ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-17


        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ7པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། དམངས་ཀྱིས་གསར་གཏོད་དང་ཀུན་གྱིས་ལས་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་མི་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུའི་བཀོད་སྒྲིག་གནང་བ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་བེད་སྤྱོད་ཡག་པོ་བྱས་ནས། མ་དངུལ་དང་རྣམ་གྲངས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད་པ་རེད།
        གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བརྟན་པོ་དྲུག་གི་ལས་དོན་ཁྱོན་ཡོངས་ཡག་པོ་སྒྲུབ་པ་དང་། འགན་ལེན་དྲུག་གི་དམིགས་ཚད་དོན་འཁྱོལ་བྱེད་པ། རིམས་ནད་ཀྱི་བརྡབ་གསིག་དང་གོང་འཕེལ་ཁོར་ཡུག་ལ་འཕྲད་པའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ངེས་པར་དུ་གསར་གཏོད་སྒུལ་ནུས་ཀྱི་གོང་འཕེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། གཉིས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྒུལ་ནུས་གསར་པའི་གདེགས་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་འགན་སྲུང་དང་ཁྲོམ་རའི་བྱེད་པོར་འགན་སྲུང་བྱེད་པ། ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་དང་གཞིས་ལོག་ཞིང་པ་ལས་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱེད་དགོས། ལས་གཏོད་དང་གསར་གཏོད་བྱེད་མཁན་གཙོ་གཟུགས་ལ་མ་དངུལ་དང་ས་ཆ་བེད་སྤྱོད་སོགས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་མ་འཇོག་བྱས་པའི་གསོ་སྤེལ་རྟེན་གཞི་སོགས་ཀྱིས་ས་ཆ་ངེས་ཅན་ཞིག་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་ལ་རིན་མེད་ངང་མཁོ་འདོན་བྱེད་དགོས། གསར་གཏོད་བྱེད་ཐེངས་ཐོག་མ་ཡིན་ཁར་རྒྱུན་ལྡན་གྱི་ལས་གཉེར་བྱས་ནས་ལོ1སོང་བའི་གཞིས་ལོག་གསར་གཏོད་མི་སྣར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྤྲད་ཆོག གཉིས་གཏོད་དཔེ་སྟོན་རྟེན་གཞིས་ཁེ་ལས་ཆེ་འབྲིང་ཆུང་གསུམ་ནས་མཉམ་འདྲེས་དང་། ས་ཁོངས་བརྒལ་བའི་མཉམ་འདྲེས་གོང་འཕེལ་སྟེགས་བུ་གཏོད་རྒྱུར་སྐུལ་ལྕག་བྱེད་དགོས། འགན་བཅོལ་མ་དངུལ་གྱིས་ནོར་དོན་རང་བཞིན་གྱི་རྐང་དབང་མ་འཇོག་ལས་རིགས་ཀྱི་ཚོད་འཛིན་མེད་པ་བཟོ་བ་དང་། ས་ཁོངས་རང་བཞིན་གྱི་རྐང་དབང་ཁྲོམ་རར་རྐང་དབང་མ་འཇོག་དང་ལས་གཏོད་མ་འཇོག་གི་བགོས་ཐོབ་སྤོ་བསྒྱུར་བྱེད་པའི་ཚོད་ལྟ་ས་ཚིགས་འཛུགས་དགོས། ཁེ་ལས་དང་། གཉིས་གཏོད་དཔེ་སྟོན་རྟེན་གཞི། མཉམ་དྲེལ་དྲ་བའི་སྟེགས་བུ་བཅས་ཀྱིས་མཉམ་འབྲེལ་ཐོག་ལས་གཏོད་གསོ་སྦྱོང་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད། གསར་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས་ཞེས་བསྟན་ཡོད། གྲོས་ཚོགས་ཐོག རྩིས་དངོས་རྫས་གསུམ་དང་སྐྱེ་དངོས་སོགས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་གསར་གཏོད་ནུས་པ་གོང་མཐོར་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
        གྲོས་ཚོགས་ཐོག སྤྱི་ཟླ7པའི་ཟླ་དཀྱིལ་བར་སླེབས་སྐབས། ད་ལོའི་གསར་དུ་ཁ་སྣོན་བརྒྱབ་པའི་ས་གནས་སྲིད་གཞུང་གི་ཆེད་དོན་བུན་དངུལ་སྒོར་དུང་ཕྱུར3ཁྲི་7སྟོང་5བརྒྱའི་ནང་ནས་སྒོར་དུང་ཕྱུར་2 ཁྲི2སྟོང4བརྒྱ་འགྲེམས་སྤེལ་བྱས་ཟིན་པ་དང་། སྒོར་དུང་ཕྱུར1ཁྲི9སྟོང་གཏོང་སྤྲོད་བྱས་ནས། ཚང་མ་ཞན་ཆ་གསབ་པའི་གཙོ་གནད་འཛུགས་སྐྲུན་ལ་བཏང་ཡོད་པས། རིམས་ནད་ཀྱི་ངན་རྐྱེན་ལ་ཁ་གཏད་གཅོག་རྒྱུ་དང་། ཕན་ཡོད་མ་འཇོག་རྒྱ་བསྐྱེད་གཏོང་རྒྱུ། དཔལ་འབྱོར་གྱི་གཞི་རྟེན་བརྟན་པོ་ཡོང་རྒྱུ་བཅས་ལ་ཕན་འབྲས་བཟང་པོ་ཐོན་ཡོད། ས་གནས་ཁག་གིས་ཆེད་དོན་བུན་དངུལ་འགྲེམས་སྤེལ་དང་བེད་སྤྱོད་མགྱོགས་སུ་བཏང་ནས། གསར་གཏོད་གཉིས་དང་གཙོ་གནད་གཅིག་དང་། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་གནོད་འགོག་ཉེན་སེལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། གང་མགྱོགས་ཁ་ཡོད་ལག་ཡོད་ཀྱི་ལས་ཕྱོད་མངོན་པ་བྱེད་པ་དང་། རྣམ་གྲངས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་དགོས། དངུལ་བུན་མ་དངུལ་གཏོང་ཡུལ་ལེགས་སྒྱུར་བྱས་ཏེ། བུ་ལོན་གསོག་གྲངས་བརྗེ་རྒྱུར་བྱེད་མི་རུང་བ་མ་ཟད། ཕྱི་ཚུལ་ལས་གྲྭ་དང་ངོ་སོའི་ལས་གྲྭ་རྩ་བ་ནས་གཉེར་མི་རུང་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། སྔོན་རྩིས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ཞིབ་ཚགས་བཟོ་པ། ཉེ་བའི་ལོའི་རིང་གི་ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས་དང་སྔོན་རྩིས་དོ་དམ་ལག་བསྟར་གྲུབ་འབྲས་རྣམས་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་བརྟན་པོ་བཟོས་པ། ལྷག་པར་དུ་སྤྱི་པའི་ནོར་སྲིད་ཀྱིས་མི་དམངས་ལ་ཕན་འདོགས་རྒྱུར་འགན་ལེན་བྱེད་པ། ནོར་སྲིད་གཏོང་སྒོ་དག་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུར་གཏན་འབེབས་ཁ་གསལ་བཟོ་བ། སྤྱིར་བཏང་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་ཡོངས་བསྒྲགས་བྱ་རྒྱུ་དེ། ས་ཁུལ་བར་ཞིབ་ཚགས་སུ་གཏོང་བ་དང་། ཆེད་དོན་སྤོ་བསྒྱུར་གཏོང་སྤྲོད་ཡོངས་བསྒྲགས་བྱ་རྒྱུ་དེ་ས་ཁུལ་དང་རྣམ་གྲངས་བར་ཞིབ་ཚགས་སུ་གཏོང་བ། ཚན་པའི་སྔོན་རྩིས་དང་ངེས་རྩིས་གཏོང་སྒོ་དེ་རྣམ་གྲངས་བར་ཡོངས་བསྒྲགས་བྱེད་པ། གཞི་རྩའི་གཏོང་སྒོ་དངུལ་གྲངས་བར་ཡོང་བསྒྲགས་བྱེད་པ། སྲིད་གཞུང་གི་དངུལ་བུན་དང་སྲིད་གཞུང་གི་ཉོ་སྒྲུབ་སོགས་གཏན་འབེབས་གཞིར་བཟུང་ཡོངས་བསྒྲགས་བྱེད་དགོས། ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་གོང་མཐོར་གཏོང་ཆེད། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་བསྡུར་ཚད་ངེས་ཅན་ཞིག་གཞིར་བཟུང་ སྔོན་ཚུད་ནས་ལོ་རྗེས་མའི་སྤོ་བསྒྱུར་གཏོང་སྤྲོད་གཤམ་སྤྲོད་ཐུབ་པ་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།
        གྲོས་ཚོགས་ད་དུང་བྱ་དོན་གཞན་དག་ཐད་ཞིབ་འཇུག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1