ལ་ཡང་རེ་ལྟོས་མ་བྱས་པར་རྣལ་འབྱོར་མའི་སྤྱོད་པ་སྤྱད་དེ་རྒྱལ་ཁམས་ཕྱོགས་མེད་དུ་བསྐོར་བའི་མཐར་སླར་ཡང་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་ཕྱོགས་སུ་སླེབས་པ་ན། རྒྱལ་སྲས་ཟླ་བའི་སེངྒེ་དེ་གཟུགས་ཀྱི་ཉི་མ་མེད་པའི་མྱ་ངན་གྱིས་གདུང་སེམས་མ་ཡལ་བའི་སྐབས་དང་ཁེལ་བ་ན་ཞལ་མཐོང་མ་ཐག་རྣལ་འབྱོར་མ་དེ་གཟུགས་ཀྱི་ཉི་མ་ཡིན་པ་ཤེས་ནས་དགའ་སྤྲོ་ཚད་མེད་པའི་ངང་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས། གན་དྷེ་བཟང་མོ་དང་རིགས་ངན་བུ་མོ་གཉིས་ཀྱི་ལྐོག་གཡོ་དང་ངན་འབྲེལ་བྱས་པའི་བྱ་ངན་རྣམས་ལྷག་ལུས་མེད་པར་འཚང་འདོན། རྒྱལ་པོ་རྒྱལ་སྲས་དང་བཅས་གཡོ་འོག་ཏུ་ཚུད་པའི་རྨོངས་མུན་གྱི་གཉིད་ལས་སློང་སྟེ། གཟུགས་ཀྱི་ཉི་མ་སླར་ཡང་བཙུན་མོར་དབང་བསྐུར་ཞིང་མངའ་གསོལ་བ་མཛད་ནས། རྒྱལ་པོ་ཟླ་བའི་སེངྒེ་དང་བཙུན་མོ་གཟུགས་ཀྱི་ཉི་མ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་གདུང་དེ་འཁྲབ་གཞུང་གི་བརྗོད་སྙིང་བྱས་ཏེ་གོ་རིམ་ལྡན་པའི་སྒྱུ་རྩལ་པས་འཁྲབ་ཁྲིད་བྱས་ཏེ་ལོ་རྒྱུས་ཀྱི་གར་སྟེགས་བསྐྲུན་པའི་རྣམ་ཐར་ཞིག་ཡིན།


 བཞི་པ། རྒྱ་བཟའ་ཀོང་ཇོ།

        དེ་ཡང་དུས་རབས་བདུན་པའི་སྐབས་སུ་བོད་རྒྱལ་སྲོང་བཙན་སྒོམ་པོས་རྒྱ་ནག་རྒྱལ་པོ་ཐང་ཐེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་དེ་བཙུན་མོར་བསུ་ཆེད། བློན་ཆེན་མགར་དམ་པ་གཙོས་རྐྱ་མི་བརྒྱ་ཕྲག་དང་ལྷན་ཅིག་ཏུ་རྒྱ་ནག་ཏུ་བརྫངས། དེ་དང་དུས་མཚུངས་སུ་རྒྱ་གར་དང་ཏ་ཟིག་གེ་སར་ཧོར་གྱི་རྒྱལ་པོ་བཞིའི་བློན་པོ་རྣམས་ཀྱང་ལྷ་གཅིག་ཀོང་ཇོ་དེ་རང་རང་གིས་རྒྱལ་པོས་བཙུན་མོར་གདན་དྲངས་པའི་ཆེད་རྒྱ་ནག་གི་རྒྱལ་པོའི་ཕོ་བྲང་དུ་དུས་གཅིག་ཏུ་སླེབས། དེ་ནས་རྒྱལ་པོ་ཐང་ཐེ་ཙུང་གིས་ལྷ་གཅིག་བོད་དུ་སྟེར་མ་འདོད་པས་བློན་པོ་རིག་པ་རྣོ་བ་ཞིག་ལ་སྟེར་དགོས་པའི་གཏམ་གྱི་ཚིག་ཟུར་འཕངས་ནས། བླ་གཡུ་ཕུབ་ཙམ་གྱི་དཀྱིལ་དང་མཐའ་ན་མིག་རེ་ཡོད་པ་ཞིག་དེ་ལ་དར་ཡུག་ཚུད་པའི་ཐབས་སུ་ལ་མངའ་བ་དེ་ལ་ལྷ་གཅིག་སྟེར་བའི་བཀའ་བསྩལ། བློན་པོ་གཞན་དེ་དག་གིས་ཉིན་ཁ་ཤས་ལ་ཐབས་བཀོལ་ཡང་དར་ཡུག་ཚུད་པའི་བློ་མ་རྙེད། བོད་བློན་མགར་གྱིས་གྲོག་མ་ཆེན་པོ་ཞིག་གི་རྐེད་པར་དར་སྐུད་བཏགས་ཏེ་མིག་གཅིག་ནས་ཕུས་བཏབ་པས་དར་ཡུག་ཚུད་པར་གྱུར་ཀྱང་ལྷ་གཅིག་མ་སྟེར། ཡང་རྒོད་མ་མ་བུ་ཆེ་ཆུང་མཉམ་པ་བརྒྱ་གཏད་ནས་སོ་སོའི་མ་བུ་སུས་ངོས་ཟིན་པ་དེ་ལ་ལྷ་གཅིག་སྟེར་བའི་བཀའ་གནང་། བློན་པོ་གཞན་རྣམས་ཀྱིས་ངོས་ཟིན་པའི་ཐབས་མ་རྙེད། མགར་གྱིས་རྟེའུ་རྣམས་ལ་ཞག་གཅིག་ཆུ་མ་བླུད་པར་སང་ཉིན་བཏང་བས་རང་རང་གི་མས་ནུ་མ་བསྣུན་པས་ངོ་ཤེས་པས་དེས་ཀྱང་ལྷ་གཅིག་མ་སྟེར་བས། ཡང་ཆེ་ཆུང་མཉམ་པའི་བྱ་མ་བུ་བརྒྱ་གཏད་ནས་མ་བུ་སོ་སོར་ཕྱེས་ཤིག་ཅེས་སྐུལ་བས། ཡང་བློན་པོ་གཞན་སུས་ཀྱང་ཕྱེ་མ་ཤེས། མགར་གྱིས་ཐང་ཆེ་ས་ཞིག་ལ་སྦང་མ་གཏོར་བས་གཉིས་གཉིས་ལྷན་དུ་ཟ་བས་བྱ་མ་བུ་ངོས་ཟིན་པས་དེས་ཀྱང་མ་སྟེར་བས། ཡང་ཤིང་ཟླུམ་པོ་སྦོམ་ཕྲ་སྙོམས་པ་ཞིག་རྩེ་གཏིང་ངོས་ཟིན་པ་ལ་སྟེར་བར་བཤད་ཀྱང་། བློན་པོ་གཞན་གྱིས་མ་ཤེས། མགར་གྱིས་ཤིང་དེ་ཆུ་ལ་བསྐྱུར་བས་རྩེ་གཏིང་ཤེས་སོང་ཡང་དེས་ཀྱང་ལྷ་གཅིག་མ་སྟེར། ཡང་ཉིན་གཅིག་ལ་མི་རེས་ལུག་ཤ་བུབས་རེ་ཟོས་ནས་པགས་པ་ཡང་མཉེད་ཟིན་པ་ལ་སྟེར་བ་བཤད་པས་བློན་པོ་གཞན་རྣམས་ཀྱིས་གང་ཡང་མ་ནུས། བོད་བློན་རྣམས་ཀྱིས་ཤ་དང་པགས་པ་སོ་སོར་སྤུངས་ནས་ཤ་ཉུང་ངུ་རེ་ཚ་དང་བསྒྲེས་ཏེ་ཟ་ཚར་བར་བྱས་ཏེ་པགས་པ་རྣམས་གྲལ་མགོ་ནས་རིམ་བཞིན་འཕུར་བ་རེ་བྱས་པས་མཉེས་ཟིན་པར་བྱས་པས་དེས་ཀྱང་མ་ཀོང་ཇོ་མ་སྟེར། ཡང་ཉི་མ་ཕྱེད་ཚུན་ལ་མི་རེས་ཆང་བན་རེ་འཐུང་ནས་མ་བཟི་བ་དེ་ལ་སྟེར་ཞེས་བློན་རེ་ལ་ཆང་བན་རེ་གཏད་ནས་གསོལ་དུ་འཇུག་པས། བློན་པོ་གཞན་ཚང་མ་བཟི་བས་མ་ཟད་སྐྱུགས་སོ། །བོན་བློན་དེ་དག་སྣོད་ཆུང་ངུར་ཧུབ་རེ་ཧུབ་རེ་བྱས་ནས་བཏུང་ཚར་བར་བྱས་པས་མ་བཟི་ཡང་དེས་ཀྱང་མ་སྟེར། ཡང་ནུབ་ཅིག་རྔ་བོ་ཆེ་བརྡུངས་ནས་ཐམས་ཅད་ཕོ་བྲང་དུ་འཛོམས་པ་ན། རྒྱ་རྗེས་དོ་ནུབ་ལམ་མ་འཛོལ་བར་རང་རང་འདུག་གནས་སུས་རྙེད་པར་དེ་ལ་སྟེར་རོ་ཟེར་བས། དེ་ནུབ་བློན་པོ་གཞན་རྣམས་ལམ་ལོག་ཏུ་སོང་ནས་འདུག་ས་མ་རྙེད་པར་གནས་སྟོར་བ་དང་། མགར་གྱིས་སྒོ་རྣམས་རྟགས་བརྒྱབ་ནས་ཡོང་ཡོད་པས་སྒྲོན་མེ་བཏེགས་ནས་རྟགས་ལ་ལྟས་ཤིང་འདུག་གནས་རྙེད་ཀྱང་ད་དུང་ཀོང་ཇོ་བོད་ལ་སྟེར་མ་འདོད་པས། མཇུག་ཏུ་རྒྱལ་པོས་ཀོང་ཇོ་གཞོན་ནུ་མ་མཛེས་ཤིང་ལྟ་ན་སྡུག་པ་སུམ་བརྒྱ་དང་མཉམ་དུ་བསྲེས་པ་བསྟར་བ་ལས། སུས་ངོས་ཟིན་པར་དེ་ལ་སྟེར་བ་ཁས་བླངས་པས། གནས་མོ་ཞིག་གིས་རོགས་རམ་བྱས་ནས་མགར་གྱིས་མཛེས་མ་སུམ་བརྒྱ་ལས་དགར་ཏེ་ཀོང་ཇོ་གདམ་གསེས་བྱུང་བ་གྲགས་པས་ལྷ་གཅིག་བོད་རྒྱལ་སྲོང་བཙན་གྱི་བཙུན་མོ་ཐོབ་པར་བྱུང་། དེ་ནས་བོད་བློན་མགར་དམ་པས་རྒྱ་ནག་རྒྱལ་རྗེའི་སྲས་མོ་ཀོང་ཇོ་འཁོར་དང་བཅས་པ་ཁྲིད་ནས་བོད་ལ་ཆས་ནས་བོད་རྒྱལ་སྲོང་བཙན་ལ་གཉེན་སྟོན་གྱི་མཛད་སྒོ་སྤེལ་བར་འཁྲབ་གཞུང་གི་བརྗོད་བྱ་བྱས་པའི་རྣམ་ཐར་ཞིག་ཡིན་ནོ། །

