གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ལྷུན་གྲུབ་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༧ཉིན།

༄༅།།མདོ་སྨད་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགོན་སྡེའི་རིག་གནས་འགྱུར་ལྡོག་གི་དགེ་སྐྱོན་སྐོར་གླེང་བ།


 ལྷུན་གྲུབ་རྡོ་རྗེ།
[ནང་དོན་གནད་བསྡུས།] རྩོམ་འདིར་མདོ་སྨད་དྷཱིཿཚའི་དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་ལ་དགེ་མཚན་དང་སྐྱོན་ཆ་གང་དག་ཡོད་ཚུལ་དང་། དགེ་སྐྱོན་གཉིས་ལས་གང་ཞིག་ཤས་ཆེ་ཚུལ་ལ་བརྟགས་ཏེ་དགོན་སྡེ་འདི་ཉིད་ཀྱི་རིག་གནས་འགྱུར་ལྡོག་ལ་སྐྱོན་ལས་དགེ་མཚན་གྱི་ཆ་མང་བའི་ལྟ་ཚུལ་བཏོན་ཡོད།
[གནད་ཚིག] དགོན་སྡེའི་རིག་གནས། འགྱུར་ལྡོག དགེ་སྐྱོན།
        དགེ་ལུགས་པའི་དགོན་སྡེའི་རིག་གནས་ལ་གྲུབ་ཆ་ཤིན་ཏུ་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། རབ་ཏུ་བྱུང་ཚུལ་དང་ཚོགས་ཆོས་གྲྭར་འགྲིམ་ཚུལ། རྩོད་པ་བྱེད་ཚུལ། འདོན་རྟ་དབྱངས་གསུམ། གར་དང་རོལ་མོ། རྡུལ་ཚོན། འདེམ་བསྐོའི་ལམ་ལུགས། སྤྲུལ་སྐུའི་ལམ་ལུགས། ཆོས་ཐོག་དང་སྒྲུབ་མཆོད། རྩི་བཞག་དང་འཛིན་སྐྱོར་སྦྱངས། ཚོགས་གཏམ་དང་སྐྱབས་ཐོ། ཚིག་བཀྲ་དང་ཁྲི་བཤད། ཚ་གསུར་དང་གཏོར་མ། བསུ་སྦྲེང་དང་སྟོན་མོ། འདས་མཆོད་དང་སྨོན་ལམ་གསུང་ཚུལ་སོགས་ཀྱི་ཆོ་ག་ཕྱག་ལེན་དང་། དགོན་པའི་དཔལ་འབྱོར་གྱི་རིག་གནས་དང་། སློབ་གཉེར་ལམ་ལུགས་སོགས་བགྲང་ལས་འདས་པ་ཞིག་ཡོད། འདས་ཟིན་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་མདོ་སྨད་དྷཱིཿཚ་དགོན་པའི་རིག་གནས་ལ་འགྱུར་ལྡོག་གང་མང་ཞིག་བྱུང་ཡོད་པ་དང་། འགྱུར་ལྡོག་དེ་རྣམས་ལ་ཡང་དགེ་སྐྱོན་གཉིས་ཀ་ལྡན་པས་འདིར་དེའི་སྐོར་ཅུང་ཟད་གླེང་བར་འདོད་དོ། །
དང་པོ། དགོན་སྡེའི་རིག་གནས་འགྱུར་ལྡོག་གི་དགེ་མཚན།
        དེང་གི་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་བུ་མོའི་གོམ་པའི་འགྲོས་དང་བསྟུན་ནས་མདོ་སྨད་དྷཱིཿཚ་དགོན་པའི་རིག་གནས་ལ་འགྱུར་ལྡོག་གང་མང་ཞིག་བྱུང་བ་དང་། དེ་ལས་དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་སྐོར་ཞིག་ནི་སུས་ཀྱང་འགོག་ཐབས་མེད་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་རེད། དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་དེ་དག་ལ་ཕན་གནོད་གཉིས་ཀྱི་ཆ་ལྡན་པས་འདིར་ཐོག་མར་དེའི་ཕན་པའམ་དགེ་མཚན་གྱི་སྐོར་ཅུང་ཟད་གླེང་ན། དྷཱིཿཚ་དགོན་པའི་ཁྲི་པས་དོ་དམ་ཁང་གི་ལས་སྣ་པར་བསྐོས་པ་རྣམས་ཀྱིས་སྤྱི་ལོ1980ལོ་ནས2003ལོའི་བར་དུ་ལོ་ངོ་མང་པོའི་རིང་ལ་འགན་ཁུར་བ་ཡིན་ཏེ། ལོ་ངོ་ལྔ་ནས་བཅུའི་བར་དུ་དོ་དམ་ཁང་གི་བྱ་བ་རྣམས་བསྒྲུབས་པ་དང་། སྤྱི་ལོ2003ལོ་ནས་བཟུང་འགན་ཁུར་ཡུན་ཇེ་ཉུང་དུ་བཏང་སྟེ་ལོ་ངོ་གསུམ་ལ་གཏན་འཁེལ་བྱས་ཤིང་། དེར་མ་ཟད་སྔར་དོ་དམ་ཁང་དུ་བྱ་བ་བསྒྲུབས་མྱོང་བའི་གྲྭ་པ་རྣམས་ཡང་བསྐྱར་དེའི་ལས་སྣ་པར་མི་བསྐོ་བར་ཐག་བཅད་པ་དང་། ལོ་དེ་ནས་བཟུང་དོ་དམ་ཁང་གི་ལས་སྣ་པ་རྣམས་ཀྱི་བྱ་བའི་སྒྲུབ་ཡུན་གཏན་འཁེལ་བྱས་ཏེ་ཅུང་ཚད་ལྡན་དུ་གྱུར། དེའི་དགེ་མཚན་ནི་ལས་སྣ་པར་གསར་དུ་བསྐོས་པ་རྣམས་ཀྱིས་ལོ་ངོ་གསུམ་གྱི་རིང་ལ་ཡོད་དགུ་རྩལ་སྤྲུགས་ཀྱིས་དོ་དམ་ཁང་གི་བྱ་བ་རྣམས་འབད་པས་བསྒྲུབ་ངེས་ཏེ། ལོ་ངོ་རིང་དྲགས་ཚེ་བྱ་བ་བསྒྲུབས་ནས་ལོ་གསུམ་ཙམ་འགོར་བ་ན་སེམས་ཤུགས་རིམ་བཞིན་ཉམས་པར་འགྱུར་ངེས་པ་དང་། དེར་མ་ཟད་དགོན་པའི་གྲྭ་བཙུན་གཞན་མང་པོ་ཞིག་ལ་དོ་དམ་ཁང་གི་བྱ་བ་བསྒྲུབས་པའི་གོ་སྐབས་ཀྱང་མི་རག་པར་འགྱུར། འགན་ཁུར་ཡུན་ལོ་ངོ་གསུམ་དུ་བསྒྱུར་རྗེས་དགོན་པའི་གྲྭ་པ་མང་པོ་ཞིག་གིས་དགོན་པའི་དོ་དམ་ཁང་གི་བྱ་བ་རྣམས་བསྒྲུབས་པ་ལ་བརྟེན་ནས་རང་ཉིད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པར་འགྱུར་བ་དང་ཆབས་ཅིག རང་གི་དགོན་པའི་བྱ་བ་མང་པོ་ཞིག་ལ་ཆ་རྒྱུས་དང་འདྲིས་ཆ་ཡོད་པར་འགྱུར་བ་ཡིན།
        སྤྱི་ལོ2006ལོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣ་པ་རྣམས་གསར་དུ་བསྐོས་རྗེས། ཀྲུའུ་རིན་གཞོན་པ་ཡེ་ཤེས་རྒྱ་མཚོ་ལགས་ཀྱིས་དབུ་ཁྲིད་དེ་ཁོང་ཚོའི་ཕྲག་ཏུ་བབས་པའི་བྱ་བ་རྣམས་བསྒྲུབས་པའི་བརྒྱུད་རིམ་ཁྲོད་དུ། སྔར་གྱི་བྱ་བ་སྒྲུབ་ཐབས་ལ་བཅོས་སྒྱུར་བྱས་ཏེ་ལས་སྣ་པ་རེ་རེར་ལས་བགོ་བྱས་ནས་བྱ་བ་སྒྲུབ་ཏུ་བཅུག་པ་ནི་ཐབས་ལམ་ལེགས་པོ་ཞིག་ཡིན་ཏེ། སྔར་བྱ་བ་གང་ཡོད་ཐམས་ཅད་དོ་དམ་ཁང་གི་ལས་སྣ་པ་རྣམས་ཀྱིས་མཉམ་དུ་བསྒྲུབས་པ་ཡིན་པས་བྱ་བ་ཆེ་མ་ཆུང་གསུམ་གང་ཡིན་ཀྱང་ལས་སྣ་པ་ལྔ་པོ་ཐོན་དགོས་པ་དང་། ལས་སྣ་པ་ལྔ་པོས་བྱ་བ་སྣ་གཅིག་གི་འགན་ཁུར་དགོས་དུས། སྐབས་འགར་སུས་ཀྱང་ཕྲག་ཏུ་མི་ལེན་པའམ་འགན་ལེགས་པར་མི་འཁུར་བའི་གནས་ཚུལ་འབྱུང་ལ། བྱ་བ་ཆུང་ངུ་སུས་ཀྱང་བསྒྲུབ་ནུས་པའི་རིགས་ལ་དོ་དམ་ཁང་གི་མི་སྣ་ལྔ་པོ་སྒྲུབ་ཏུ་འགྲོ་མི་དགོས་པ་སོགས་ལ་དགོངས་ནས་རྩིས་གཉེར་པ་དང་། སྒོར་མོར་བདག་གཉེར་བྱེད་མཁན། དགོན་པའི་གཙང་སྦྲ་དང་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བ། དགོན་པའི་ཆུ་གློག་ལམ་གསུམ་གྱིི་འགན་ཁུར་མཁན་བཅས་ལས་རྣམས་སོ་སོར་ཕྱེ་སྟེ་དོ་དམ་ཁང་གི་ལས་སྣ་པ་རྣམས་ལ་བགོས། དེ་ནི་དོ་དམ་ཁང་གི་ལས་སྣ་པའི་བྱ་བ་སྒྲུབ་ཚུལ་ཐད་ཀྱི་འགྱུར་ལྡོག་དང་བཅོས་སྒྱུར་ཞིག་ཡིན་ལ། དེ་ལ་དགེ་མཚན་གང་དག་ཡོད་ཅེ་ན། གཅིག་ཏུ་ན་ལས་སྣ་པ་རང་རང་གི་བསྒྲུབ་རྒྱུའི་ལས་གང་ཡིན་པ་ཤིན་ཏུ་གསལ་པོར་ཕྱེ་པས། ལས་སྣ་པ་སུ་ཡིན་ཀྱང་རང་གིས་བསྒྲུབ་དགོས་པའི་བྱ་བ་གང་ཡིན་པ་གསལ་པོ་ཡིན། གཉིས་སུ་ན་རང་ཉིད་ཀྱི་ལས་སུ་བྱ་བར་གྱུར་པའི་ལས་དོན་རྣམས་སྒྲུབ་པའི་སྐབས་སུ། ཞིབ་ཆ་ལྡན་ཞིང་རང་ནུས་ཅི་ལྕོགས་ཀྱིས་བསྒྲུབ་ངེས་ཏེ། བྱ་བ་བསྒྲུབས་པ་མི་ལེགས་པ་དང་ལེགས་འགྲུབ་མ་བྱུང་པའི་ཚེ་ན་སུ་ལའང་ངན་ཁྲེབ་བྱེད་ས་མེད་ལ་གཅིག་གིས་གཅིག་ལ་ཁག་དཀྲི་བ་ཡང་མེད་གཤིས་རང་གིས་བསྒྲུབ་དགོས་པའི་བྱ་བ་གང་ཡིན་དང་དུ་བླངས་ནས་འབད་པས་སྒྲུབ་པར་བྱེད། གསུམ་དུ་ན་ལས་བགོ་བྱས་རྗེས་རང་རང་གིས་ཕྲག་ཏུ་བབས་པའི་བྱ་བའི་རྣམ་གྲངས་ཇེ་ཉུང་དུ་གྱུར་པས་སྒྲུབ་བདེ་བ་དང་། ལས་སུ་བྱ་བ་ཉུང་ཙམ་མ་གཏོགས་མེད་ཚེ་དེ་རྣམས་ལེགས་འགྲུབ་འབྱུང་ཤས་ཆེ་བ་རྣམས་ནི་དེའི་དགེ་མཚན་ཞིག་ཏུ་མཐོང་ཞིང་། བྱ་བ་སྒྲུབ་ཚུལ་དེ་ཤིན་ཏུ་ལེགས་ཚུལ་རྟོགས་རྗེས་དོ་དམ་ཁང་གི་ལས་སྣ་པ་ཕྱིས་སུ་གསར་དུ་བསྐོས་པ་རྣམས་ཀྱིས་ཀྱང་དེ་ལྟར་བསྒྲུབས་པ་རེད།
        གཉེར་པ་དང་དེའི་འགྱུར་ལྡོག་ཐད་ནས་ཀྱང་དྷཱིཿཚ་དགོན་པའི་དོ་དམ་ཁང་གིས་དང་ཐོག་གཉེར་པ་གཉིས་རེ་བསྐོས་ཤིང་། དེ་ནས་བཞི་རེ་དང་། དེའི་རྗེས་གཉིས་སུ་བཅོས་ཤིང་། མཇུག་མཐར་བཞི་རེ་བསྐོས་ཏེ་དེ་རྣམས་ཀྱི་འགན་ཁུར་ཡུན་གྱི་ཐད་ནས་བཅོས་སྒྱུར་ལེགས་པོ་ཞིག་བྱས་པ་ཡང་དགོན་སྡེའི་དོ་དམ་ཐད་ཀྱི་འགྱུར་ལྡོག་གི་དགེ་མཚན་ཞིག་ཡིན་པར་སེམས་ཏེ། སྔར་གྱི་ཕྱག་སྲོལ་ལྟར་ན་དོ་དམ་ཁང་གིས་གཉེར་པ་རྣམས་གསར་དུ་བསྐོས་རྗེས། ལོ་ངོ་གཅིག་གི་རིང་ལ་དགོན་པའི་མང་ཇ་གཏོང་བྱེད་ཀྱི་ཤ་མར་རྩམ་གསུམ་དང་། ཕྱེ་གཡིས་སྒོར་གསུམ་སོགས་ཕྱོགས་སོ་སོའི་རོང་འབྲོག་ས་ཁུལ་གྱི་མང་ཚོགས་རྣམས་ལས་སློང་དགོས་པ་དང་། ལོ་གཉིས་པའི་ཧོར་ཟླ་བཅུ་པའི་དགེ་ལྡན་ལྔ་མཆོད་ཆེན་མོ་ནས་བཟུང་ལོ་གཅིག་རིང་གི་ཆོས་ཐོག་སོ་སོའི་མང་ཇ་རྣམས་གཏོང་དགོས། ལོ་ངོ་གཉིས་རིང་གི་གཉེར་པའི་འགན་རྫོགས་རྗེས་གཉེར་པ་གསར་པ་རྣམས་ཀྱིས་མུ་མཐུད་དུ་སྔ་མ་ལྟར་བསྒྲུབ་དགོས། སྤྱི་ལོ2010ལོ་ནས་བཟུང་ཡང་བསྐྱར་གཉེར་པ་བཞི་རེ་བསྐོ་མགོ་བརྩམས་པ་དང་། ལོ་གཅིག་གི་རྗེས་སུ་གཉེར་པ་ཉམས་མྱོང་ཅན་གཉིས་ལ་ཡང་བསྐྱར་ལོ་གཅིག་ལ་འགན་ཁུར་དུ་བཅུག་པ་དང་། དེ་ཁར་གཉེར་པ་གཉིས་གསར་དུ་བསྐོས་ཏེ་གཉེར་པ་བཞི་པོས་མཉམ་དུ་ཆོས་ཐོག་གི་མང་ཇ་རྣམས་བསྐོལ་དུ་བཅུག་པ་ནས་བཟུང་། ལོ་རེར་གཉེར་པ་གཉིས་རེ་གསར་དུ་བསྐོས་པ་གཉིས་ཀྱིས་ལོ་གཅིག་གི་རིང་ལ་རྙིང་པ་གཉིས་ལས་ཟས་གཡོ་སྦྱོར་ལ་སོགས་པའི་ཉམས་མྱོང་རྣམས་ལེན་ཐུབ་པ་དང་། ལོ་གཅིག་གི་རྗེས་སུ་གཉེར་པ་གསར་པ་དེ་གཉིས་ལ་ཉམས་མྱོང་ངེས་ཅན་ཞིག་ཡོད་པར་འགྱུར་ཞིང་། དེ་གཉིས་ཀྱིས་འགན་གཙོ་བོ་ཁུར་ཏེ་གཉེར་པ་གསར་དུ་བསྐོས་པ་གཉིས་ལ་ཉམས་མྱོང་རྣམས་བསླབ་སྲིད་པས་ཆོས་ཐོག་སོ་སོའི་མང་ཇ་ལེགས་པོ་ཞིག་བསྐོལ་ཏེ་གཉེར་པའི་བྱ་བ་ཐམས་ཅད་བདེ་བླག་ངང་འགྲུབ་པར་ཕན་ཐོགས་ངེས་ཅན་ཞིག་ཡོད།
        དྷཱིཿཚ་དགོན་པས་ཐོག་མར་ཚོང་ཁང་ཕྱེ་བ་དང་དེ་ནས་ཆོས་ཐོག་གི་མ་དངུལ་བསགས་པ། དེའི་རྗེས་ཚོང་ཁང་གཉིས་པ་དང་ཟ་ཁང་། གློག་ཀླད་ཁང་། བཟོ་ཁང་། སྔོ་ཚོད་ཁང་སོགས་རིམ་པར་ཕྱེ་སྟེ། དེ་དག་གི་ཡོང་འབབ་རྣམས་ཆོས་ཐོག་གི་མང་ཇའི་ཐེབས་སུ་བཏང་བ་ནས་བཟུང་། གཉེར་པའི་འགན་ཇེ་ཡང་དུ་གྱུར་ཏེ་དགུན་ཆོས་གཅིག་པུ་མ་གཏོགས་གཏོང་མི་དགོས་པར་གྱུར་པ་དང་། མཇུག་མཐར་དྷཱིཿཚ་དགོན་པའི་གཉེར་པས་རོང་འབྲོག་མང་ཚོགས་ལས་ཅི་ཡང་སློང་མི་དགོས་པར་གྱུར་པར་མ་ཟད། དགོན་པ་གཞུང་གིས་ཆོས་ཐོག་གི་མ་དངུལ་བསགས་པ་ལས་རོང་འབྲོག་མང་ཚོགས་རྣམས་ལ་སྒོར་མོ་བསྐྱིལ་ཏེ་ཁེ་སྤོགས་ཉུང་ཙམ་རེ་བླངས་པ་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགོན་སྡེའི་དཔལ་འབྱོར་གྱི་འགྱུར་ལྡོག་ཐད་ཀྱི་ལེགས་ཆ་ཞིག་ཡིན་ཏེ། སྔར་དགོན་པའི་གཉེར་པ་རྣམས་ལོ་རེར་བོད་ཀྱི་ས་ཁུལ་སོ་སོར་ཕེབས་ཏེ་རོང་འབྲོག་མང་ཚོགས་རྣམས་ལས་ཟས་དང་སྒོར་སོགས་བསླངས་ཚེ་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁར། རོང་འབྲོག་མང་ཚོགས་ལ་མཚོན་ན་ཡང་ལོ་རེར་རྒྱུན་མ་ཆད་པར་ཤ་མར་རྩམ་གསུམ་དང་ཕྱེ་གཡིས་སྒོར་སོགས་དགོན་པར་འབུལ་རྒྱུ་ཧ་ཅང་དཀའ་ངེས་ཡིན།
        དྷཱིཿཚ་དགོན་པས་ལོ་ངོ་མང་པོའི་འབད་རྩོལ་ལ་བརྟེན་ནས་མཐའ་མར་རང་ཁ་རང་གསོ་བྱེད་ཐུབ་པར་གྱུར་པ་ལ་བཟང་ཆ་དང་དགེ་མཚན་མང་པོ་ཞིག་ཡོད་དེ། དགོན་པ་རང་ལ་མཚོན་ན་གཉེར་པའི་འགན་ཁུར་ལྡབ་འགྱུར་གྱིས་ཇེ་ཡང་དུ་གྱུར་པས་སྔར་གཉེར་པར་བསྐོས་ཀྱང་འགན་མི་ཁུར་བར་དགོན་པ་དང་ཁ་བྲལ་ནས་འགྲོ་མཁན་ཡང་འགའ་རེ་ཡོད་པའི་སྣང་ཚུལ་དེ་གཏན་ནས་མེད་པར་གྱུར་པས། དོ་དམ་ཁང་གི་ལས་སྣ་པའི་བྱ་བ་བསྒྲུབ་པར་སྟབས་ཇེ་བདེ་རུ་སོང་བ་དང་། དྷཱིཿཚ་དགོན་པས་གྲྭ་བཙུན་ཐུན་མོང་གི་འཚོ་བའི་མཐུན་རྐྱེན་གཞན་ལ་བརྟེན་མི་དགོས་པར་གྱུར་པ་དང་ཆབས་ཅིག བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཁུར་པོ་ཡང་ཇེ་ཡང་དུ་གྱུར་པར་མ་ཟད། སྔར་ཕར་དགོན་པར་ཟས་དང་སྒོར་སོགས་ལོ་ངོ་མང་པོར་རང་ནུས་ཅི་ལྕོགས་ཀྱིས་ཕུལ་ཏེ་རོགས་བྱེད་ཅི་ཐུབ་བྱས་པ་དང་། ད་ལྟ་དེ་ལྟར་བྱ་མི་དགོས་པར་ད་དུང་དགོན་པ་གཞུང་ལས་སྒོར་མོ་མཁོ་ཚོད་ཅིག་ཚུར་བསྐྱིས་ཆོག་པ་དེས་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་དང་། མང་ཚོགས་རྣམས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གྱུར་ཚེ་སྤྱི་ཚོགས་འཕེལ་རྒྱས་ལའང་ནུས་པ་ཆེན་པོ་ཞིག་ཐོན་བཞིན་ཡོད་པས། དྷཱིཿཚ་དགོན་པའི་དཔལ་འབྱོར་གྱི་འགྱུར་ལྡོག་དང་འཕེལ་རྒྱས་དེ་དགོན་པ་དང་རོང་འབྲོག་མང་ཚོགས་གཉིས་ཀར་སྨན་པར་མ་ཟད། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་ཕན་པ་ཆེན་པོ་ཞིག་ཡོད།
        སྔར་དྷཱིཿཚ་དགོན་པའི་ལས་སྣ་པ་སུ་ཞིག་ཡིན་ཀྱང་ཚོགས་ཀྱི་འགྱེད་ཕོགས་ཆག་མེད་དུ་བླངས་ཆོག་པ་ལས་གཞན་དགོན་པ་གཞུང་གིས་ཁོ་ཚོའི་འཚོ་བའི་ཐད་ལ་རོགས་སྐྱོར་གྱི་མ་དངུལ་སྐར་གང་ཡང་བྱིན་མ་མྱོང་བ་དང་། ལས་སྣ་པ་རྣམས་ལའང་དགོན་པ་གཞུང་ལས་ཕོགས་ཅུང་ཟད་རེ་རག་ཐུབ་ན་སྙམ་པའི་རེ་བ་དང་བསམ་པ་ཡེ་ནས་མི་འདུག དེར་མ་ཟད་དགོན་པར་ཞབས་ཕྱི་ཅི་རིགས་བསྒྲུབས་པ་ཐམས་ཅད་རང་ཉིད་ཀྱིས་ཚོགས་བསགས་པའི་རྒྱུར་བསམས་ཏེ། ལས་གང་ཞིག་བསྒྲུབས་ཀྱང་འཁང་ར་སོགས་ཅི་ཡང་མེད་པར་དགའ་སྤྲོ་དང་རང་འགུལ་གྱིས་འབད་པས་བསྒྲུབས་པ་རེད། ལོ་ངོ་མང་པོའི་རིང་གི་འབད་རྩོལ་ལ་བརྟེན་ནས་དྷཱིཿཚ་དགོན་པའི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་ཞིག་བྱུང་སྟེ་མཐའ་མར་རང་ཁ་རང་གསོའི་ལམ་དུ་ཡོངས་སུ་ཞུགས་ཐུབ་པར་གྱུར་པ་ནས་བཟུང་། དགོན་པའི་ལས་སྣ་པ་སྐོར་ཞིག་ལ་ཕོགས་ཀྱི་ཚུལ་དུ་ལོ་རེར་སྒོར་སྟོང་གཅིག་ནས་ཁྲི་གཅིག ① སྟེར་བཞིན་ཡོད། དེ་ཡང་དགོན་སྡེའི་འགྱུར་ལྡོག་གི་ལེགས་ཆ་ཞིག་ཡིན་པར་ཁོ་བོས་སེམས་ཏེ། དགོན་པའི་ལས་སྣ་པ་རྣམས་ཀྱིས་བྱ་བ་བསྒྲུབས་པའི་ལོ་དེ་དག་གི་རིང་ལ་ཚོགས་དང་ཆོས་གྲྭར་རྒྱུན་དུ་འགྲིམ་མི་ཐུབ་པ་དང་། ལས་སྣ་པ་ལ་ལ་ཞིག་ལ་མཚོན་ན་ཆོས་མཚམས་ཀྱི་སྐབས་སུ་ཡང་ཕ་ཡུལ་ལ་ཕེབས་མི་ཐུབ་པ་དང་། ས་ཆ་གཞན་ལ་གྲོང་ཆོག་དང་ལྟ་སྐོར། དཔེ་ཁྲིད་བཅས་ལ་ཕེབས་མི་ཐུབ་པས་ལོ་རེར་ཁོང་ཚོར་ཕོགས་ཀྱི་ཚུལ་དུ་སྒོར་སྟོང་གཅིག་ནས་ཁྲི་གཅིག་རེ་སྟེར་བཞིན་ཡོད་པ་ནི་དེའི་ཁ་གསབ་ལྟ་བུའི་ཚུལ་དུ་སོང་ཞིང་། དེ་ནི་ཁོང་ཚོའི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་འགྲོ་བར་ཕན་པར་མ་ཟད། ལས་སྣ་པ་རྣམས་ཀྱིས་ཀྱང་རང་རང་གི་ཕྲག་ཏུ་བབས་པའི་ལས་དོན་རྣམས་འབད་པས་བསྒྲུབ་འདོད་ཀྱི་འདུན་པ་ཇེ་ཆེར་འགྲོ་ངེས་ཏེ། དགོན་པའི་བྱ་བ་རྣམས་འབད་པས་མ་བསྒྲུབས་ན་གཞུང་གི་ཕོགས་དེ་དག་ལེན་མི་འོས་སྙམ་སྲིད་པས་དེ་ནི་དགོན་པ་སྤྱི་དང་ལས་སྣ་པ་གཉིས་ཀར་ཕན་པའི་དགོན་སྡེའི་དཔལ་འབྱོར་འགྱུར་ལྡོག་གི་དགེ་མཚན་ཞིག་ཏུ་མཐོང་།