 ལྔ་པ། པདྨ་འོད་འབར།
        ཁ་ན་མུ་ཎི་ཞེས་བྱ་བའི་ཡུལ་དེ་ན་རྒྱལ་པོ་མ་རུང་པ་ལོག་པའི་མཆོད་སྦྱིན་ཟེར་བ་ཞིག་ཡོད་པ་དེའི་བློན་པོ་ནོར་བཟང་ཞེས་པ་གཞུང་དྲང་ཞིང་ལས་ལ་འཇོན་པ་དེ་ས་ནོར་གྱིས་དབུལ་བའི་རྒྱལ་པོའི་ཁབ་འདི་ཉིད་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཏུ་བསྒྱུར་བས་ན། རྒྱལ་པོའི་ལེགས་སྐྱེས་བསྩལ་བ་ཕར་ཞོགས་མ་འོངས་པར་རང་གིས་རྒྱལ་སྲིད་དབང་དུ་བསྒྱུར་བར་ཐེ་ཚོམ་སྐྱེས་ནས། བློན་ནོར་བཟང་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་པར་འགྲོ་དགོས་ཞེས་བཙན་ཤེད་ཀྱིས་དབང་མེད་དུ་བརྫངས་ནས་སླར་ཕྱིར་ལོག་པའི་སྐབས་མེད་པ་བཟོས་པར་བྱས་པ་དང་། དེས་མ་ཚད་ནོར་བཟང་གི་བུ་པདྨ་འོད་འབར་ཡང་རྒྱ་མཚོའི་གླིང་དུ་བཏང་ནས་ཕ་བཞིན་དུ་ལྔ་པའི་ལམ་དུ་གྲོང་བའི་བསམ་ངན་བཅངས་ན་ཡང་། སྲས་པདྨ་འོད་འབུམ་གྱིས་རྒྱ་མཚོའི་གླིང་ནས་ནོར་བུ་བླངས་ནས་ཏེ་ཕྱིར་ལོག་ཀྱང་། རྒྱལ་པོས་སླར་ཡང་མེད་པར་བཟོ་བའི་ཐབས་སུ་ལྷོ་ནུབ་སྲིན་པོའི་ཡུལ་དུ་གསེར་གྱི་སླ་ང་དང་མཆང་གི་རྔ་ཡབ་ལེན་དུ་བཏང་ན་ཡང་། བཀའ་བཞིན་བསྒྲུབས་ནས་སླར་ཕྱིར་ལོག་པ་ལ་རྒྱལ་པོ་ཤིན་ཏུ་འཇིགས་ཤིང་ཐབས་ཀྱང་ཟད་དེ་མཐར་ཤན་པའི་ལག་ཏུ་སྤྲད་ནས་ཤར་རིའི་རྩེ་ལ་མེ་མཆོད་དུ་བྱས་ཏེ་ལུས་པོ་སོལ་བའི་རྡུལ་དུ་བཏང་བར་མཁའ་འགྲོའི་བྱིན་རླབས་ཀྱིས་སླར་སྔ་བཞིན་དུ་སོས་པ་དང་། དེ་ལྟ་བུའི་བྱ་བ་ངན་པ་བརྩམས་པའི་རྒྱལ་བློན་དེ་དག་གི་ལོག་པའི་མཆོད་སྦྱིན་བྱེད་པའི་བདུད་བློན་དག་གསེར་སླང་གི་གིས་མཁའ་དབྱིངས་སུ་བཏེགས་ནས་སྲིན་པོའི་ཁ་རུ་འཕངས་ཏེ། ཕྱིར་ལོག་པའི་སྐབས་ནམ་ཡང་མེད་པར་གྱུར་པ་དེ་ལས་བསམ་པ་ངན་པ་གཞན་ལ་བྱས་པས་སྦྱོར་བ་རྩུབ་མོ་རང་ལ་འཁོར་བའི་དཔེ་ལྟར་བྱུང་བས། ཡུལ་དེའི་འཁོར་མངའ་འབངས་ཐམས་ཅད་དང་བློན་པོའི་ཚོགས་བཅས་སྤྲོ་བ་དང་བཅས་པདྨ་འོད་འབར་ཤར་རིའི་རྩེ་ནས་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ་བས་དེ་ནས་བཟུང་སྐྱེ་བོ་ཀུན་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་དམ་པ་ཐོབ་པར་གྱུར་ཏོ། །རྒྱལ་པོའི་མ་རུང་པའི་ལས་ཀྱི་རྣམ་སྨིན་སྟོན་ཞིང་པདྨ་འོད་འབར་གྱི་གཞན་ཕན་རྣམ་དཀར་གྱི་ལས་ལ་དཔའ་མི་ཞུམ་པའི་སྙིང་སྟོབས་དང་བློ་གྲོས་ལ་བསྟོད་བསྔགས་བྱས་ཏེ། མཆོག་གསུམ་སྐྱབས་སུ་བསྙེན་པས་མི་འགྲུབ་པའི་བྱ་བ་གང་ཡང་མེད་ཅིང་གཞན་གྱིས་གནོད་པས་མི་ཚུགས་པར་རྣམ་ཐར་འདིའི་བརྗོད་གཞིར་བཟུང་ནས་སྒྱུ་རྩལ་གྱི་ལམ་ནས་བླང་དོར་ལ་འཇུག་ལྡོག་བྱེད་པའི་བརྗོད་དོན་གསལ་བར་མཚོན་པར་བྱས་ཡོད། །