        དགོན་པའི་ནང་ཁུལ་དུ་ཚོང་ཁང་དང་ཟ་ཁང་། སྔོ་ཚོད་ཁང་། སྨན་ཁང་། བཟོ་ཁང་། གློག་ཀླད་ཁང་སོགས་ཡོད་པར་གྱུར་པ་དེས་དགོན་པ་གཞུང་ལ་ལོ་རེར་ཡོང་འབབ་མི་ཉུང་བ་ཞིག་འཚོལ་བཞིན་ཡོད་པ་དང་། དེ་རྣམས་ལོ་རེའི་ཆོས་ཐོག་གི་ཐེབས་སུ་བཏང་བས་རོང་འབྲོག་མང་ཚོགས་དང་སྦྱིན་བདག་གཞན་རྣམས་ལ་བརྟེན་མ་དགོས་པར་གྱུར་པར་མ་ཟད། དགོན་པའི་གྲྭ་བཙུན་རྣམས་ཀྱི་ཉིན་རེའི་འཚོ་བའི་ཐད་ལ་ཡང་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པ་ཡིན་ཏེ། དགོན་པར་རྒྱུན་དུ་བཞུགས་ནས་དཔེ་གཟིགས་གནང་མཁན་དང་ཡང་ན་དབྱར་གནས་ཁས་བླངས་པ་རྣམས་ཀྱིས་རང་ལ་མཁོ་བའི་དངོས་པོ་དང་སྔོ་ཚོད། གཟན་ཤམ་ཐབས། སྨན་གྱི་རིགས་སོགས་དགོན་པའི་ཕྱི་ལ་ཕེབས་མི་དགོས་པར་ཡོད་ཚད་དགོན་པའི་ནང་དུ་ཉོས་ཆོག་པ་དང་། ཡི་གེ་གཏག་པ་དང་བསྐྱར་དཔར་བྱེད་པ། དྲ་བ་བརྒྱུད་ནས་ཕན་ཚུན་ལ་རྒྱུ་ཆ་དང་ཡི་གེ་སོགས་བསྐུར་དགོས་ཚེ་དགོན་པའི་གློག་ཀླད་ཁང་དུ་སོང་ནས་བསྒྲུབ་ཆོག གཞན་ད་དུང་དགོན་པའི་སྨན་ཁང་དུ་སྨན་བླངས་ཚེ་རིན་གོང་ཧ་ཅང་སླ་བས་གྲྭ་པའི་དུས་རྒྱུན་གྱི་འཚོ་བའི་ནང་དུ་ངེས་པར་མཁོ་བའི་ཚོང་ཁང་དང་ཟ་ཁང་། གློག་ཀླད་ཁང་སོགས་ཕྱེ་བ་ནི་དགོན་པ་གཞུང་གི་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་དགོན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཤིན་ཏུ་ཕན་པར་མ་ཟད། གྲྭ་བཙུན་ཡོངས་ཀྱི་འཚོ་བར་སྟབས་བདེ་གང་མང་ཞིག་བཟོས་ཡོད།
        འདས་ཟིན་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དྷཱིཿཚ་དགོན་པའི་གྲྭ་བཙུན་གྱི་ཉིན་རེའི་འཚོ་བའི་ཐད་ནས་ཀྱང་འགྱུར་ལྡོག་མང་པོ་ཞིག་བྱུང་ཡོད་པ་དང་། དགོན་སྡེའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྦྱིན་བདག་རྣམས་དང་གྲྭ་བཙུན་སྒེར་གྱི་ཁྱིམ་ཚང་གི་འཚོ་བའི་མཐུན་རྐྱེན་སྔར་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། གྲྭ་བཙུན་སྒེར་གྱི་འཚོ་བ་ཡང་དེ་དག་དང་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པས། སྔར་གྱི་གྲྭ་ཤག་ཕལ་ཆེ་བ་བཤིག་ནས་གྲོང་བརྡལ་གྱི་ཁང་པའི་ཇུས་འགོད་ལྟར་གསར་དུ་ལས་པ་དང་། ཁང་པའི་མདུན་ངོས་རྣམས་ཤེལ་གྱིས་བཏུམས་ནས་དགུན་ཁའི་གྲང་ངར་དང་བསེར་བུ་བཀག་སྟེ་ཁང་པའི་ནང་དུ་དྲོད་ཁོལ་འཛོམས་པར་བྱས་པར་མ་ཟད། ཁང་པའི་ནང་དུ་དེང་སྐབས་སྤྱོད་བཞིན་པའི་གློག་གི་ཡོ་བྱད་རྣམས་བསྒྲིགས་ནས་ཟས་གཡོ་སྦྱོར་བྱེད་པར་སྟབས་བདེ་བོ་བཟོས་ཡོད་པ་དང་། གྲྭ་བཙུན་ཉུང་ཤས་ཤིག་གིས་ཁང་པའི་ནང་དུ་གསང་སྤྱོད་ཁང་དང་ཁྲུས་ཁང་ཡང་ལས་ཏེ་གྲྭ་བཙུན་གྱི་ཉིན་རྒྱུན་གྱི་འཚོ་བར་མཁོ་བ་རྣམས་རང་ནུས་ཅི་ལྕོགས་ཀྱིས་བཟོས་ཡོད། དེའི་བཟང་ཆ་ནི་དགོན་པའི་དཔེ་ཆ་བ་རྣམས་ཀྱིས་རང་ཤག་ཏུ་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཟས་གཡོ་སྦྱོར་བྱེད་ཐུབ་པས་དུས་ཚོད་མང་པོ་ཞིག་གྲོན་མི་དགོས་ཤིང་། ཆོས་མཚམས་དང་ལོ་གསར་གྱི་སྐབས་སུ་མཚམས་ལ་སྡོད་མཁན་ཞིག་ཡིན་ཚེ། ཁང་པའི་ནང་དུ་གསང་སྤྱོད་ཁང་དང་ཁྲུས་ཁང་སོགས་ཡོད་ཚེ་སྟབས་ཧ་ཅང་བདེ་ཞིང་། གྲྭ་ཤག་གི་ཁང་པའི་ནང་གི་བཟོ་བཀོད་ཤིན་ཏུ་ལེགས་ཚེ་ཤག་ཏུ་རྒྱུན་པར་འདུག་འདོད་པས་དེ་ནི་དཔེ་གཟིགས་གནང་བ་དང་། ཁ་ཏོན་དགེ་སྦྱོར། མཚམས་ལ་སྡོད་པ་སོགས་གྲྭ་བཙུན་གྱི་འཚོ་བར་མཁོ་ཞིང་ཧ་ཅང་ཕན།
        གྲྭ་ཤག་ཕལ་ཆེ་བའི་ཁང་པའི་མདུན་ངོས་ཤེལ་གྱིས་བཏུམས་ཡོད་པ་དང་། དེ་ལ་མཚོན་ན་ཡང་སྔར་དགོན་པའི་ནང་དུ་དབྱར་དགུན་གང་ཡིན་ཡང་གསར་དུ་ཞུགས་པ་རྣམས་ཀྱིས་ཁང་མིག་གི་ཕྱི་རུ་འཛིན་སྐྱོར་སྦྱངས་བྱེད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ཅིང་། དགུན་ཁར་གྲང་ངར་དང་བསེར་བུ་ཇི་འདྲ་ཆེ་རུང་ཉིན་རྒྱུན་ལྟར་ཁང་མིག་གི་ཁྱམས་འོག་ཏུ་ཉིན་དེར་བློ་ལ་འཛིན་དགོས་པ་རྣམས་སྐྱོར་དགོས་ཏེ། བཀྲ་ཤིས་རྒྱ་མཚོས“ང་རང་དྷཱིཿཚ་དགོན་པར་ཡོང་སྟེ་སྨོན་ལམ་སྣ་ལྔ་པོ་བློ་ལ་བཟུང་ཚར་རྗེས་ཚོགས་ལ་ཞུགས་པ་དང་། དེའི་རྗེས་དགོན་པའི་འདོན་ཆོག་གཞན་རྣམས་བློ་ལ་བཟུང་བ་ཡིན། ཆོས་ཐོག་གི་སྐབས་དང་ཆོས་མཚམས་ཀྱི་སྐབས་གང་ཡིན་ཡང་ཤག་ཏུ་ནངས་ཇ་འཐུང་ཚར་རྗེས་ཉིན་རྒྱུན་ལྟར་དུས་ཚོད་གཉིས་ཙམ་གྱི་རིང་ལ་སྐད་ཕྱིར་ཕྱུང་ནས་ཉིན་དེའི་བློ་འཛིན་གྱི་འགན་ཡོངས་སུ་འགྲུབ་དགོས། ལྷག་པར་དུ་དགུན་ཁར་གྲང་ངར་ཇི་འདྲ་ཆེ་རུང་ངའི་ཨ་ཁུས་ཁང་པའི་ནང་དུ་བློ་འཛིན་བྱེད་དུ་བཅུག་པ་ངའི་ཡིད་ལ་དྲན་རྒྱུ་མི་འདུག དགུན་ཆོས་ཀྱི་སྐབས་སུ་གྲང་ངར་ཆེ་དུས་ཁང་པའི་ཕྱི་རུ་བློ་ལ་སྐྱོར་ནས་དུས་ཚོད་གཅིག་ཙམ་འགོར་བ་ན་ངས་དུང་འབུད་པར་རེ་སྒུག་བྱས་མྱོང་། ངའི་ཨ་ཁུ་ནི་དགོན་པའི་འདོན་ཆོག་གི་སྐོར་ལ་རེ་བ་ནན་མོ་འདོན་པ་ཞིག་ཡིན་ཅིང་། དུས་ཚོད་གཅིག་ཙམ་ལ་བློར་བཟུང་ནས་ཟིན་ན་ཡང་ཁོང་གི་རེ་བ་ལྟར་དུང་བུས་ནས་ཚོགས་བརྡ་གཏོང་རག་བར་དུ་བློ་ལ་སྐྱོར་དགོས།”②ཞེས་བཤད་པ་དང་། དེ་ལྟ་ན་གྲྭ་ཤག་གི་ཁང་པའི་ཁྱམས་ར་ཤེལ་གྱིས་བཏུམས་རྗེས་འཛིན་སྐྱོར་སྦྱངས་བྱེད་མཁན་རྣམས་ཀྱིས་དགུན་ཁར་གྲང་ངར་དང་བསེར་བུ་མྱང་མི་དགོས་པ་དང་། གཟན་དང་ཤམ་ཐབས། སྟོད་འགག་སོགས་བཀྲུས་ནས་ཁྱམས་རའི་ནང་དུ་ཉི་མར་ལྡེས་ཚེ་བསྐམ་སླ་བ་སོགས་ལ་ཕན་པས་ན་དེ་ཡང་དགོན་སྡེའི་འགྱུར་ལྡོག་གི་ལེགས་ཆ་ཞིག་རེད་སྙམ།
        ཞལ་ཟས་ཀྱི་ཐད་ནས་བཤད་ན་དྷཱིཿཚ་དགོན་པར་སྔར་ཇ་དང་རྩམ་པ། གོ་དམར་དང་ཐུག་པ་བཅས་ནི་གྲྭ་བཙུན་ཐུན་མོང་གི་ཞལ་ཟས་གཙོ་བོ་ཡིན་ཅིང་། གོ་དམར་བཙོས་མ་དང་ཕྱེ་ཐུག་བརྡལ་ནས་ཉིན་མང་པོ་འགོར་བ་དང་། སྐབས་དེར་འཁྱག་སྒམ་སོགས་མེད་པས་ཤ་བསྐམས་ནས་ཡུན་རིང་འགོར་བའང་བཞེས་དགོས་པ་དང་། རིམ་བཞིན་གྲྭ་བཙུན་ཐུན་མོང་གི་ཞལ་ཟས་ལ་འགྱུར་ལྡོག་བྱུང་སྟེ། ཤ་འཁྱག་སྒམ་ནང་དུ་བཞག་ནས་གསར་པ་བཞེས་པ་དང་། ཉིན་རེར་གོ་རེ་རླངས་ཚོས་དང་ཕྱེ་ཐུག་བརྡལ་ནས་ཚོགས་ལ་འདྲེན་པར་མ་ཟད། སྤྱི་ལོ2006ལོར་ཚོགས་ཆེན་འདུ་ཁང་དུ་ཤ་མི་བཞེས་པར་ཐག་བཅད་རྗེས། གཉེར་པས་སྔོ་ཚོད་སྤྱད་ནས་ཟས་ཅི་རིགས་གཡོ་སྦྱོར་བྱས་པའི་དགེ་མཚན་ནི་གྲྭ་བཙུན་ཐུན་མོང་གི་སྐུ་བདེ་ཞིང་ཁམས་དྭངས་པར་ཕན་ཐོགས་ཆེན་པོ་ཞིག་ཡོད་དེ། སྔར་ཤ་རྙིང་དང་གོ་དམར་སྐམ་པོ། ཕྱེ་ཐུག་བརྡལ་ནས་ཡུན་རིང་འགོར་བ་བཞེས་པས་རྒན་པ་སྐོར་ཞིག་ལ་ཕོ་ནད་བྱུང་བའི་སྣང་ཚུལ་བྱུང་མྱོང། སྤྱི་ལོ2006ལོ་ནས་བཟུང་ཚོགས་ཆེན་འདུ་ཁང་དུ་ཤ་བཞེས་མི་ཆོག་པར་ཐག་བཅད་པ་དང་། དེ་ནི་གཅིག་ཏུ་ན་སྟོན་པའི་རྗེས་འཇུག་པ་ཞིག་ཡིན་ཚེ་སྲོག་གཅོད་དང་སྡིགས་ལས་ལ་འཛེམ་དགོས་པས་དེ་ནི་གྲྭ་པའི་ཀུན་སྤྱོད་དང་ཤིན་ཏུ་འཚམ་ཞིིང་། གཉིས་སུ་ན་ཚོགས་ཆེན་འདུ་ཁང་དུ་ཤ་བཅད་པ་དེས་དགོན་པ་གཞུང་གི་ཆོས་ཐོག་གི་འགྲོ་སོང་ལ་གྲོན་ཆུང་མི་ཉུང་བ་ཞིག་བྱས་ཟིན་པས་དགོན་པའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་རང་ཁ་རང་གསོ་བྱེད་པའི་ཐད་ལ་ཡང་ཕན་པ་ཆེན་པོ་ཞིག་ཡོད། གསུམ་དུ་ན་ཚོགས་སུ་ཤ་བཅད་རྗེས་ལྷ་སྐུ་མང་པོ་བཞུགས་པའི་ཚོགས་ཆེན་འདུ་ཁང་གི་གཙང་སྦྲ་སོགས་ལ་ཕན་པ་རེད།
        དགོན་པའི་ཇ་ཁང་ནང་དུ་འཁྱག་སྒམ་དང་ཟས་གཡོ་སྦྱོར་བྱེད་སྤྱད་ཀྱི་དེང་རབས་ཀྱི་འཕྲུལ་ཆས་ཡོ་བྱད་སྐོར་ཞིག་ཉོས་རྗེས་ཇ་མ་དང་ཇ་གཡོག་རྣམས་ཀྱི་ལས་ཀ་ལྡབ་འགྱུར་གྱིས་ཇེ་ཡང་དུ་གྱུར་པ་ཡིན་ཏེ། ལ་ཕུག་སོགས་གཏུབ་བྱེད་ཀྱི་འཕྲུལ་ཆས་ཤིག་ཡོད་པ་དེས་སྔར་ཇ་གཡོག་རྣམས་ཀྱིས་དུས་ཚོད་གཅིག་གི་རིང་ལ་གཏུབ་དགོས་པའི་སྔོ་ཚོད་རྣམས་འཕྲུལ་ཆས་བཀོལ་ནས་གཏུབ་ཚེ་སྐར་མ་འགའ་མ་གཏོགས་མི་དགོས་པས་ཟས་གཡོ་སྦྱོར་བྱེད་པར་སྟབས་ཇེ་བདེ་རུ་གྱུར་པ་དང་། དེའི་ཁར་ཇ་མ་དང་གཉེར་པ་རྣམས་ཀྱིས་ཟས་གཡོ་སྦྱོར་བྱེད་ཚུལ་བསྒྱུར་ནས་སྔར་དུས་ཚོད་མང་པོའི་རིང་ལ་ཟས་གཡོ་སྦྱོར་བྱ་དགོས་པ་ད་ལྟ་དུས་ཚོད་དེ་འདྲ་མང་པོ་ཞིག་སྤྱོད་ཀྱིན་མི་འདུག་སྟེ། ཨ་ཁུ་རྒྱལ་མཚན་ལགས་ཀྱིས་འབྲས་ཐུག་འཚོད་སྟངས་སྐོར་གྱི་འགྱུར་ལྡོག་ངོ་སྤྲོད་བྱས་པ་ལྟར་ན། སྔར་ཉིན་གཉིས་པའི་འབྲས་ཐུག་དེ་ཉིན་དང་པོར་བཙོ་དགོས་པ་དང་། འབྲས་ཐུག་འཚོད་པར་དུས་ཚོད་ཉེར་བརྒྱད་ནས་ཉེར་དགུ་འགོར་བཞིན་ཡོད་པ་ད་ལྟ་དུས་ཚོད་ལྔ་ལྷག་ལ་མ་གཏོགས་བཙོ་མི་དགོས་པ་ཡང་དགོན་པའི་ཇ་ཁང་གི་དེང་སྐབས་ཀྱི་ཟས་གཡོ་སྦྱོར་བྱེད་སྤྱད་ཀྱི་འཕྲུལ་ཆས་རྣམས་བཀོལ་བ་ལ་བརྟེན་ནས་ཟས་གཡོ་སྦྱོར་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བ་ཡིན་ཅིིང་། དེས་ཇ་མ་དང་ཇ་གཡོག་རྣམས་ཀྱི་ལས་ཚེགས་ལྡབ་འགྱུར་གྱིས་ཇེ་ཡང་དུ་བཏང་བ་ནི་དགོན་སྡེའི་ཟས་གཡོས་སྦྱོར་ཐད་ཀྱི་འགྱུར་ལྡོག་གི་ལེགས་ཆ་ཞིག་རེད།
        དྷཱིཿཚ་དགོན་པའི་ཁྲི་པ་དང་དགེ་བསྐོས། དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣ་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ཡེ་ཤེས་རྒྱ་མཚོ་ལགས་ཀྱི་དགོངས་གཞི་ལྟར་སྤྱི་ལོ1995ལོའི་དགེ་ལྡན་ལྔ་མཆོད་ཆེན་མོ་ནས་བཟུང་སྔོན་རི་ཁྲོད་ཀྱི་མཚན་ཉིད་དགོན་པ་ཞིག་ཡིན་པ་ཆོས་སྡེ་འབའ་ཞིག་ཏུ་བསྒྱུར་པ་དང་ཆབས་ཅིག གྲྭ་བཙུན་ཡོངས་ཀྱིས་སྔར་གྱི་ཐུལ་བའི་ཚབ་ཏུ་ཟླ་གམ་མནབས་པ་དང་། དེའི་ཁར་ཚང་མས་ཞྭ་མོ་མནབས་པ་ལ་བརྟེན་ནས་གྲྭ་བཙུན་ཐུན་མོང་གི་གྱོན་ཆས་ཐད་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་དང་། དེའི་བཟང་ཆ་ནི་གྲྭ་བཙུན་ཐུན་མོང་གི་དགུན་གྱི་གྱོན་ཆས་མདོག་དང་རྣམ་པ་གཅིག་མཐུན་དང་གྲ་དག་པར་གྱུར་པ་ཡིན་ཏེ། སྔར་གྲྭ་བཙུན་རྣམས་ཀྱི་ཐུལ་བའི་མདོག་སྣ་ཚོགས་ཡིན་པར་མ་ཟད། བར་ཚངས་ཅན་གྱི་ཐུལ་བ་དང་ཚ་རུ་དང་ལུག་ལྤགས་ཀྱིས་བཟོས་པའི་ཐུལ་བ། དེང་སྐབས་ཀྱི་ཚ་རུ་བཅོས་མས་བཟོས་པ་སོགས་ཡོད་པས་གྲྭ་བཙུན་རྣམས་ཚོགས་ལ་ཕེབས་པ་དང་། རྒྱུགས་རྩི་བཞག་སྐྱོར་བའི་སྐབས་དང་། ཚོགས་སུ་མཉམ་དུ་འཚོགས་ཏེ་འདོན་ཆོག་རྣམས་གསུང་བའི་དུས་སུ་དགུན་གྱི་གྱོན་ཆས་གཅིག་གྱུར་མིན་པས་མིག་ལ་དེ་འདྲ་མི་མཛེས་པར་སྣང་སྲིད། དེ་བཞིན་དུ་དགོན་པའི་བཟོ་ཁང་གིས་གྲྭ་བཙུན་རྣམས་ལ་གཟན་དང་ཤམ་ཐབས་སོགས་བཟོས་པས་གྲྭ་པ་རྣམས་ཀྱི་གཟན་དང་ཤམ་ཐབས་ཀྱི་མདོག་ཀྱང་སྔོན་ཆད་དང་བསྡུར་ན་ཅུང་གཅིག་མཐུན་དུ་སོང་ཡོད་དེ། བཀྲ་ཤིས་རྒྱ་མཚོས “སྔོན་ཆད་གྲྭ་པ་རྣམས་ཀྱིས་ཁ་དོག་མི་འདྲ་བའི་གཟན་ཤམ་ཐབས་སྣ་ཚོགས་གྱོན་པ་དང་། ད་ལྟ་དགོན་པའི་གྲྭ་པ་རྣམས་ཀྱི་གཟན་ཤམ་ཐབས་ཀྱི་རས་དང་མདོག་ཀྱང་མང་ཆེ་ཤོས་གཅིག་འདྲ་ཡིན་ཏེ། དགོན་པའི་བཟོ་ཁང་དུ་ཀུན་གྱི་མིག་ལ་མཛེས་ཤིང་སྤུས་ཀ་ལེགས་པའི་རས་སྣ་བཟང་ཤོས་འགའ་མ་གཏོགས་མི་འདུག་པའི་རྐྱེན་གྱིས་རེད་སྙམ། ”③ཞེས་བཤད་པ་ལྟར། དྷཱིཿཚ་དགོན་པའི་གྲྭ་བཙུན་གྱི་གྱོན་ཆས་གཅིག་གྱུར་དང་གྲ་དག་པར་གྱུར་པ་ཡང་དགོན་སྡེའི་གྱོན་ཆས་ཀྱི་འགྱུར་ལྡོག་ནང་གི་ལེགས་ཆ་ཞིག་རེད།
        དྷཱིཿཚ་དགོན་པའི་གྲྭ་བཙུན་གྱི་གུང་གསེང་དང་སྟོན་མོ་སོགས་ལ་རོལ་ཚུལ་ལའང་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་ལས་གཞུང་གསར་གྱི་སྟོན་མོ་དང་། ཕར་ཕྱིན་གྱི་སྟོན་མོ། འདུལ་སྟོན་རྣམས་ལ་མཚོན་ན་སྔར་གྲམ་པའི་ནང་དུ་རས་གུར་ཕུབ་ནས་ཉིན་འགར་གུང་གསེང་ལ་རོལ་པ་རིམ་གྱིས་འགྱུར་ཏེ། ད་ལྟ་ས་ཆ་གཞན་རྣམས་ལ་མཇལ་སྐོར་དང་ལྟ་སྐོར་ལ་འགྲོ་བར་མཚོན་ན་ཡང་གནས་གཞན་དུ་སོང་ཚེ། སྔར་མཐོང་མ་མྱོང་བའི་གནས་དང་ཐོས་མ་མྱོང་བའི་ངག་རྒྱུན་དང་ལོ་རྒྱུས་མང་པོ་ཞིག་ཤེས་པར་འགྱུར་ལ། དེ་ལ་བརྟེན་ནས་གྲྭ་བཙུན་རྣམས་ཀྱི་མཐོང་རྒྱ་དང་ཐོས་རྒྱ་ཆེར་བསྐྱེད་པ་དང་། སྒོས་སུ་དགོན་པའི་ནང་དུ་ཡུན་རིང་པོར་བཞུགས་ཏེ་རྒྱུན་པར་ཐོས་པ་དོན་དུ་གཉེར་པའི་དཔེ་ཆ་བ་རྣམས་ལ་མཚོན་ན། གནས་གཞན་དུ་ལྟ་སྐོར་དུ་ཕེབས་ཚེ་སེམས་ལྷོད་པོའི་སྒོ་ནས་གཡེང་ཐུབ་པ་དང་། དེ་ལྟར་ཉིན་འགའ་འགོར་ནས་ཕྱིར་དགོན་པར་ཕེབས་པ་ན་མུ་མཐུད་དུ་དཔེ་གཟིགས་གནང་བར་སེམས་ཤུགས་ཀྱང་ཇེ་ཆེར་འགྲོ་ངེས་ཡིན་སྙམ།
        དགོན་པའི་སློབ་གསོའི་ཐད་ཀྱི་འགྱུར་ལྡོག་ལ་མཚོན་ན་ཡང་གྲྭ་བཙུན་གྱི་སློབ་གཉེར་ལ་དམིགས་ནས་དྷཱིཿཚ་དགོན་པའི་ནང་དུ་སློབ་ཆུང་ཞིག་བཙུགས་ཏེ། དགོན་པར་གསར་དུ་ཞུགས་པའི་ལོ་ཆུང་གྲྭ་པ་རྣམས་ལ་ལོ་ངོ་གསུམ་རིང་ལ་སྦྱོར་ཀློག་དང་ཐོབ་ཐང་། ཡིག་གཟུགས་དང་རྩིས་རིག རྒྱའི་སྐད་ཡིག་སོགས་ཀྱི་དཔེ་ཁྲིད་བྱེད་བཞིན་ཡོད་པ་ནི་ཆོས་གྲྭར་ཞུགས་ཏེ་གཞུང་པོད་ལྔའི་དང་པོ་ཚད་མ་རིག་པར་སྦྱང་བར་གྲ་སྒྲིག་ལེགས་པོ་ཞིག་བྱེད་པ་དང་། གཞན་ད་དུང་སྤྱི་ལོ1991ལོ་ནས་བཟུང་ཉིན་བཞི་བཅུ་རིང་གི་རྒྱ་ལོ་རྡོ་བཅལ་དང་སྤྱི་ལོ2008ལོར་ཉིན་ཉི་ཤུའི་ཅན་གྱི་སྟོན་ཆོས་གསར་དུ་བཙུགས་པར་མ་ཟད། ཚོགས་ལངས་ཇེ་མང་དུ་བཏང་བའི་ཁར་རྡོ་རམས་པའི་དམ་བཅའ་དང་བཀའ་བཅུའི་དམ་བཅའ་འཇོག་པའི་སྲོལ་བཙུགས་པ་ནི་དགོན་སྡེའི་སློབ་གསོའི་ཐད་ཀྱི་འགྱུར་ལྡོག་ཅིག་ཡིན་ལ། དེ་རྣམས་གང་ཡིན་ཀྱང་དགོན་པའི་ཆོས་འཆད་མཉན་གོང་དུ་འཕེལ་བའི་ཆེད་དང་། དཔེ་ཆ་པ་རྣམས་ལ་སློབ་གཉེར་བྱེད་པའི་གོ་སྐབས་གང་མང་བསྐྲུན་པ་ཡིན་པས་དགོན་པའི་སློབ་གསོ་གོང་དུ་འཕེལ་བ་དང་གྲྭ་བཙུན་རྣམས་ཀྱི་གཞུང་པོད་ལྔའི་སློབ་གཉེར་ལ་ཤིན་ཏུ་ཕན།