 དྲུག་པ། དོན་ཡོད་དོན་གྲུབ།
        སྔོན་རྒྱལ་གར་འཕགས་པའི་ཡུལ་དུ་ཟང་གླིང་ཞེས་པའི་རྒྱལ་པོ་སྟོབས་ཀྱི་ལྷ་དང་། བཙུན་མོ་ཀུན་བཟང་མ་གཉིས་ལ་སྲས་ཤིག་འཁྲུངས་པར་དོན་གྲུབ་ཅེས་པའི་མཚན་གསོལ། རྒྱལ་བུ་དོན་གྲུབ་དགུང་ལོ་ལྔ་བཞེས་སྐབས་ཡུམ་ཀུན་བཟང་མ་ཚེ་ལས་འདས། དེ་ནས་རྒྱལ་པོས་པདྨ་ཅན་ཞེས་པའི་གཞོན་ནུ་མ་ཞིག་བཙུན་མོར་བཞེས་པ་དེ་ལ་ཡང་སྲས་གཅིག་འཁྲུངས་པས་མཚན་དོན་ཡོད་ཅེས་གསོལ། སྲས་དོན་ཡོད་ཀྱིས་ཆུང་དུས་ནས་ཡུམ་པདྨ་ཅན་ལས་ནུ་ཞོ་བཞེས་པ་ཙམ་མ་གཏོགས་གཅེན་པོ་དོན་གྲུབ་དང་མཉམ་འགྲོགས་དང་སྔས་གཅིག་གདན་གཅིག་གི་མལ་ནས་ཁ་བྲལ་མ་མྱོང་བས། ཉིན་ཞིག་ལ་བཙུན་མོ་པདྨ་ཅན་གྱིས་གཞན་གྱི་ངག་ལས་རྒྱལ་བུ་དོན་གྲུབ་རྒྱལ་སར་འདོན་འོས་པའི་གཏམ་ཐོས་པས། རང་གི་བུ་དོན་ཡོད་རྒྱལ་སར་བཀོད་པའི་ཆེད་དུ་རྒྱལ་བུ་དོན་གྲུབ་མེད་པར་བཏང་བའི་ངན་ཤོམ་བརྩམས་ནས་ཁོ་མོས་ཚ་ནད་དྲག་པོ་ཞིག་ཕོག་པའི་གཡོ་ཐབས་འཐེན། སྲས་དོན་གྲུབ་མེད་པར་མ་གཏང་ན་མ་འོངས་པར་རྒྱལ་པོའི་སྐུ་བསོད་དང་དབང་ཐང་ལ་གནོད་པའི་རྒྱུ་འགྱུར་ངེས་པར་མ་ཟད་ཁོ་མོའི་ཚེ་སྲོག་གི་བདག་པོ་འབྱུང་ངེས་ཞེས་རྒྱལ་པོ་ལ་བཤད་པས། རྒྱལ་པོའི་སྲས་དོན་གྲུབ་གཅན་གཟན་དང་འདྲེའི་ཡུལ་ཀོ་ཤ་ཞེས་པའི་གནས་སུ་བསྐྱུངས། དེ་ལྟར་ནའང་སྲས་སྤུན་མཆེད་གཉིས་སྐད་ཅིག་ཙམ་འབྲལ་མི་ཕོད་པ་ལྟ་བུའི་ཕན་ཚུན་བརྩེ་སེམས་ལྡན་པས་སྲས་དོན་ཡོད་ཀྱང་འཇབ་བུའི་གཅེན་པོའི་རྗེས་སུ་གཤེགས། རྒྱལ་སྲས་སྤུན་མཆེད་མི་མེད་ཀོ་ཤའི་ཡུལ་གྱི་ལུང་སྟོང་ཞིག་ཏུ་འབྱོར་ནས་ཤིན་ཏུ་སྐོམ་པས་གདུང་སྟེ་ཆུ་བཙལ་བས་མ་རྙེད་པར་ཅུང་པོ་དོན་ཡོད་དབང་མེད་དུ་ཚེ་ལས་འདས། དེ་ནས་སྲས་དོན་གྲུབ་རི་ནག་པོ་གསུམ་གྱི་ཕ་རོལ་དུ་བརྒལ་ནས་བླ་མ་ལེགས་པའི་བློ་གྲོས་ཞེས་བྱ་བ་ཞིག་དང་མཇལ། རྒྱལ་བུ་དོན་གྲུབ་གཤེགས་ཤུལ་དུ་ལྷ་ཆེན་ཚངས་པ་དཀར་པོས་བྲམ་ཟེ་ཞིག་གི་གཟུགས་སུ་སྤྲུལ་ནས་དོན་ཡོད་ལ་ལྷའི་མཆི་སོས་ཀྱི་བདུད་རྩི་ཞལ་དུ་བཏང་ནས་དེ་མ་ཐག་དོན་ཡོད་སོས་པར་གྱུར། དེ་ནས་དོན་གྲུབ་བླ་མ་ལེགས་པའི་བློ་གྲོས་བཞུགས་སའི་གནས་དེ་ནས་དཔག་ཚད་ལྔ་འདས་པའི་སར་རྒྱལ་ཁབ་ཅིག་ཡོད་པའི་གནས་དེར་ཆར་ཆུ་ཡུན་རིང་མ་བབས་པས་ལོ་ཐོག་སྐམ་ནས་མུ་གེའི་གདུང་བ་དང་། མི་ཕྱུག་ཀུན་ལ་ནད་ཡམས་སྣ་ཚོགས་ཀྱིས་བཙེས་པས་ཉེས་པའི་ཚེ། མོ་དང་རྩིས་བྱས་པས་བྱིས་པ་འབྲུག་ལོ་ཅན་ལོ་བཅོ་བརྒྱད་སོན་པ་ཞིག་གིས་ཀླུའི་རྒྱལ་པོར་མཆོད་པའི་རིམ་གྲོ་བསྒྲུབ་ན་ནད་ཡམས་རྒྱུན་ཆད་ནས་བཀྲ་ཤིས་ལོ་ལེགས་འབྱུང་བར་འགྱུར་ཞེས་གསུངས་པ་ན། བདུད་བློན་ཏྲི་ཤུས་རྒྱལ་བུ་དོན་གྲུབ་ཀྱི་ལོ་ཤིང་དེ་དང་ལོ་གྲངས་ཁེལ་ཡོད་པར་ཤེས་ཏེ་རྒྱལ་པོའི་ཕོ་བྲང་དུ་བོས་པའི་ཚེ་དོན་གྲུབ་ཕོ་བྲང་དུ་སླེབས་པ་དང་། རྒྱལ་པོ་སྲས་མོ་ལྷ་གཅིག་འོད་ལྡན་མ་དེ་དོན་གྲུབ་ལ་ཤིན་ཏུ་ཆགས་པར་གྱུར། དོན་གྲུབ་རྒྱ་མཚོར་ཕེབས་པ་ན་ཀླུའི་རྒྱལ་པོ་དེ་དག་དོན་གྲུབ་ཀྱི་སྙིང་སྟོབས་ལ་ཡི་རངས་བ་དང་། དོན་གྲུབ་རྒྱ་མཚོའི་ཕྱིར་ལྡོག་པའི་ཚེ་དེ་ནས་བཟུང་ཀླུ་མཆོད་པའི་རིམ་གྲོ་མི་དགོས་པར་བྱས་ཤིང་། དེ་ནས་བཟུང་ས་གནས་དེར་ཡོམས་ནད་ཆད་པ་དང་རྒྱུ་ནོར་ལོངས་སྤྱོད་འཕེལ་ཞིང་བཀྲ་ཤིས་ལོ་ཕྱུག་རྟག་ཏུ་ལེགས་པ་གྲགས་སོ། །དེ་ནས་དོན་གྲུབ་ཀྱིས་སྲས་མོ་ལྷ་གཅིག་འོད་ལྡན་མ་བཙུན་མོར་བཞེས་ནས་རྒྱལ་པོ་གོ་ཆའི་རྒྱལ་ཚབ་ཏུ་གྱུར་ཏོ། །དེ་ནས་ལོ་གཉིས་འདས་ནས་རྒྱལ་སྲས་དོན་གྲུབ་འཁོར་དང་བཅས་པ་སྔོན་རྒྱལ་བུ་དོན་ཡོད་སྐུ་གཤེགས་པའི་གནས་ནག་ཁྲོད་དེར་སྐྱོ་སངས་ལ་ཕེབས་པའི་ཚེ། གཅུང་པོ་དོན་ཡོད་དང་ཞལ་མཇལ་བའི་སྐལ་བཟང་གི་དགའ་སྟོན་ལ་དགྱེས་པར་རོལ་ཚེ། བདུད་བློན་ཏྲི་ཤུ་དོན་གྲུབ་རྒྱལ་ཚབ་ཏུ་དབང་བསྒྱུར་བ་ལ་མ་རངས་ནས་གངྒ་པ་གས་ཞེས་པའི་ཇག་དམག་དང་ངན་འབྲེལ་བྱས་ཏེ་རྒྱལ་བུ་དོན་གྲུབ་སར་གཡུལ་འགྱེད་པའི་ཚེ་སྲས་དོན་ཡོད་ཀྱིས་དམག་འཐབ་བྱས་ནས་ཕས་རྒོལ་གྱི་དགྲ་བོ་རྣམས་རྨེག་མེད་དུ་ཚར་བཅད། དེ་ནས་རྒྱལ་སྲས་སྤུན་མཆེད་ཟུང་རང་ཡུལ་ཟང་གླིང་རྒྱལ་ཁབ་བྱོན་ནས་ཕ་མ་གཉིས་དང་དགྱེས་འཛོམས་ངང་དོན་ཡོད་རྒྱལ་པོའི་གསེར་ཁྲིར་མངའ་གསོལ་མཛད། དེ་ནས་སྤུན་མཆེད་ཟུང་རྒྱལ་ཁབ་གཉིས་ཀྱི་མངའ་མཛད་བྱས་དེ་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་ལ་བསྔགས་བརྗོད་དང་བཙུན་མོ་པདྨ་ཅན་གྱི་ངན་གཡོ་ལ་ཐེར་འདོན་བྱས་པར་རྣམ་ཐར་འདིས་འཁྲབ་གཞུང་གི་བརྗོད་བྱར་བྱས་ཏེ་སྒྱུ་རྩལ་གྱི་གར་སྟེགས་གསར་པ་ཞིག་བསྐྲུན་པར་བྱས་པ་ཡིན། །

 བདུན་པ། འགྲོ་བ་བཟང་མོ།
        འགྲོ་བ་བཟང་མོའི་རྣམ་ཐར་གྱི་བརྗོད་དོན་གཙོ་བོ་ནི། མོན་རྟ་དབང་དགོན་པ་དགའ་ལྡན་རྣམ་རྒྱལ་གླིང་སྔར་ཆགས་སའི་གནའ་མིང་རྙིང་པའི་ས་ཆའི་ཆར་གཏོགས་མནྜལ་སྒང་ཞེས་པའི་ཡུལ་དེར་རྒྱལ་པོ་ཀཱ་ལ་དབང་པོ་ཞེས་བྱ་བ་ཞིག་ཡོད་ཅིང་ཉིན་ཞིག་རྒྱལ་བློན་འཁོར་དང་བཅས་པས་ཁྱི་མོ་ཁྲིད་དེ་ཁྱི་ར་ལ་གཤེགས། ཉིན་དེར་ཁ་ཤ་མང་དུ་བཟུང་ནས་ཉི་མ་དགོང་དྲོའི་མཚམས་སུ་ཁྱི་མོ་ནམ་མཁའི་འཇའ་བཞིན་ཡལ་ནས་གར་སོང་ཆ་མེད་དུ་སོང་། དེའི་ནུབ་མོར་རྒྱལ་བློན་འབངས་དང་བཅས་རི་རྩེ་དེར་ཉལ་ནས་ཕྱི་ཉིན་ནམ་ལངས་པ་དང་རྒྱལ་པོའི་བཀའ་ལྟར་བློན་པོ་ཏྲི་ཎ་འཛིན་སོང་སྟེ་ཁྱི་མོའི་རྗེས་བཙལ་བ་ན། ལམ་བར་ཤར་ཕྱོགས་ཀྱི་ནགས་ཀླུང་སྟུག་པོ་ཞིག་གི་ཁྲོད་ན་ཁང་ཁྱིམ་བཀོད་ལེགས་མཛེས་པ་ཞིག་མཐོང་བས་དེ་ན་ཁྱི་མོ་ཡོད་པ་འདྲ་སྙམ་སྟེ་སྙན་དུ་བོས་པས། རྒྱལ་བློན་འཁོར་བཅས་ནགས་གསེབ་ཀྱི་ཁང་ཁྱིམ་དེའི་སྒོ་རྩར་སླེབས་པས། དེ་རུ་འགྲོ་བ་བཟང་མོ་ཞེས་པའི་བུ་མོ་གཞོན་ནུ་མ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པར་མཐོང་ནས་རྒྱལ་པོས་བྲམ་ཟེ་ཡབ་ཡུམ་གཉིས་ལ་བུ་མོ་འདི་རྒྱལ་པོ་ངའི་བཙུན་མོར་འོས་སོ་ཞེས་སློང་བས་བྲམ་ཟེ་རྒན་རྒོན་གཉིས་ཡིད་འཐད་པར་བྱུང་། དེ་ནས་བསུ་བ་གཟབ་རྒྱས་སུ་མནྜལ་སྒང་དུ་ཞབས་སོར་འཁོད། དེ་ནས་འགྲོ་བ་བཟང་མོ་ལ་སྲས་སྲས་མོ་གཉིས་འཁྲུངས། ཡུམ་སྲས་གསུམ་གཟིམས་ཆུང་སྒྲོལ་མ་ལྷ་ཁང་བཞུགས། དུས་དེ་ཙ་ན་སྔོན་རྒྱལ་པོ་ཀཱ་ལ་དབང་པོ་ལ་བཙུན་མོ་ཧ་ཅང་ཟེར་བ་ཞིག་ཡོད་པ་དེས་ཡུམ་སྲས་གསུམ་ལ་གནོད་འཚེ་དང་བར་ཆད་ཀྱི་དབང་གིས་འགྲོ་བ་བཟང་མོ་ནམ་མཁའི་དབྱིངས་སུ་འཕུར། ཡབ་རྒྱལ་པོ་ཀཱ་་ལ་དབང་པོ་ལ་སྨྱོ་ཆུ་དྲངས་ནས་བཙོན་དུ་བཅུག གདུག་རྩུབ་ཆེན་པོས་ལྕམ་སྲིང་གཉིས་པོ་ཐེངས་གསུམ་ཙམ་དཀྲོངས་རྩིས་བྱས་མོད། དོན་ཐོག་ཏུ་མ་ཁེལ་བས་མི་འགྱང་བར་ལྷ་སྲས་རྒྱལ་བུ་པདྨ་ཅན་རྒྱལ་པོའི་གསེར་ཁྲིར་མངའ་གསོལ། ལྕམ་སྲིང་གཉིས་ཡུན་རིང་ཁ་བྲལ་བ་ལས་སླར་མཇལ་ཞིང་པདྨ་ཅན་གྱིས་རྒྱལ་སྲིད་བསྐྱངས། དེ་ནས་བདུད་མོ་ཧ་ཅང་མས་ཐོས་ཏེ་དམག་འབུམ་ཚོ་གཅིག་པདྨ་ཅན་དུ་དྲངས། དེའི་གདོང་ལེན་ལྷ་སྲས་རྒྱལ་བུའི་དམག་ཁྲི་ཚོ་གསུམ་གྱི་རུ་སྣ་མཛད་ནས་བདུད་མོ་ཧ་ཅང་མ་འཁོར་དང་བཅས་པ་མིང་གི་ལྷག་མར་བྱས། ཡབ་ཀཱ་ལ་དབང་པོ་མུན་པའི་བཙོན་ནས་བཏོན་ནས་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས། དྲིན་ཆེ་བའི་ཤན་པ་རྒན་རྒོན་གཉིས་དང་ཉ་པ་རྒན་རྒོན་གཉིས་ལ་གཟིགས་བཟོས་གྱ་ནོམ་པ་གནང་ནས་རྒྱལ་གཞིས་གཉིས་ཀྱི་ནང་བློན་བསྐོ་བཞག་མཛད། ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས་རྒྱལ་བློན་འཁོར་མངའ་འབངས་དང་བཅས་པ་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་རོལ་བ་དང་། འགྲོ་བ་བཟང་མོ་ཡུམ་སྲས་གསུམ་གྱི་ཧ་ཅང་མའི་ངན་གཡོའི་མནར་གཅོད་ཀྱི་ཟུག་རྔུ་དང་བདུད་མོ་ཧ་ཅང་མའི་ངན་གཡོའི་མཚང་འབྱིན་པ་དང་ལས་འབྲས་ཁྱད་དུ་གསོད་པའི་དམག་བཀོད་འཐབ་ཇུས་ལ་ཕམ་ཁའི་ཉམས་ཉེས་པ་འཁྲབ་གཞུང་གི་བརྗོད་གཞིར་བཟུང་ནས་སྒྱུ་རྩལ་གྱི་གར་སྟེགས་བསྐུན་པར་ཉམས་གྱི་བྲོ་བ་ཆེད་དུ་འདོན་པར་བྱས་ཡོད། །

 བརྒྱད་པ། སྣང་ས་འོད་འབུམ།
        དེ་ཡང་སྣང་ས་འོད་འབུམ་གྱི་རྣམ་ཐར་འདིའི་བརྗོད་དོན་གཙོ་བོ་ནི། གཙང་གི་མྱང་སྟོད་རྒྱལ་རྩེའི་ཡུལ་ལྗོངས་ཞེས་པའི་གནས་དེར་ཡབ་ཀུན་བཟང་བདེ་ཆེན་དང་། ཡུམ་མྱང་ཚ་གསལ་སྒྲོན་ཞེས་པའི་ཁྱོ་ཤུག་གཉིས་ཡོད་པས་དེ་གཉིས་ཀྱིས་རྟག་པར་སྒྲོལ་མའི་བསྟོད་པ་ཆགས་མེད་དུ་ཁ་བཏོན་རྒྱུན་ཆགས་སུ་མཛད་པའི་མཐུ་བྱིན་གྱི་ཁྱད་དུ་འཕགས་པའི་བུ་མོ་ངོ་མཚར་ཅན་ཞིག་སྐྱེས་པར་དེའི་མཚན་ལ་སྣང་ས་འོད་འབུམ་ཞེས་གསོལ་བ་དང་། བུ་མོ་དེའི་སྐུའི་ཆ་བྱད་མཛེས་ཤིང་བལྟ་ན་སྡུག་ཅིང་ཟོལ་ཟོག་དང་བསླུ་བྲིད་སོགས་ཡེ་ནས་མེད་པར་རང་གཤིས་གཟུ་བོར་གནས་པ། རྒྱུད་འཇམ་ལ་ཡ་རབ་ཀྱི་མཛད་སྤྱོད་ལྷན་སྐྱེས་སུ་མངའ་བ། ནང་གཞིས་ཁྱིམ་འཛིན་གྱི་ལས་ལ་མཁས་ཤིང་དགེ་ལེགས་མཛེས་གསུམ་གྱི་འཇིག་རྟེན་ལས་ཀྱི་བྱ་བཞག་ཀྱི་ཐབས་ཚུལ་ལ་མཁས་པའི་སྙན་གྲགས་ཐོགས་པ། མཐོང་བས་མ་ཚད་ཐོས་པས་ཀྱང་ཡིད་ཀྱི་བསྟན་པ་དབང་མེད་དུ་འཆོར་བས། སྒོ་རྩར་གཉེན་སློང་མཁན་བུ་ཡུག་འཚུབས་པ་ལྟར་ཉིན་གོང་པོར་བར་མེད་དུ་བྱུང་བར་གྲགས་ཀྱང་། ཁོ་མོ་ཆུང་ནས་བཟུང་བློ་ཁ་ཆོས་ལ་ཕྱོགས་འདོད་མ་གཏོགས་ཁྱིམ་གཞིས་འཛིན་པ་དང་བག་མ་འགྲོ་བའི་བསམ་པ་ཡེ་ནས་བྱུང་མ་མྱངས་བར་བཤད། སྣང་ས་འོད་འབུམ་ལོ་གྲངས་བཅོ་ལྔར་ལོན་པའི་ལོ་དེར་གནས་སྙིང་གཟུངས་དྲུག་གི་ལྟད་མོར་ལྟ་བར་སོང་བའི་ཚེ་རྒྱ་རྩེ་རི་ནང་དཔོན་པོ་སྒྲ་ཆེན་གྱིས་ཁོ་མོ་མཐོང་ནས་བུ་མོ་སྣང་ས་དེ་རང་གི་བུ་གྲགས་པ་བསམ་འགྲུབ་ཀྱི་ཆུང་མ་བྱེད་དགོས་ཞེས་བཙན་དབང་བཀོལ་ནས་གཉེན་རྟགས་ཀྱི་མདའ་དེ་བཙུགས་པས། ཉམ་ཐག་གཉོམ་ཆུང་གི་ཚུལ་དུ་གནས་པའི་ཡབ་ཡུམ་གཉིས་ཀྱིས་བུ་མོ་གཅིག་པུ་རི་ནང་དཔོན་པོ་ཚང་ལ་གནའ་མ་མི་སྟེར་ཐབས་མེད་བྱུང་། སྣང་ས་རི་ནང་དཔོན་པོ་ཚང་གི་གནའ་མ་འབྱོར་ནས་ལོ་ངོ་བདུན་སོང་བའི་རིང་ལ། རྒན་པ་དང་བདག་པོ་རྣམས་ལ་ཞབས་ཞུ་གང་ལེགས་བསྒྲུབས། འཁོར་འབངས་མངའ་རིས་ཀུན་ལ་ཉེ་རིང་མེད་པར་མཐུན་པར་འགྲོགས། བྱ་བའི་ལེགས་ཆ་དང་ལྡན་པ་གང་ལ་འབད་པས་ནུས་པ་གང་ཐོན་དུ་བསྒྲུབས། རི་ནང་དཔོན་པོ་འཁོར་གཡོག་དང་བཅས་པས་ཁོ་མོར་བསྟོད་བསྔགས་ཁ་ལ་མ་ཎི་བཞིན་བགྲང་ནས་ནོར་བང་མཛོད་ཀྱི་བདག་པོའི་ལྡེ་མིག་སྣང་སའི་ལག་ཏུ་རྩིས་སྤྲོད་