གཉིས་པ། དགོན་སྡེའི་རིག་གནས་འགྱུར་ལྡོག་གི་སྐྱོན་ལ་བརྟག་པ།
        དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་གླིང་གི་དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་ལ་ལེགས་ཆ་དང་དགེ་མཚན་སྐོར་ཞིག་འདུག་པ་གོང་དུ་བརྗོད་ཟིན་ལ། དེ་ལའང་སྐྱོན་དང་ངན་ཆ་ཅི་ཡང་མི་འདུག་པ་མིན་ཏེ། སྤྱི་ལོ1980ལོར་དྷཱིཿཚ་དགོན་པའི་ཆོས་སྒོ་ཕྱེ་བ་ནས་བཟུང་དགོན་པའི་ཁྲི་པས་དོ་དམ་ཁང་གི་ལས་སྣ་པ་འགའ་རེ་བསྐོས་ནས་ལོ་མང་པོའི་རིང་ལ་བྱ་བ་སྒྲུབ་ཏུ་བཅུག་པ་དང་། སྤྱི་ལོ2003ལོ་ནས་བཟུང་འགན་ཁུར་ཡུན་ལོ་ངོ་གསུམ་དུ་བསྒྱུར་ནས་གཏན་འཁེལ་བྱས་ཤིང་། དེ་ནས་བཟུང་ལོ་གསུམ་རེའི་ནང་དུ་ལས་སྣ་པ་གསར་དུ་བསྐོས་པ་དང་། སྔོན་ཆད་དོ་དམ་ཁང་གི་འགན་ཁུར་མྱོང་མཁན་ཡང་བསྐྱར་དོ་དམ་ཁང་གི་ལས་སྣ་པར་མི་བསྐོ་བར་ཐག་བཅད། དེ་ལ་ཞན་ཆ་ཞིག་ཡོད་པ་ནི་དགོན་པའི་ཁྲི་བས་དོ་དམ་ཁང་གི་ལས་སྣ་པ་རྣམས་བསྐོས་རྗེས། ལས་སྣ་པ་གསར་པ་རྣམས་ཀྱིས་ལོ་ངོ་གསུམ་གྱི་རིང་ལ་དགོན་པའི་བྱ་བ་གལ་ཆེན་གང་དག་བསྒྲུབ་རྒྱུའི་འཆར་གཞི་བཟོ་བ་དང་། དགོན་པའི་ལས་དོན་གལ་ཆེན་ཁ་ཤས་ནི་ལོ་ངོ་གསུམ་གྱི་རིང་ལ་ཡོངས་འགྲུབ་བྱ་མི་ཐུབ་པར་ཉུང་མཐའ་ལོ་ངོ་བཞི་དང་རིང་མཐའ་ལོ་ངོ་དྲུག་ཙམ་གྱི་རིང་ལ་བསྒྲུབ་དགོས་པའི་ལས་དོན་རྣམས་དོ་དམ་ཁང་གི་ལས་སྣ་པ་སུས་ཀྱང་མི་བསྒྲུབ་པ་དང་། དོ་དམ་ཁང་གི་ལས་སྣ་པ་རྣམས་ཀྱིས་བྱ་བ་དེ་དག་བསྒྲུབ་དགོས་པ་སེམས་ལ་ཡང་ཡང་དྲན་གྱིན་ཡོད་ན་ཡང་། དེ་དག་ལོ་ངོ་གསུམ་གྱི་རིང་ལ་འགྲུབ་དཀའ་བས་འཆར་གཞི་བཟོ་བའི་སྐབས་སུ། བསྒྲུབ་དགོས་པའི་བྱ་བའི་གྲས་སུ་མི་འཇོག་པས་དོ་དམ་ཁང་གི་ལས་སྣ་པའི་འགན་ཁུར་ཡུན་ཇེ་ཉུང་དུ་བཏང་སྟེ་ལོ་ངོ་གསུམ་དུ་བསྒྱུར་བ་ལ་དགོན་པའི་བྱ་བ་ཆེན་པོ་རྣམས་སུས་ཀྱང་མི་བསྒྲུབ་པའི་ཞན་ཆ་དེ་ཡོད།
        སྤྱི་ལོ2009ལོར་དགོན་པའི་ཁྲི་པས་དོ་དམ་ཁང་གི་ལས་སྣ་པ་རྣམས་བསྐོ་དུས། སྔར་དོ་དམ་ཁང་དུ་བྱ་བ་བསྒྲུབས་མྱོང་བའི་ཉམས་མྱོང་ཅན་རྣམས་བསྐོས་པར་མ་ཟད། ལོ་ངོ་ལྔའི་རིང་ལ་འགན་ཁུར་དགོས་ཞེས་ཐག་བཅད་པ་ཡིན་ཏེ། དེའི་རྒྱུ་མཚན་ནི་ལོ་དེ་ནས་བཟུང་སྤྱི་ལོ1985ལོར་བཞེངས་པའི་ཚོགས་ཆེན་འདུ་ཁང་ལོ་ངོ་ཉི་ཤུ་ལྷག་འགོར་ཟིན་པ་བཤིག་ནས་རྒྱ་བསྐྱེད་དེ་བསྐྱར་བཞེངས་བྱེད་དགོས་པར་དམིགས་པ་རེད། འདི་ལྟ་བུའི་དགོན་པའི་བྱ་བ་དོ་གལ་ཆེ་བའི་རིགས་བསྒྲུབ་དགོས་ན་ངེས་པར་དོ་དམ་ཁང་གི་ལས་སྣ་པའི་འགན་ཁུར་ཡུན་ལོ་ངོ་གསུམ་གྱིས་མི་ཆོག་པ་དང་། སྤྱི་ལོ2009ལོའི་སྔོན་དུ་འགན་ཁུར་མྱོང་བའི་དོ་དམ་ཁང་གི་ལས་སྣ་པ་རྣམས་ཀྱིས་ཀྱང་དགོན་པའི་འདུ་ཁང་བསྐྱར་བཞེངས་བྱ་དགོས་ཞེས་གླེང་བཞིན་ཡོད་ན་ཡང་། འཆར་གཞིའི་གྲས་སུ་བཞག་ནས་མགོ་རྩོམ་མཁན་མ་བྱུང་བ་ནི་འདུ་ཁང་བསྐྱར་བཞེངས་ཀྱི་མ་དངུལ་མི་ཉུང་བ་ཞིག་ལོ་འགའི་སྔོན་ནས་བསགས་མགོ་བརྩམས་ན་ཡང་། ལོ་ངོ་གསུམ་གྱི་རིང་ལ་བསྒྲུབས་མི་ཚར་བ་དང་དེའི་འགན་ཡང་ཤིན་ཏུ་ལྕི་བས་སྤྱི་ལོ2009ལོའི་བར་དུ་ལུས་པ་རེད་སྙམ།
        དགོན་སྡེའི་དཔལ་འབྱོར་གོང་འཕེལ་དུ་སོང་རྗེས་དགོན་པ་གཞུང་གིས་ལས་སྣ་པ་སྐོར་ཞིག་ལ་ལོ་རེར་ཕོགས་ཀྱི་ཚུལ་དུ་དམངས་སྒོར་སྟོང་གཅིག་ནས་ཁྲི་གཅིག་སྟེར་བཞིན་ཡོད་པ་ལ་ངན་ཆ་ཡང་ཡོད་དེ། སྔར་དགོན་པའི་དོ་དམ་ཁང་གི་ལས་སྣ་པ་རྣམས་ཀྱིས་གྲྭ་པ་རྣམས་ལ་ལས་བགོ་དང་འགན་ཁུར་ཅི་ཞིག་བཞག་ན་ཡང་ཚང་མས་དགའ་དགའ་སྤྲོ་སྤྲོས་དང་དུ་བླངས་ཏེ་བྱ་བ་རྣམས་འབད་པས་བསྒྲུབས་པ་དང་། དགོན་པར་ཞབས་ཕྱི་གང་བསྒྲུབས་ཐམས་ཅད་རང་ཉིད་ཀྱི་དགེ་བའི་ཚོགས་བསགས་པ་ཡིན་པར་འདོད་ཀྱིན་འདུག ཡིན་ན་ཡང་ལས་སྣ་པ་སྐོར་ཞིག་ལ་ལོ་རེར་ཕོགས་ཀྱི་ཚུལ་དུ་དམངས་སྒོར་སྟོང་གཅིག་ནས་ཁྲི་གཅིག་སྟེར་བ་དང་། གཞན་རྣམས་ཀྱིས་དགོན་པའི་བྱ་བ་རྣམས་ལེགས་པར་བསྒྲུབས་ཀྱང་ཡོང་འབབ་ཅི་ཡང་མེད་པས་དོ་མི་མཉམ་པ་དང་། རྗེས་ཕྱོགས་སུ་དགོན་པའི་དཔལ་འབྱོར་གྱི་སྟོབས་ཅུང་ཟད་ཉམས་པའི་སྐབས་སུ། ཕོགས་རྣམས་མ་བྱིན་ཚེ་གྲྭ་པ་རྣམས་ཀྱིས་ལས་སྣ་པའི་འགན་འཁུར་མི་འདོད་པ་དང་། དགོན་པའི་རྒན་ཚོགས་ཀྱིས་ལས་སྣ་པ་བསྐོ་བཞག་གནང་དུས་དཀའ་ཁག་གང་མང་ལ་འཕྲད་སྲིད། དེར་མ་ཟད་ལོ་རེར་ལས་སྣ་པ་རྣམས་ལ་ཕོགས་བྱིན་པ་དེས་དགོན་པའི་སྤྱི་འཇོག་གི་མ་དངུལ་དང་དགོན་སྡེའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་གནོད་པ་ཅུང་ཟད་ཡོད་ངེས་ཡིན།
        དགོན་པས་ཚོང་ཁང་གཉིས་དང་བཟོ་ཁང་། སྔོ་ཚོད་ཁང་། སྨན་ཁང་། གློག་ཀླད་ཁང་བཅས་ཕྱེ་ཞིང་། རླངས་འཁོར་ཆེ་ཆུང་གཉིས་ཉོས་ཏེ་དགོན་པ་གཞུང་ལ་ལོ་རེར་ཡོང་འབབ་མི་ཉུང་བ་ཞིག་འཚོལ་བཞིན་ཡོད་ན་ཡང་། ལས་དེ་དག་སྒྲུབ་མཁན་གྱི་གྲྭ་པ་སྐོར་ཞིག་བསྐོ་བཞག་གནང་དགོས་པ་དང་དེ་དག་གི་འགན་ཁུར་ཡུན་ལོ་གསུམ་ནས་ལྔ་ཡིན་པས་ལོ་ངོ་དེ་དག་གི་རིང་ལ་ལས་སྣ་པ་དེ་རྣམས་ཀྱིས་དཔེ་གཟིགས་གནང་མི་ཐུབ་པས་གྲྭ་བཙུན་སྒེར་གྱི་སློབ་གཉེར་ལ་གནོད་པ་ཡིན་ཏེ། ལོ་ངོ་གཉིས་རིང་གི་གཉེར་པ་བསྐོ་བཞག་གནང་སྐབས་ཀྱང་དོ་དམ་ཁང་གི་ལས་སྣ་པ་རྣམས་ཀྱིས་གྲྭ་བཙུན་སྒེར་གྱི་དཔེ་གཟིགས་ལ་གནོད་པ་ཆེ་མི་ཆེ་ལ་བརྟག་དཔྱད་ཞིབ་མོ་གཏོང་བ་དང་། རྡོ་རམས་པ་ལུང་རིགས་ལགས་ཀྱིས“གཉེར་པ་ཞིག་ལ་བསྐོས་ཚེ་མ་མཐའ་ཡང་ལོ་ངོ་གཉིས་རིང་ལ་དཔེ་ཆར་བལྟ་མི་ཐུབ་པ་དང་། ཆོས་གྲྭའི་རྩོད་པ་ལའང་ཞུགས་མི་ཐུབ་པས། རིམ་གྱིས་འཛིན་གྲྭའི་དགེ་གྲོགས་རྣམས་ཀྱིས་རྗེས་མི་ཆོད་པར་འགྱུར་བས་དོ་དམ་ཁང་གིས་གཉེར་པ་ཞིག་བསྐོ་བའི་དུས་སུ། རྒྱུན་དུ་དཔེ་གཟིགས་གནང་མཁན་རྣམས་གཉེར་པ་དང་ལས་སྣ་པར་མི་བསྐོ་སྟེ།བསྐོས་ཚེ་དཔེ་གཟིགས་ལ་ཤིན་ཏུ་གནོད་པ་དང་། དཔེ་ཆར་མི་བལྟ་བ་དང་དཔེ་གཟིགས་གནང་བཞིན་ཡོད་ན་ཡང་གཉེར་པར་བསྐོས་ཀྱང་གནོད་པ་ཆེན་པོ་མེད་པ་རྣམས་གཉེར་པར་བསྐོ་བ་རེད།”④ཅེས་གསུངས་པ་ལས། དགོན་པའི་ལས་སྣ་པ་གཞན་མང་པོ་ཞིག་བསྐོ་བཞག་གནང་ཚེ་དེ་དག་གི་དཔེ་གཟིགས་དང་དགོན་པའི་ཆོས་འཆད་མཉན་ལ་གནོད་པ་ཤེས་ཐུབ།
        གྲྭ་བཙུན་གྱི་སློབ་གཉེར་དང་དགོན་པའི་ཆོས་འཆད་མཉན་ལ་གནོད་པའི་དགོན་སྡེའི་འགྱུར་ལྡོག་ད་དུང་སྐོར་ཞིག་ཡོད་དེ། རང་རྒྱལ་དུ་ཚོང་རའི་དཔལ་འབྱོར་རིམ་བཞིན་དར་བ་དང་བསྟུན་ནས་དགོན་པའི་དཔལ་འབྱོར་ལའང་གནམ་ས་སྟེང་འོག་བརྗེས་པ་ལྟ་བུའི་འཕེལ་འགྱུར་བྱུང་པ་དང་ཆབས་ཅིག གྲྭ་བཙུན་སྒེར་གྱི་འཚོ་བའི་མཐུན་རྐྱེན་ཡང་ཇེ་ལེགས་ནས་ཇེ་ལེགས་སུ་སོང་བས་སྔར་གྲྭ་བཙུན་རྣམས་ཀྱིས་རྒྱུན་པར་གླེང་བཞིན་པ་ནི་གྲྭ་པ་སུ་འདོན་ཆོག་ལ་མཁས་ཤིང་སྐད་ཡག་པོ་ཡོད་པ་དང་། སུ་དཔེ་གཟིགས་ལ་དགའ་ཞིང་འབད་པ་བྱེད་པ། སུས་ཆོས་གྲྭར་རྒྱུན་པར་རྩོད་པ་བྱེད་པ་དང་རིགས་ལམ་རྣོན་པོ་ཡོད་པ་སོགས་ཡིན་ལ། ད་ལྟ་དགོན་པའི་གྲྭ་བཙུན་རྣམས་ཀྱིས་གླེང་བཞིན་པ་ནི་དེ་ལས་གཞན་ད་དུང་གྲྭ་བཙུན་སུ་ཞིག་ལ་རྒྱུ་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་། སུ་ཞིག་ལ་སྦྱིན་བདག་སྟོབས་ཆེན་ཞིག་ཡོད་པ་སོགས་ཀྱང་གླེང་གིན་འདུག་སྟེ། ཚོང་རའི་དཔལ་འབྱོར་དང་གྲྭ་བཙུན་གྱི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་སོང་བ་དེས་གྲྭ་པ་སྐོར་ཞིག་སློབ་གཉེར་ལ་བློ་ཁ་མི་ཕྱོགས་པར་རྒྱུ་འབྱོར་བ་འཚོལ་བར་བློ་ཁ་ཕྱོགས་སུ་འཇུག་ཕྱིར་དེས་ཀྱང་དགོན་པའི་ཆོས་འཆད་མཉན་ལ་ཤིན་ཏུ་གནོད། དེ་བས་དགོན་པ་གཞུང་གིས་གྲྭ་བཙུན་གྱི་སློབ་གཉེར་གོང་འཕེལ་དུ་འགྲོ་བའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་ཏེ། སློབ་ཆུང་བཙུགས་པ་དང་། རྒྱ་ལོའི་རྡོ་གཅལ་དང་སྟོན་ཆོས་གསར་དུ་བཙུགས་པར་མ་ཟད། ཚོགས་ལངས་ཀྱི་རྩོད་པ་ཇེ་མང་དུ་བཏང་བ་དང་བཀའ་བཅུའི་དམ་བཅའ་དང་རྡོ་རམས་པའི་དམ་བཅའ་རྣམས་བཙུགས་ནས་གྲྭ་བཙུན་གྱི་སློབ་གཉེར་ལ་སྐུལ་འདེད་བྱ་ཅི་ཐུབ་བྱས་པ་རེད་སྙམ།
        གྲྭ་བཙུན་གྱི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་སྔར་དུས་རྒྱུན་དུ་བསྒྲུབ་དགོས་པའི་ལས་ཀ་སྐོར་ཞིག་ད་ལྟ་ཇེ་ཡང་དང་སྟབས་ཇེ་བདེ་རུ་སོང་ཡོད་དེ། སྤྱི་ལོ2005ལོར་གྲྭ་ཤག་སོ་སོར་ཆུ་འཐེན་རྗེས་གྲམ་པའི་ནང་དུ་ཆུ་འཁུར་དུ་འགྲོ་མི་དགོས་པ་དང་། གློག་ཆས་ཀྱི་རིགས་རྣམས་བཀོལ་ནས་ཟས་གཡོ་སྦྱོར་བྱས་རྗེས་བུད་ཤིང་ཉོས་ཏེ་ཟས་གཡོ་སྦྱོར་བྱེད་དགོས་པའི་ལས་ཚེགས་མང་པོ་ཞིག་མེད་པར་གྱུར་པ་དང་། དེ་བཞིན་དུ་དགོན་པའི་ཇ་ཁང་ནང་དུ་ཇ་གཡོག་གི་ལས་བྱེད་དུ་འགྲོ་བ་དང་། གོ་རེ་བཟོ་བ་སོགས་ལས་གང་ཞིག་གཉེར་ན་ཡང་སྔོན་ཆད་ཀྱི་དཀའ་ཚེགས་དེ་འདྲ་མྱང་མི་དགོས་པར་གྱུར་པ་དེས་ཀྱང་དགོན་པའི་གྲྭ་བཙུན་རྣམས་ལེ་ལོ་ཇེ་ཆེར་གྱུར་ནས་དཔེ་གཟིགས་ཀྱི་ཐད་ལ་བརྩོན་པ་རྡོ་རུས་ཐུག་པ་གནང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་སྙམ་སྟེ། སྔར་ལས་ཀ་མང་པོ་ལས་ནས་དཀའ་སྡུག་གང་མང་མྱངས་ཟིན་པ་རྣམས་ཀྱིས་སློབ་གཉེར་གྱི་ཐད་ལ་བརྩོན་པ་བསྐྱེད་ནུས་ཤིང་། ཆུང་དུས་ལས་ཀ་ལས་མ་མྱོང་བ་དང་དཀའ་སྡུག་ལ་འཕྲད་མ་མྱོང་བ་རྣམས་ཀྱིས་སློབ་སྦྱོང་ལ་འབད་པ་རྡོ་རུས་ཐུག་པ་བྱེད་དཀའ་བས།གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་འཚོ་བ་སོགས་ཕྱོགས་གང་ཅི་ཐད་ནས་སྟབས་ཇེ་བདེ་དང་ལས་སླ་བོར་གྱུར་པ་དེས་གྲྭ་བཙུན་གྱི་སློབ་གཉེར་ལ་གནོད་པ་ངེས་ཅན་ཞིག་ཐེབས་ཀྱིན་ཡོད་སྙམ།
        དགོན་པའི་གྲྭ་པའི་འཚོ་བ་ཇེ་ལེགས་དང་གོང་འཕེལ་དུ་སོང་བ་དང་བསྟུན་ནས་སྔར་གྱི་ཤག་རྙིང་ཕལ་ཆེ་བ་བཤིག་སྟེ་གསར་དུ་ལས་པ་དང་། དེ་ལས་གྲྭ་ཤག་མི་ཉུང་བ་ཞིག་ནི་དེང་གི་གྲོང་བརྡལ་གྱི་ཁང་པ་བཟོ་སྟངས་ལྟར་གྱང་རྣམས་སོ་ཕག་དང་ཨར་འདམ་གྱིས་བཟོས་པ་ཤིན་ཏུ་བརྟན་པོ་ཡིན་ཀྱང་། དེ་ལ་ཞན་ཆ་ཞིག་ཡོད་པ་ནི་བོད་ཀྱི་དགོན་པ་རྣམས་ལ་རང་གི་ཐུན་མོང་མ་ཡིན་པའི་རྩིག་བཟོ་བྱེད་སྟངས་ཤིག་ཡོད་པའི་ཁྱད་ཆོས་དེ་ཉམས་པར་གྱུར་པ་དང་། དགོན་པའི་གྲྭ་ཤག་ཉུང་ཤས་ཤིག་ད་དུང་སྔར་གྱི་ཤག་རྙིང་དེ་མ་བཤིག་པར་ཡོད་པ་དང་། སྐོར་ཅིག་ཕྱི་ཚུལ་ནས་དགོན་པའི་སྲོལ་རྒྱུན་གྱི་གྲྭ་ཤག་ལས་སྟངས་དང་བསྟུན་ཅི་ཐུབ་བྱས་ཡོད་པ་དང་། གསར་དུ་ལས་པའི་གྲྭ་ཤག་སྐོར་ཞིག་དེང་སྐབས་ཀྱི་གྲོང་བརྡལ་གྱི་ཁང་པ་ལྟར་ལས་ཡོད་པས་དགོན་པའི་གྲྭ་ཤག་རྣམས་གཅིག་འདྲ་མིན་ཞིང་དོ་མི་མཉམ་པ་དང་། དགོན་པའི་སྲོལ་རྒྱུན་གྱི་རྩིག་བཟོ་དང་གྲྭ་ཤག་བཟོ་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤོར་འདུག་པས་མིག་ལ་མི་མཛེས་ཤིང་དགོན་པའི་ཁྱད་ཆོས་ཀྱང་ཅུང་ཉམས་ཡོད་པ་ལྟར་སྣང་བས་དེ་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགོན་སྡེའི་གྲྭ་ཤག་གི་འགྱུར་ལྡོག་ཐད་ཀྱི་སྐྱོན་ཆ་ཞིག་རེད་སྙམ།
གསུམ་པ། དགེ་སྐྱོན་གཉིས་ཀྱི་ཤས་ཆེ་ཆུང་གི་མཐའ་དཔྱད་པ།
        མདོ་སྨད་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་ལ་དགེ་མཚན་མང་པོ་ཞིག་དང་། སྐྱོན་ཆ་དང་ཞན་ཆ་ཡང་མི་ཉུང་བ་ཞིག་ཡོད་ལ། དེ་ལས་ཁག་གཅིག་ལ་དགེ་མཚན་མ་གཏོགས་སྐྱོན་གྱི་ཆ་ཕལ་ཆེར་མི་འདུག་སྟེ། དགོན་པའི་ནང་དུ་སློབ་ཆུང་དང་། རྒྱ་ལོ་རྡོ་གཅལ་དང་སྟོན་ཆོས། བཀའ་བཅུའི་དམ་བཅའ་དང་རྡོ་རམས་པའི་དམ་བཅའ་འཇོག་སྲོལ་བཙུགས་པའི་དགོན་སྡེའི་སློབ་གསོ་དང་གྲྭ་བཙུན་གྱི་སློབ་གཉེར་ཐད་ཀྱི་འགྱུར་ལྡོག་དེ་དག་ལ་མཚོན་ན། ཡོད་ཚད་དགོན་སྡེའི་སློབ་གསོ་གོང་འཕེལ་དུ་འགྲོ་བའི་ཐབས་ལམ་འབའ་ཞིག་ཡིན་ཏེ། དགོན་པ་གཞུང་གིས་སློབ་གཉེར་ལམ་ལུགས་དང་སློབ་གསོའི་བྱེད་ཐབས་ལ་བཅོས་སྒྱུར་བྱས་ཏེ་དགོན་པའི་འཆད་མཉན་དང་གྲྭ་བཙུན་གྱི་སློབ་གཉེར་ལ་ནུས་པ་ཡོད་ཚད་བཏོན་པ་ཡིན་པས། དེ་ལ་དགེ་མཚན་མང་པོ་ཡོད་པ་ལས་སྐྱོན་གྱི་ཆ་ཕལ་ཆེར་མེད་པ་དང་གལ་ཏེ་ཡོད་པའི་དབང་དུ་བྱས་ན་ཡང་ཧ་ཅང་ཉུང་སྟེ། དཔེར་ན་ཉིན་བཅུ་བཞིའི་རིང་གི་རྒྱ་ལོ་རྡོ་གཅལ་དང་ཉིན་ཉི་ཤུའི་རིང་གི་སྟོན་ཆོས་གསར་དུ་བཙུགས་པ་ལྟ་བུ་ལ་མཚོན་ན། དེས་དགོན་པའི་གྲྭ་བཙུན་རྣམས་ཀྱི་ཆོས་མཚམས་ཀྱི་ངལ་གསོའི་དུས་ཚོད་བདག་ཏུ་བཟུང་བ་དང་། གྲྭ་བཙུན་རྣམས་ཕ་ཡུལ་དང་ས་ཆ་གཞན་དུ་ཕེབས་ཚེ་སྡོད་ཁོམ་མང་པོ་མེད་པར་བཟོས་ནའང་ཁོང་ཚོའི་སྦྱང་བྱར་གྱུར་པའི་གཞུང་པོད་ལྔའི་ཐོས་བསམ་ལ་ཕན་ཐོགས་མི་དམན་པ་ཞིག་ཡོད་པས་དགོན་སྡེའི་སློབ་གསོའི་འགྱུར་ལྡོག་ལ་སྐྱོན་གྱི་ཆ་ཕལ་ཆེར་མེད་ཅེས་བཤད་ཆོག་སྙམ།
        དགོན་པར་སློབ་ཆུང་གསར་དུ་བཙུགས་ཏེ་འཛིན་གྲྭ་གསུམ་དུ་ཕྱེ་ནས་དགོན་པར་གསར་དུ་ཞུགས་པའི་ལོ་ཆུང་གྲྭ་པ་རྣམས་ལ་བོད་ཡིག་གི་རྨང་གཞིའི་ཤེས་བྱའི་སྐོར་དང་། རྒྱ་ཡིག རྩིས་རིག་སོགས་དཔེ་ཁྲིད་བྱེད་པ་ནི་གཞུང་པོད་ལྔའི་དང་པོ་ཚད་མ་རིག་པར་སྦྱང་བའི་བོད་ཡིག་གི་རྨང་གཞིའི་བརྟན་པོ་ཞིག་བཏིངས་པ་ཡིན་ལ། རྒྱ་ཡིག་ཅུང་ཟད་སྦྱངས་པ་དེ་དུས་རྒྱུན་འཚོ་བའི་ནང་དུ་སྤྱོད་རྒྱ་ཆེ་ཞིང་། རྗེས་ཕྱོགས་སུ་ས་ཆ་གཞན་པར་ཕེབས་ཚེ་སྟབས་བདེ་བ་དང་། རྩིས་རིག་ལའང་སྦྱངས་པ་ཅུང་ཟད་བྱས་པ་དེས་མ་འོངས་པར་དགོན་པའི་དཀོན་གཉེར་དང་གཉེར་པ་སོགས་ཀྱི་འགན་ཁུར་ཚེ་ཕན་ཐོགས་མི་ཉུང་བ་ཞིག་ཡོད་པ་དང། རྒྱ་ལོ་རྡོ་གཅལ་དང་སྟོན་ཆོས་གསར་དུ་བཙུགས་པས་གྲྭ་བཙུན་རྣམས་ཀྱི་སློབ་གཉེར་དང་ཆོས་གྲྭར་རྩོད་པ་བྱེད་པའི་དུས་ཡུན་ཇེ་མང་དུ་བཏང་བ་དང་། བཀའ་བཅུའི་དམ་བཅའ་དང་རྡོ་རམས་པའི་དམ་བཅའ་འཇོག་སྲོལ་བཙུགས་པས་གྲྭ་བཙུན་སྤྱི་དང་སྒོས་སུ་རྒྱུན་པར་དཔེ་གཟིགས་དང་རྩོད་པའི་ཐད་ལ་བརྩོན་པ་རྡོ་རུས་ཐུག་པ་གནང་མཁན་རྣམས་ཀྱི་སློབ་གཉེར་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་ཡིན་ཏེ། བཀའ་བཅུ་དང་རྡོ་རམས་པའི་དམ་བཅའ་འཇོག་པའི་དམིགས་ཡུལ་བརྟན་པོ་ཞིག་ཡོད་པ་ལ་བརྟེན་ནས་ཐོས་པའི་ཕྱོགས་ལ་བརྩོན་པ་གང་ལེགས་བྱ་ངེས་སོ། །
        གྲྭ་བཙུན་གྱི་འཚོ་བའི་ཞལ་ཟས་ཀྱི་སྐོར་ནས་འགྱུར་ལྡོག་མི་ཉུང་བ་ཞིག་བྱུང་ཡོད་པ་ལའང་དགེ་མཚན་ལས་སྐྱོན་གྱི་ཆ་མི་འདུག་སྟེ། དུས་མཆོད་དང་ཆོས་ཐོག་གི་སྐབས་སུ་སྔར་ཤ་རྙིང་དང་མར་རྙིང་། གོ་རེ་དང་ཕྱེ་ཐུག་བཟོས་ནས་ཉིན་མང་པོ་འགོར་བ་བཞེས་པས་དགོན་པའི་ནང་གི་གྲྭ་པ་སྐོར་ཞིག་ལ་ཕོ་བའི་ནད་བྱུང་བའི་གནས་ཚུལ་བྱུང་མྱོང་། ཞལ་ཟས་ལ་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། ད་ལྟ་མར་འཁྱག་སྒམ་ནང་དུ་འཇོག་པ་དང་། གོ་རེ་རླངས་ཚོས་རྒྱུན་པར་ལས་བཞིན་ཡོད་པའི་ཁར། ཕྱེ་ཐུག་ཀྱང་ཉིན་རེར་བརྡལ་ནས་ཐུག་པ་བསྐོལ་པར་མ་ཟད། སྤྱི་ལོ2006ལོར་ཚོགས་ཆེན་འདུ་ཁང་དུ་ཤ་བཅད་རྗེས། སྔོ་ཚོད་གསར་པ་མང་པོ་སྤྱད་ནས་ཞལ་ཟས་ལས་ཏེ་ཚོགས་སུ་འདྲེན་བཞིན་ཡོད་པས་དགོན་པའི་གྲྭ་བཙུན་རྣམས་ཀྱི་སྐུ་ལུས་བདེ་ཐང་ལ་ཤིན་ཏུ་ཕན་ཅིང་། དགོན་པའི་དཔལ་འབྱོར་གྱི་འགྲོ་སོང་ཡང་ཇེ་ཉུང་དུ་གྱུར་པ་དང་། གྲྭ་པ་རྣམས་ལ་མཚོན་ན་ཚོགས་ཆེན་འདུ་ཁང་དུ་ཤ་མི་བཞེས་པ་ནི་འོས་ཤིང་རིགས་པ་ཞིག་ཡིན། དེར་མ་ཟད་དགུན་ཆོས་དཔྱིད་ཆོས་སོགས་ཆོས་ཐོག་གི་སྐབས་སུ་ཤག་ཏུ་ནུབ་ཚ་བསྐོལ་མི་འདོད་མཁན་དང་ཟ་མ་ལས་པའི་ཁོམ་ལོང་མེད་པ་རྣམས་ཀྱིས་དགོན་པའི་ཟ་ཁང་དུ་ཕེབས་ནས་བཞེས་ཆོག་པ་དང་། ཟས་རིན་རྣམས་ཕྱིར་དགོན་པ་གཞུང་གི་མ་དངུལ་གྱི་ནང་དུ་འགྲོ་བཞིན་ཡོད་པས་དགོན་པའི་དཔལ་འབྱོར་ལ་ཡང་ཕན། ཡང་ཤག་ཏུ་དགོང་ཟས་ལས་འདོད་པ་རྣམས་ཀྱིས་དགོན་པའི་སྔོ་ཚོད་ཁང་ལས་སྔོ་ཚོད་སྣ་ཚོགས་གང་འདོད་དུ་ཉོ་རྒྱུ་ཡོད་པས་གྲྭ་བཙུན་གྱི་འཚོ་བར་སྟབས་བདེ་མི་ཉུང་བ་ཞིག་བཟོས་ཡོད།
        དེ་བཞིན་དུ་དྷཱིཿཚ་དགོན་པའི་གྲྭ་བཙུན་གྱི་གྱོན་ཆས་ཐད་ཀྱི་འགྱུར་ལྡོག་ལ་མཚོན་ན་ཡང་། སྔར་གྲྭ་བཙུན་རྣམས་ཀྱིས་གཟན་དང་ཤམ་ཐབས། སྟོད་འགག་མདོག་སྣ་མི་འདྲ་བ་མང་པོ་མནབས་པ་དང་། ཐུལ་བ་བར་ཚངས་ཅན་དང་། ལུག་ལྤགས་དང་ཚ་རི་སོགས་ལས་བཟོས་པའི་ཐུལ་བ། ཚ་རི་བཅོས་མའི་ཐུལ་བ་སོགས་མནབས་པར་མ་ཟད། མདོག་སྣ་མི་འདྲ་བའི་ཐུལ་བ་མང་པོ་ཞིག་མནབས་པའི་སྲོལ་ལུགས་དེ་རིམ་གྱིས་འགྱུར་ཏེ་ད་ལྟ་དགེ་འདུན་པ་ཡོངས་ཀྱིས་དགུན་དུས་སུ་བལ་ལས་བཟོས་པའི་ཟླ་གམ་མནབས་པས་གྱོན་ཆས་གཅིག་མཐུན་དུ་གྱུར་ཅིང་མིག་ལ་མཛེས་པ་དང་། སྔར་ལུག་ལྤགས་དང་ཚ་རུ་ལ་སོགས་ལས་བཟོས་པའི་ཐུལ་བ་མནབས་པ་མི་ལེགས་ཏེ། དེ་གཉིས་གང་ཡིན་ཀྱང་ཕལ་ཆེ་བ་སྲོག་གཅོད་ཀྱི་ལས་བསགས་པ་ལ་བརྟེན་ནས་བྱུང་བ་དང་། གྲྭ་པའི་གཟན་དང་ཤམ་ཐབས་ཀྱི་རས་དང་མདོག་རྣམས་ཀྱང་ཕལ་ཆེ་བ་གཅིག་མཐུན་དུ་སོང་ཡོད་པས་གྲྭ་བཙུན་ཐུན་མོང་གི་གྱོན་ཆས་དོ་མཉམ་པར་གྱུར་པས་དགེ་མཚན་འབའ་ཞིག་ཏུ་མཐོང་བ་ལས་སྐྱོན་གྱི་ཆ་མི་འདུག
        དགོན་པའི་གྲྭ་ཤག་གི་འགྱུར་ལྡོག་ལ་དགེ་སྐྱོན་གཉིས་ཀྱི་ཆ་ཡོད་དེ། གྲྭ་ཤག་མང་པོ་ཞིག་གསར་དུ་ལས་སྐབས་གཉིས་སུ་བགོས་པས་གྲྭ་བཙུན་མང་པོ་ཞིག་ལ་རང་ཉིད་ཀྱི་གྲྭ་ཤག་ཡོད་པར་གྱུར་པ་དང་། ཁང་པའི་ནང་གི་ཇུས་བཀོད་ལེགས་པས་ནང་དུ་འདུག་འདོད་ཅིང་ཉམས་དགའ་བ་དང་། གྲྭ་ཤག་གི་ཁང་པའི་མདུན་ངོས་ཤེལ་གྱིས་བཏུམས་པས་དགུན་ཁར་དྲོ་ཞིང་། གཟན་ཤམ་ཐབས་སོགས་བཀྲུས་ཏེ་ཉི་མར་ལྡེ་ཚེ་བསྐམས་སླ་བ་སོགས་ལེགས་པའི་ཆ་མང་པོ་ཞིག་ཡོད་ན་ཡང་། དེའི་སྐྱོན་གྱི་ཆ་ནི་གྲྭ་ཤག་གསར་པ་སྐོར་ཞིག་དེང་གི་གྲོང་བརྡལ་གྱི་ཁང་པ་ལྟར་ལས་ཡོད་པས་དགོན་པའི་སྲོལ་རྒྱུན་གྱི་གྲྭ་ཤག་ལས་ཚུལ་དང་། རྩིག་བཟོའི་རིག་གནས་ཀྱི་བཅུད་ཤོར་བར་གྱུར་པས་རྒྱང་རིང་པོ་ནས་བལྟས་ན་དགོན་པའི་གྲྭ་ཤག་གི་རྣམ་པ་ཉམས་པར་གྱུར་ཅིང་། གྲྭ་བཙུན་གཞན་རྣམས་ཀྱིས་ཀྱང་རྗེས་ཕྱོགས་སུ་རང་ཉིད་ཀྱི་གྲྭ་ཤག་དེ་ལྟར་བསྐྱར་དུ་ལས་ཚེ། མི་འགྱངས་པར་དྷཱིཿཚ་དགོན་པའི་གྲྭ་ཤག་མང་ཆེ་ཤོས་གྲོང་བརྡལ་གྱི་ཁང་པ་དང་གཉིས་སུ་མེད་པར་འགྱུར་སྲིད་པ་དང་། སྐབས་དེར་དགོན་པར་སོང་ཚེ་གྲོང་བརྡལ་ཞིག་ལ་ཐོན་སོང་སྙམ་པའི་ཚོར་སྣང་ཞིག་ཀྱང་སྟེར་ངེས་པས་གྲྭ་ཤག་འགྱུར་ལྡོག་གི་དགེ་སྐྱོན་གཉིས་ཆ་མཉམ། དེ་བས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་གྲྭ་ཤག་བསྐྱར་བཟོ་བྱེད་དུས་ཕྱིའི་རྣམ་པའི་ཐད་ནས་ཇི་ལྟར་ལས་དགོས་ཚུལ་ལ་འགྲིག་ཅིག་འཛུགས་དགོས་ཤིང་། དགོན་པའི་གྲྭ་བཙུན་རྣམས་ཀྱིས་དགོན་པའི་འགྲིག་བརྩི་ཚེ་རིམ་བཞིན་གྲྭ་ཤག་གི་འགྱུར་ལྡོག་གི་སྐྱོན་དེ་བསལ་ཐུབ་སྙམ།
        དྷཱིཿཚ་དགོན་པ་གཞུང་གིས་སྤྱི་འཇོག་གི་མ་དངུལ་བསགས་པ་དང་། ཚོང་ཁང་སོགས་ཕྱེ་སྟེ་ལོ་ངོ་མང་པོའི་རིང་ལ་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་ཕུད་པ་ལའང་དགེ་མཚན་གྱི་ཆ་ཤིན་ཏུ་མང་སྟེ། དགོན་པ་རང་ཁ་རང་གསོའི་ལམ་དུ་ཞུགས་རྗེས་སྦྱིན་བདག་རྣམས་ལ་བརྟེན་མི་དགོས་པར་གྱུར་པ་དང་།དད་ལྡན་རོང་འབྲོག་མང་ཚོགས་ཀྱིས་ལོ་རེར་དགོན་པའི་མང་ཇའི་ཐེབས་སུ་ཤ་མར་རྩམ་གསུམ་སོགས་འབུལ་བཞིན་ཡོད་པའི་ཁུར་པོ་དེ་ཇེ་ཡང་དུ་གྱུར་པས་ཁོ་ཚོའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་ཤིན་ཏུ་ཕན་ཅིང་། དགོན་པའི་གཉེར་པའི་འགན་ཡང་ལྡབ་འགྱུར་གྱིས་ཇེ་ཡང་དུ་གྱུར་པས་དགོན་པ་གཞུང་དང་བོད་ཀྱི་རོང་འབྲོག་མང་ཚོགས་གཉིས་ཀར་ཕན་གཤིས་དགོན་སྡེའི་དཔལ་འབྱོར་གྱི་འགྱུར་ལྡོག་ལ་དགེ་མཚན་གྱི་ཆ་མང་ཞིང་། དེ་ལ་སྐྱོན་གྱི་ཆ་ཡོད་ཀྱང་དགེ་སྐྱོན་གཉིས་ཕན་ཚུན་བསྡུར་ནས་བརྟགས་ཚེ་ཞན་ཆ་དང་ངན་ཆ་ཤས་ཆུང་སྟེ། དགོན་པའི་ཚོང་ཁང་དང་སྔོ་ཚོད་ཁང་། བཟོ་ཁང་དང་སྨན་ཁང་། གློག་ཀླད་ཁང་རྣམས་སུ་བྱ་བ་སྒྲུབ་མཁན་གྱི་ལས་སྣ་པ་རྣམས་ཀྱིས་ལོ་ངོ་གསུམ་ནས་ལྔའི་བར་དུ་དཔེ་གཟིགས་གནང་མི་ཐུབ་པ་དང་། ལས་དེ་དག་གཉེར་རྗེས་བློ་ཁ་དཔལ་འབྱོར་དང་རྒྱུ་ནོར་བཙལ་བར་ཕྱོགས་ནས་འགན་རྫོགས་ཀྱང་ཡང་བསྐྱར་རྒྱུན་བསྐྱངས་ནས་དཔེ་གཟིགས་གནང་མི་འདོད་པས་གྲྭ་བཙུན་གྱི་སློབ་གཉེར་ལ་གནོད་སྲིད་ཀྱང་དེ་ནི་ཤས་ཆུང་བའི་སྐྱོན་གྱི་ཆ་ཞིག་ཏུ་ཟད་དེ། དྷཱིཿཚ་དགོན་པ་གཞུང་གིས་ལས་སྣ་པ་དེ་དག་བསྐོ་བཞག་གནང་བའི་སྐབས་སུ། དུས་རྒྱུན་དཔེ་གཟིགས་མི་གནང་བ་དང་གཞུང་དོན་ལ་སྦྱོང་ཁུལ་བྱེད་ཀྱིན་ཡོད་ན་ཡང་དོན་དུ་ཅུང་ཟད་ཙམ་ལས་རྟོགས་མེད་མཁན་རྣམས་ལས་སྣ་པར་བསྐོ་བཞག་གནང་བ་ལས། ཆོས་གྲྭར་དུས་རྒྱུན་རྩོད་པ་འཕེན་མཁན་གྱི་དཔེ་ཆ་པ་རྣམས་ཀྱི་སློབ་གཉེར་ལ་གནོད་པར་དོགས་ནས་ལས་སྣ་པར་མི་བསྐོ་བ་རེད། སྔོན་ཆད་ཀྱི་དགོན་པའི་ཕྱག་སྲོལ་ལྟར་ན་ཡང་གྲྭ་བཙུན་ལ་ལས་ཚེ་གང་བོར་དགོན་པར་འབད་པས་ཞབས་ཞུ་བསྒྲུབས་ཏེ་དུས་འདའ་བར་བྱེད་པ་ཡིན་པས་དྷཱིཿཚ་དགོན་པའི་དཔལ་འབྱོར་གྱི་འགྱུར་ལྡོག་ལ་དགེ་མཚན་གྱི་ཆ་མང་ཞིང་སྐྱོན་དང་ཞན་ཆ་ཉུང་ཙམ་ལས་མི་འདུག་སྙམ།
        དགོན་པ་གཞུང་གིས་ལས་སྣ་པ་སྐོར་ཞིག་ལ་ཕོགས་ཀྱི་ཚུལ་དུ་ལོ་རེར་སྒོར་སྟོང་གཅིག་ནས་ཁྲི་གཅིག་སྟེར་བ་དང་། དོ་དམ་ཁང་གི་ལས་སྣ་པའི་འགན་ཁུར་ཡུན་ཇེ་ཐུང་དུ་བཏང་ནས་ལོ་ངོ་གསུམ་དུ་བསྒྱུར་པ། གྲྭ་པའི་འཚོ་བའི་ཐད་ནས་སྟབས་ཇེ་བདེ་རུ་གྱུར་པ་སོགས་ལ་དགེ་སྐྱོན་གཉིས་ཀྱི་ཆ་འདུག་སྟེ། ལས་སྣ་པ་རྣམས་ལ་ཕོགས་བྱིན་པས་དགོན་པར་ཞབས་ཞུ་བསྒྲུབ་པ་དང་བྱ་བ་རྣམས་དང་ལེན་བྱས་ཏེ་འབད་པས་བསྒྲུབ་ངེས་ཡིན་ན་ཡང་། ལས་སྣ་པ་སྐོར་ཞིག་ལ་ཕོགས་ཅི་ཡང་སྟེར་བཞིན་མེད་པས་དགོངས་འཆར་རེ་ཡང་ཡོད་སྲིད་པ་དང་། རྗེས་ཕྱོགས་སུ་ལས་སྣ་པ་གཞན་དག་ལའང་ལོ་རེར་ཕོགས་ཀྱི་ཚུལ་དུ་སྒོར་སྟོང་ཚོ་གཉིས་གསུམ་རེ་སྟེར་དགོས་ཚེ་དགོན་པའི་སྤྱི་འཇོག་གི་མ་དངུལ་ལ་གནོད་པར་འགྱུར་བ་དང་། དགོན་པའི་དོ་དམ་ཁང་གི་ལས་སྣ་པའི་འགན་ཁུར་ཡུན་ལོ་ངོ་གསུམ་དུ་བཏང་རྗེས་ལོ་དེ་དག་གི་རིང་ལ་བྱ་བ་བསྒྲུབ་པའི་སེམས་ཤུགས་ཆེན་པོ་ཡོད་སྲིད་པས་རང་ནུས་ཅི་ལྕོགས་ཀྱིས་དགོན་པའི་བྱ་བ་རྣམས་འབད་པས་བསྒྲུབ་ངེས་ཡིན་པས་ལེགས་ཆ་ཞིག་ཡིན་ཀྱང་། གོང་དུ་གླེང་ཟིན་པ་ལྟར་དགོན་པའི་བྱ་བཞག་རླབས་པོ་ཆེ་དང་དོ་གལ་ཆེ་བའི་བྱ་བ་སྐོར་ཞིག་ལོ་ངོ་གསུམ་གྱི་རིང་ལ་འགྲུབ་དཀའ་བས་བྱ་བ་དེ་རིགས་དགོན་པའི་ལས་སྣ་པ་རྣམས་ཀྱིས་བྱ་བའི་འཆར་གཞིའི་གྲས་སུ་མི་འཇོག་པས་སུས་ཀྱང་འགན་དེ་རྣམས་རང་འཐད་ཀྱིས་དང་དུ་བླངས་ནས་སྒྲུབ་མཁན་ཤིན་ཏུ་དཀོན་པས་དགོན་པའི་བྱ་བ་ཆེན་པོ་དག་ལེགས་འགྲུབ་ཡོང་བར་གནོད་པ་ཅུང་ཟད་ཡོད། དེ་ལས་གཞན་ད་དུང་དགོན་སྡེའི་དཔལ་འབྱོར་གོང་འཕེལ་དུ་སོང་བ་དང་གྲྭ་བཙུན་གྱི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་སོང་བ་ལ་བརྟེན་ནས་གྲྭ་བཙུན་རྣམས་ཀྱིས་ཟས་གོས་ངན་ངོན་གྱི་འཚོ་བ་རོལ་མི་དགོས་པར་གྱུར་པས་ཤིན་ཏུ་ལེགས་པའི་ཆ་ཞིག་ཡིན་པ་སྨོས་མ་དགོས། ཡིན་ཀྱང་གྲྭ་བཙུན་གྱི་མཐུན་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་དེས་གྲྭ་བཙུན་རྣམས་ལ་ཤན་ཞུགས་ངན་པ་ཞིག་ཐེབས་ཏེ་སློབ་གཉེར་ལ་འབད་པ་དེ་འདྲ་མི་བྱེད་པར་འཚོ་བའི་མཐུན་རྐྱེན་བཙལ་ཏེ་སྔར་ལས་ཇེ་ལེགས་ནས་ཇེ་རྒྱས་སུ་གཏོང་འདོད་ཀྱི་སེམས་པ་འགོག་ཐབས་མེད་པར་འགྱུར་བས་དེ་ཉིད་གྲྭ་བཙུན་གྱི་སློབ་གཉེར་ལ་ཅུང་ཟད་གནོད་པས་ན་དེ་དག་ལ་དགེ་སྐྱོན་གྱི་ཆ་གཉིས་ཀ་ཤས་ཆེ་ཆུང་མེད་པར་ཆ་མཉམ་པ་རེད།
        གོང་གི་འདི་དག་ལས་ང་ཚོས་ཤེས་ཐུབ་པ་ནི་མདོ་སྨད་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགོན་སྡེའི་འགྱུར་ལྡོག་ལ་དགེ་མཚན་ལས་སྐྱོན་གྱི་ཆ་ཅི་ཡང་མི་འདུག་པ་ནི་གྲྭ་བཙུན་གྱི་ཞལ་ཟས་དང་གྱོན་ཆས་ཐད་ཀྱི་འགྱུར་ལྡོག་དང་དགོན་སྡེའི་སློབ་གསོའི་འགྱུར་ལྡོག་ལྟ་བུ་དང་། དགེ་སྐྱོན་གཉིས་ཀྱི་ཆ་ལྡན་ཡང་དགེ་མཚན་ཤས་ཆེ་བ་དགོན་པའི་དཔལ་འབྱོར་གོང་དུ་འཕེལ་ཏེ་ད་ལྟ་རང་ཁ་རང་གསོའི་ལམ་དུ་ཞུགས་ཟིན་པ་ལྟ་བུ། དགེ་སྐྱོན་གཉིས་ཆ་མཉམ་པ་ནི་གྲྭ་ཤག་གི་འགྱུར་ལྡོག་དང་། ཕོགས་ཀྱི་ཚུལ་དུ་དགོན་པའི་ལས་སྣ་པ་སྐོར་ཞིག་ལ་ལོ་རེར་སྒོར་སྟོང་གཅིག་ནས་ཁྲི་གཅིག་སྟེར་བ་དང་། དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣ་པའི་འགན་ཁུར་བའི་དུས་ཡུན་ལོ་ངོ་གསུམ་དུ་བསྒྱུར་བ་རྣམས་ཡིན་ལ། རྩོམ་འདིའི་ནང་དུ་གླེང་བའི་འགྱུར་ལྡོག་གཙོ་ཆེ་བ་འདི་དག་གི་ནང་དུ་སྐྱོན་ཆ་འབའ་ཞིག་ལས་དགེ་མཚན་ཅི་ཡང་མེད་པའི་དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་གི་སྐོར་མེད་ན་ཡང་། དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་གཞན་དག་གི་ནང་དུ་སྐྱོན་ཆ་ཁོ་ན་ཡོད་པའི་རིགས་ཡོད་སྲིད་དེ། གཉེར་པའི་དགུན་ཆོས་མ་གཏོགས་ཆོས་ཐོག་གཞན་རྣམས་དགོན་པ་གཞུང་གི་མ་དངུལ་ལས་གཏོང་སྐབས། ཆོས་ཐོག་གི་མཇུག་ཏུ་གཉེར་པ་རྣམས་ཀྱིས་ལོ་རེར་གྲྭ་ཚང་ཡོངས་ལ་དམངས་སྒོར་གྱི་འགྱེད་ཕོགས་གནང་བ་དང་། ལོ་རྗེས་མའི་གཉེར་པས་འགྱེད་ཕོགས་དེ་ལས་ཇེ་མང་དུ་བཏང་བ་དང་། དེའི་རྗེས་ཀྱི་གཉེར་པས་ངེས་པར་དམངས་སྒོར་དེ་ལས་མང་བ་ཞིག་ཆོས་ཐོག་གི་མཇུག་ཏུ་གྲྭ་པ་རྣམས་ལ་འགྱེད་ཕོགས་སུ་འབུལ་དགོས་སྙམ་པའི་གནོན་ཤུགས་དང་འགྲན་སེམས་ཡོད་པ་ནི་ཤིན་ཏུ་མི་ལེགས་པའི་འགྱུར་ལྡོག་ཅིག་ཡིན་པས་དེ་ལ་དགེ་མཚན་ཅི་ཡང་མེད་སྙམ། འདི་ལས་ང་ཚོས་ཤེས་ཐུབ་པ་ནི་ཆོས་སྡེ་འདིའི་དགོན་སྡེའི་རིག་གནས་ཀྱི་འགྱུར་ལྡོག་གཙོ་ཆེ་བ་འདི་དག་ལ་བརྟགས་ན་སྐྱོན་གྱི་ཆ་ལས་དགེ་མཚན་མང་པོ་ཡོད་དོ། །
        རྩོམ་འདི་ནི2013ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ “མཚོ་སྔོན་བོད་བརྒྱུད་ནང་བསྟན་གྲྭ་པའི་འཚོ་བའི་འགྱུར་ལྡོག་དང་དགོན་པའི་བདེ་འཇགས་ཀྱི་ཞིབ་འཇུག”ཅེས་པའི་དཔྱད་འབྲས་ཤིག་ཡིན་ཅིང་། ལས་གཞིའི་ཨང་གྲངས་ནི13BSH067ཡིན།
        གསལ་བྱེད།
         ① གཉེར་པ་རྣམས་ལ་ལོ་རེར་སྒོར་མོ་སྟོང་གཅིག་དང་། བཟོ་བ་རྣམས་ལ་སྒོར་སྟོང་གཉིས་དང་ལྔ་བརྒྱ། རླངས་འཁོར་ཆེ་བའི་ཁ་ལོ་བར་སྒོར་ཁྲི་གཅིག་ཕོགས་ཀྱི་ཚུལ་དུ་སྟེར་བཞིན་ཡོད།
        ② བཀྲ་ཤིས་རྒྱ་མཚོ། བཅར་འདྲི། ཟི་ལིང་། 2011ལོའི་སྤྱི་ཟླ8པའི་ཚེས20ཉིན། ཟིན་ཐོར་བཀོད།
        ③ བཀྲ་ཤིས་རྒྱ་མཚོ། བཅར་འདྲི། ཟི་ལིང་། 2011ལོའི་སྤྱི་ཟླ8པའི་ཚེས20ཉིན། ཟིན་ཐོར་བཀོད།
        ④ ལུང་རིགས། བཅར་འདྲི། དྷཱིཿཚ་དགོན་པ། 2012ལོའི་སྤྱི་ཟླ11པའི་ཚེས16ཉིན། སྒྲར་ཕབ་པ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1