བྱས། དེ་ལྟར་ནའང་ཨ་ནེ་སྙིད་མོ་ནེ་ཙོ་ལགས་ཀྱིས་བང་མཛོད་ཀྱི་ལྡེ་མིག་སྣང་སའི་ལག་ཏུ་ཤོར་བར་ཕྲག་དོག་གིས་རི་ནང་དཔོན་པོ་སྒྲ་ཆེན་ཡབ་སྲས་དང་སྣང་སའི་བར་དབྱེན་ཕྲ་མ་མང་དུ་སྦྱར་ཏེ། སྣང་སར་གཅར་བརྡུང་གང་མང་མྱོང་དགོས་པར་བྱུང་། མཐར་གདུག་རྩུབ་ཅན་གྱི་དཔོན་སྲས་དེ་གཉིས་ཀྱིས་གནར་གཅོད་ཚད་མེད་པར་བྱས་རྐྱེན་སྣང་ས་ལྔ་བའི་ལམ་དུ་བསྐྱེལ། སྣང་སའི་རྣམ་ཤེས་སྲིད་པ་བར་དོར་འཁྱམས་པ་ནས་མཐར་གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་ཕྱིན། ཆོས་རྒྱལ་གྱིས་སྣང་ས་འོད་འབུམ་ནི་རིགས་བཟང་གི་མཁའ་འགྲོ་མ་ཞིག་ཡིན་པ་མཁྱེན་ནས་མཐོ་རིས་དང་ཐར་པའི་ལམ་སྣ་དྲངས་པས་སྣང་སའི་རྣམ་ཤེས་དེ་སླར་ཡང་སྐུ་གདུང་ལ་ཞུགས་ནས་དྲན་པར་སོས་པར་གྱུར། འདས་ལོག་བྱུང་བའི་སྣང་ས་འོད་འབུམ་འཇིག་རྟེན་འཁོར་བ་ལ་ངེས་འབྱུང་དྲག་པོ་སྐྱེས་ཏེ། བླ་མ་བཟང་པོ་ཤཱཀྱ་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང་ཞིང་དམ་པའི་ཆོས་དོན་དུ་གཉེར་བར་མཛད། རི་ནང་དཔོན་པོ་སྒྲ་ཆེན་ཡབ་སྲས་ཀྱིས་སྣང་ས་འོད་འབུམ་དགོན་པ་སྐྱིད་པོ་གཡའ་ལུང་དུ་རབ་ཏུ་བྱུང་བའི་གནས་ཚུལ་ཐོས་འཕྲལ། དྲག་པོའི་སྦྱོར་བས་སླར་ཕྱིར་འཕྲོག་རྩིས་བྱས་པས། བླ་མ་ཤཱཀྱ་རྒྱལ་མཚན་གྱི་རྫུ་འཕྲུལ་དང་སྣང་ས་འོད་འབུམ་གྱི་གྲུབ་རྟགས་ལ་ཧ་ལས་ཤིང་ངོ་མཚར་སྐྱེས་ནས། སྔོན་བྱས་ཀྱི་ལས་ལ་འགྱོད་འཚང་དང་ཕྱིན་ཆད་སུ་ལ་ཡང་དེ་འདྲ་མི་བྱེད་པའི་སྡོམ་སེམས་སོགས་ཀྱི་བཤགས་པ་འབུལ་བ་དང་། མཐར་མཇུག་སྣང་ས་འོད་འབུམ་གྱི་ཞལ་བགོས་ལྟར་དབེན་པའི་རི་ཁྲོད་འགྲིམས་ནས་དམ་པའི་ཆོས་ལ་བློ་ཁ་ཕྱོགས་པར་བྱུང་བ་དང་། སྣང་ས་འོད་འབུམ་ནི་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱི་རང་གཟུགས་མྱང་ཚ་གསལ་སྒྲོན་དང་ཀུན་བཟང་བདེ་ཆེན་ཡབ་ཡུམ་གཉིས་ལས་བསྩལ་བའི་འཕགས་མའི་རྣམ་འཕྲུལ་ཡིན་པ་དང་ཨ་ནེ་སྙིད་མོ་ནེ་ཙོའི་བསམ་ངན་དང་རི་ནང་དཔོན་སྲས་ཀྱི་སྦྱོར་བ་རྩུབ་མོ་ལ་མཚང་འདོན་བྱས་པ་འཁྲབ་གཞུང་གི་བརྗོད་བྱར་བྱས་ཏེ་སྒྱུ་རྩལ་འཁྲབ་སྟོན་གྱི་གར་སྟེགས་ཡིད་དབང་འཕྲོག་པའི་ཉམས་རྩལ་དུ་འདོན་པར་བྱས་ཡོད། །
        དེ་ལྟར་བོད་ཀྱི་ཟློས་གར་བརྒྱད་པོ་འདི་དག་རང་དགར་བཤད་ཡམ་ཙམ་མ་ཡིན་པར་སྟོན་པའི་སྐྱེས་རབས་དང་མདོ་སྡེ་དག་ལས་བྱུང་བའི་ཆོས་དང་འཇིག་རྟེན་གྱི་ལེགས་ལམ་གསལ་བར་མཚོན་ཞིང་བསྐྲུན་པའི་རྣམ་ཐར་ཁྱད་པར་དུ་འཕགས་པ་ཞིག་ལགས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1